Friday 8 March 2013

༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་འདས་རྗེས་ཀྱི་བོད་ཀྱི་གནས་སྟངས།

༡། ཐོག་མའི་བསམ་ཚུལ། སྤྱིར་བཏང་ལོ་རྒྱུས་ལ་བཤད་སྦྱང་དང་ཉམས་ཞིབ་སོགས་བྱེད་དགོས་དོན་ནི་འདས་པའི་གནད་དོན་ལ་བསམ་གཞིགས་བྱས་ཏེ། མ་འོངས་པའི་ཁ་ཕྱོགས་ལ་ལེགས་སྤེལ་ཉེས་འགོག་གང་འདྲ་བྱེད་དགོས་མིན་ཐད་འཆར་འགོད་དང་ཚོད་དཔག་མདུན་མཆོང་དང་གདོང་ལེན་སོགས། འདོར་ན་མི་རིགས་རིག་གཞུང་རྒྱལ་ཁབ་དང་བཅས་པ་ཡང་དག་པའི་བཅོས་བསྒྱུར་དང་ལྷན་དུ་གོམ་གང་མདུན་བསྐྱོད་བྱ་ཆེད་དུ་ཡིན་པ་རེད། 

དེ་ལྟའི་བཤད་སྦྱང་བྱེད་སའི་ལོ་རྒྱུས་སམ་བྱུང་རབས་དེ་ཡང་དངོས་ཡོད་དང་བདེན་པའི་ལམ་ནས་གནད་ལ་འཁེལ་བ་ཞིག་མ་བྱུང་ཕྱིན་མི་རིགས་དེའི་ལོ་རྒྱུས་ནི་བཅོས་མའམ་བྱུང་རྒྱལ་ལས་ལོ་རྒྱུས་ཀྱི་དགེ་འཐོན་པ་ཟེར་བ་དེ་ཡོང་ཐབས་རྩ་བ་ནས་མེད། རང་རེའི་བོད་ཀྱི་བྱུང་འདས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟ་སྐབས་བཙན་པོའི་དུས་རབས་སུ་རིག་གཞུང་ནང་འདྲེན་ས་མཚམས་རྒྱ་བསྐྱེད། ཆོས་སྲིད་དར་རྒྱས་སོགས་གང་ཅིའི་ཐད་ཉམས་མི་དམན་པ་ཞིག་བྱུང་ཡོད་པ་ནི་ཕལ་ཆེར་ལོ་ངོ་ཆིག་སྟོང་ལྷག་གི་ཡར་སྔོན་ན་ཡིན་པ་རེད། བཙན་པོའི་དུས་རབས་མཇུག་རྫོགས་པ་ནས་བཟུང་ང་དགུ་ལོའི་བར་གྱི་ལོ་རྒྱུས་ནི་ཕལ་ཆེར་བ་སྐྱོ་གར་གྱི་རྣམ་པ་དང་། ལྷག་པར་ཉེ་རབས་ཀྱི་ལོ་རྒྱུས་ལ་བསམས་ན་རྒྱལ་ཞེན་ལྷག་བསམ་ཅན་དང་སྐྱེ་བོ་རྣམ་དཔྱོད་ཅན་དག་ལ་མིག་ཆུ་ཤོར་བའི་གནས་སྟངས་ལས་དགའ་དད་སྤྲོ་གསུམ་འཕེལ་བའི་བྱུང་ རབས་ཤིག་མེད་ཅེས་བཤད་ན་ཐལ་ཆེ་མི་དྲག་པ་ལྟ་བུར་ཆགས་ཡོད། དེ་ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་[1]མཆོག་གིས།བོད་ཀྱི་འདས་པའི་བྱུང་རབས་ལ་ཕྱིར་བལྟས་སློག་པའི་སྐབས་ལ་མཚམས་རེ་མིག་ཆུ་ཤོར་བའི་གནས་སྟངས་ཡོད་རེད།ཅེས་ གསུངས་པ་ལྟར་ཡིན་རུང་བོད་ཀྱི་ལོ་རྒྱུས་བཀླགས་ཏེ་བོད་མི་མིག་མཆུ་ཤོར་མཁན་ ཞིག་ཡོད་མེད་ཐེ་ཚོམ་གྱི་གནས་ལས་ཁ་མཚོན་བཅད་ནས་བཤད་རྒྱུ་ཁག་པོ་རེད་སྙམ། མ་ཟད་དེང་སང་སྐྱེ་བོ་ཁག་གཅིག་གིས། འདས་ཟིན་གྱི་བྱ་བ་ལ་དགའ་སྐྱོ་ཆགས་སྡང་ཅན་གྱི་ཚོར་བའི་གླེང་བརྗོད་བྱེད་རིན་ མེད་ཅིང་། དེ་ནི་འདས་ཟིན་པའི་བྱ་བ་ཞིག་སྟེ་མདང་དགོང་ཉལ་བའི་རྨི་ལམ་དང་འདྲ་བ་ཕན་གནོད་ གང་ཡང་མེད་ཅེས་ཀྱང་ཟེར་སྲིད་མོད། འོན་ཀྱང་ལོ་རྒྱུ་ནི་ལེགས་ཉེས་གང་ཞིག་ཡིན་རུང་ཐད་ཀར་དྲང་པོར་བརྗོད་པ་གལ་ཆེ་ བ་མ་ཟད་དགེ་མཚན་ལ་བསྔགས་བརྗོད་དང་ཉེས་སྐྱོན་ལ་ཐེར་འདོན་སོགས་ཡོ་བསྲང་གང་ ཐུབ་བགྱིས་ན། དེ་ནི་མི་རིགས་དེའི་མ་འོངས་ཁ་ཕྱོགས་བསྒྱུར་སའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཏུ་ འགྱུར་རྒྱུའི་རེ་བ་ཡོད་པར་བརྟེན་ཆབ་སྲིད་དང་ཆོས་ལུགས་ཡན་གར་བའི་ཁེ་ཕན་ཙམ་ དུ་མ་བཟུང་བར་ལོ་རྒྱུས་ཞེས་པ་དེ་ནི་དགེ་སྐྱོན་གཉིས་ཐད་ནས་གླེང་དགོས་པ་ཧ་ཅང་ གི་གལ་ཆེ་བ་ཞིག་ཏུ་མཐོང་།
༢། ༸རྒྱལ་དབང་བཅུ་གསུམ་པའི་ངོ་སྤྲོད་འདོར་བསྡུས།
༸ རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནི་དྭགས་སྨན་སྣང་རྫོང་འོག་གླང་མདུན་ཞེས་ གཞུང་རྒྱུགས་འཁོས་ཀ་འབྲིང་ཙམ་ཡིན་པ། ཡབ་ཀུན་དགའ་རིན་ཆེན་དང་། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༨༧༦ལོའི་ཟླ་༥པའི་ཚེས་༢༧ཉིན་ སྐུ་འཁྲུངས། ཁོང་ནི་ལྷ་དང་བླ་མའི་བརྟག་ལུང་། ལྷ་མོའི་བླ་མཚོ་ནས་འཁྲུངས་ཡུལ་གྱི་ཡུལ་ལྗོངས་ཀྱི་དབྱེབས་དང་། འཁྲུངས་ཁང་སོགས་དང་གསལ་བར་བསྟན་པ་དང་། གནས་དགའ་སོགས་ཀྱི་ལུང་དོན་བཅས་ཤིན་ཏུ་མཐུན་པར་གྲགས་པ་མ་ཟད། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་རྒྱུད་སྟོད་མཁན་ཟུར་དང་། སྐུ་བཅར་ཞབས་འབྲིང་བཅས་ནས་སྐུ་གོང་མའི་ཡོ་ཆས་ངོས་འཛིན་གནང་བཅུག་པར་འཁྲུལ་ མེད་ངོས་འཛིན་མཛད་པ་བཅས་ལས་གསེར་བུམ་དཀྲུགས་འདོན་སོགས་མ་དགོས་པར་ ༸རྒྱལ་དབང་བཅུ་གཉིས་པའི་ཡང་སྲིད་དུ་ངོས་འཛིན་རྩེ་མཐུན་བྱུང་བ་ཞིག་རེད། ལུགས་གཉིས་ཀྱི་མཛད་རྗེས་ལོ་ངོ་སུམ་ཅུ་སོ་བདུན་རིང་བཞེས་ཏེ་བསམ་གྱིས་མ་ཁྱབ་ པའི་མཛད་པ་དང་འཕྲིན་ལས་དག་ཞིབ་པར་བརྗོད་པ་རང་གི་བློ་ཡི་ཡོ་གོར་འཆུད་པར་དཀའ་ ནའང། འདོར་བསྡུས་མཐུན་མོང་ཙམ་དུ་བརྗོད་ན་དགུང་ན་ཆུང་དུས་ནས་རབ་བྱུང་གི་སྡོམ་ བཞེས་དང་མདོ་སྔགས་ཀྱི་གསན་བསམ་རིམ་པའི་མཐར་ཕྱིན་ཐོག་ལྷ་རམ་དམ་བཅས་མཚན་བཞེས་ དང་། གསང་སྔགས་གསར་རྙིང་ཁག་གི་དབང་ཁྲིད་རྗེས་གནང་དང་བཅས་པ་གསན་ཏེ་ལས་རུང་ལྗགས་ བསྙེན་གྱི་རིམ་པ་མཐར་ཕྱིན་དང་བཅས། གཞན་ལའང་བཤད་འཁྲིད་སོགས་དང་རང་བྱུང་གི་བསླབ་སྡོམ་སྩལ་བས་དགེ་འདུན་ཁྲི་ཕྲག་ བརྒལ་བ་དང་། གདན་ས་གསུམ་དུ་དགེ་བཤེས་ལྷ་རམ་གྱི་མཚན་གནས་བཞེས་ཕྱོགས་གཏན་འབེབས། རུ་གནོན་གྱི་གཙུག་ལག་ཁང་གཙོས་པའི་རྟེན་དང་བརྟེན་པ་བཅས་པར་ཆོས་རྒྱུན་ཉམས་ གསོ། བཀའ་འགྱུར་གཙོས་རིས་མེད་དཔེ་རྒྱུན་དཀོན་རིགས་ཤིང་པར་གསར་བསྐྲུན་གནང་བ་དང་། ([2]ཧོང་ མོ་སུང་བོད་བསྐྱོད་ཀྱི་གནས་ཚུལ་དངོས་བཀོད་པ་ལས།ཁོང་གིས་ཕྱི་རྒྱལ་དང་འབྲེལ་བ་བྱེད་པའི་ནུས་པར་ཤུགས་སྣོན་རྒྱག་ཆེད་ཟི་ཁྲོན་ དང་། ཡུན་ནན། མཚོ་སྔོན། ཤིས་ཁམས་སོགས་ཞིང་ཆེན་ཁག་དང་བོད་ས་གནས་བར་གྱི་འགྲིམ་འགྲུལ་འགག་རྩར་བཀག་ འདོམས་ནན་པོ་བྱས་པ་དང་། བོད་རིགས་ཀྱི་ཉེར་མཁོའི་ཚོང་ཟོག་ཇ་དང་། ཁ་བཏགས། དར་གོས་སོགས་ཁམས་པའི་ཚོང་པ་བརྒྱུད་བོད་ཕྱོགས་སུ་དབོར་འདྲེན་བྱས་པ་ཕུད། དེ་མིན་ཕན་ཚུན་འབྲེལ་གཏུགས་བྱ་རྒྱུར་རྦད་དེ་བཀག་འདོམས་བྱས་པ་རེད།ཅེས་དང་།དབྱིན་ཇིའི་སྟོབས་ཤུགས་དང་བོད་ས་གནས་ཀྱི་དབྱིན་ཇིར་རྒྱབ་རྟེན་བཅོལ་མཁན་ སྟོབས་ཤུགས་གཉིས་ཀྱིས་ཁ་བྲལ་གྱིས་བཀག་འདོམས་བྱས་ནས་ལོ་ཉི་ཤུ་ཙམ་སོང་བ་རེད། དེའི་ཐད་ཏཱ་ལའི་བླ་མ་མཆོག་ནི་ཧ་ཅང་གི་མཁས་འཛངས་ཅན་ཞིག་རེད་ཅེས་འཁོད་འདུག །གཞན་ཡང་བོད་རྒྱའི་ཆོས་ཡོན་གྱི་འབྲེལ་བ་ཁ་གཡར་ཏེ་མ་བདག་བདག་བཟུང་བྱས་པའི་ མན་ཇུ་དཔོན་རིགས་བོད་ནས་མཐར་སྤྲོད་དང་། བོད་རྒྱ་གཉིས་གཅིག་འོག་གཅིག་མེད་པའི་སྔ་ཕྱིར་གསལ་བཤད་དང་སྦྲགས་རང་སྲུང་ཐུབ་ པའི་དྲག་པོའི་དཔུང་གི་སྒྲིག་འཛུག།།ཁྱིམ་མཚེས་རྒྱལ་ཁབ་ཁག་གཙོས་འཛམ་གླིང་ཡུལ་ གྲུ་གང་སར་ཕྱག་བྲིས། ཕྱག་བརྟག །ཆོ་ལོ་སོགས་སྩལ་ཞིང་། རང་ཁོང་སྡེ་དཔོན་རྣམས་ཀྱང་མཐོ་བ་མཉའ་ནས་མནན་ཞིང་དམའ་བ་བྱམས་བརྩེས་སྐྱོང་ བའི་ལུགས་བཟང་སྟེ་སྤྱིའི་བྱས་དོན་ཅན་ལ་བྱ་དགའ་བདག་རྐྱེན། ཚུར་མིན་རིགས་ལ་ཚར་གཅོད། དཔལ་འབྱོར་རྒྱས་ཐབས། ས་གནས་ཁག་གིས་གནས་ཚུལ་རྣམས་དངོས་ཤུགས་རྒྱུད་གསུམ་ནས་འཕྲལ་དགོངས་མངའ་ཐབས། ཕྲལ་བརྡལ་སྤྲོད་ལེན་དྲངས་སྙོམས་དང་རང་སའི་ཐོན་ཁུངས་རྣམས་ཕྱིར་འཚོང་། སྨིན་རྩིས་སློབ་གྲྭ་གསར་འཛུགས། སྦྲག་ཏར། ཆུ་གློག །རི་རྒྱ་ཀླུང་བདམས། གསེར་དངུལ་ཟངས་ལྕགས། ཤིང་བཟོ་དཀྲུག་བརྐོས། འཁེལ་འཐག་ལག་རྩལ་ཐོན་ཁུངས་སོགས་ལེགས་ཞན་འགྲན་བསྡུར་གནང་བ་དང་། ཐ་ན་ཚལ་དང་ཤིང་སྣ་འདེབས་འཛུགས་ལའང་ཐུགས་སྣང་ཆེ་བ་མ་ཟད། རྒྱན་འཛུགས་དང་། ཉལ་ཐའི་རིགས་འཐེན་འཐུང་མ་ཆོག་པ། ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་འདྲ་བར་སྤྱི་འཐུས་འདེམས་བསྐོ། སྐད་ཡིག་སློབ་གྲྭ། ས་གཏེར་འདོན་ལས། འཁོར་ལོའི་རྒྱུ་འགྲུལ་སོགས་ཕྱོགས་གང་ས་ནས་བོད་འདི་ཡར་རྒྱས་དང་སྔོན་ཐོན་ལམ་ དུ་འཁྲིད་འཆར་ཡོད་པ་ཀུན་གྱི་དགོངས་མངའ་བཞིན་ཡོད་རུང་། དེ་དག་ཚུལ་བཞིན་ལག་བསྟར་བྱེད་པར་སྐུ་ངལ་གང་མང་འཕྲད་དེ་དགོངས་བཞེད་ཇི་བཞིན་ མ་བྱུང་བར། མཛད་པའི་ཐ་མར་བསྟན་ལ་ཉེ་སྐབས་ཞལ་སློབ་[3]ཏུའང་།ད་ལྟ་བདེ་སྐྱེད་ཆེས་དར་མི་སྨོན་རང་སྐྱིད་རང་ལག་ཏུ་ཡོད་པའི་སྐབས་འདིར། སླད་ཞི་དྲག་གང་ལའང་ཐབས་ཤེས་ལུ་གུ་བརྒྱུད་གང་ཐད་ནས་མ་ལན་མ་འགྱོད་པར་ལག་ཏུ་ བསྟར་ཐུབ་པའི་ཆབ་སྲིད་བདེ་ཐབས་ནི་ཞབས་འབྲིང་སེེར་སྐྱ་རྣམས་ཀྱི་སྲིད་ཞུ་ལ་ རག་ལས་ཤིང་། བོད་ལྗོངས་སྤྱིའི་བདེ་ཐབས་ལ་སེར་སྐྱ་མཆོག་དམན་དང་། ཆབ་འབངས་མི་ཀུན་ནས་བསམ་གཞིགས་མ་འཛོལ་བའི་ཐོག་འཕྱར་བ་གྲུ་འདེགས་དགོས་པ་ངེས་ པར་འཁུར་དུ་བབས་པ་ཡིན།ཞེས་དང་།ད་ལྟ་རང་དབང་ལག་ཏུ་ཡོད་དུས་མཛུགས་མོ་ནང་དུ་བཀུག་ནས་བསམ་བློ་ཞིབ་ཏུ་གཏོང་ ནུས་ན། ཆབ་སྲིད་སྔར་སྲོལ་ཚུད་པ་འདི་ལས་ལྷག་པ་མེད་པས་ཆབ་སྲིད་ཕྲ་ཚུགས་དང་། ཚུགས་མིན་གཞུང་ཞབས་སྲིད་ཞུ་བ་ཐ་དག་ནས་ཞུ་བྱ་འཐུས་སྒོ་ཚང་མིན་རག་ལས།ཞེས་མ་འོངས་མངོན་གཟིགས་སྲིད་པ་ལག་མཐིལ་ལྟར་གསུངས་ཡོད་རུང་། སྐབས་བསྟུན་གྱི་ཡར་རྒྱས་མ་བྱུང་བར་བརྟེན་ཐེ་གུ་སྣེ་ཤོར་བྱུང་བ་ནི་བློ་ཕམ་ གྱི་རང་བཞིན་ཁོ་ན་ལས་མ་འདས་ཤིང་། མདོར་ན་ྋམགོན་པོ་གང་གིས་བོད་བསྟན་སྲིད་ཀྱི་དོན་དུ་གནའ་རབས་ བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་དར་རྒྱས་དང་དེང་རབས་ཀྱི་ཡར་རྒྱས་ འཛུགས་སྐྲུན་རྒྱ་གང་ཆེ་གསར་གཏོད་མཛད་དེ། བོད་ལྗོངས་ཡོངས་ལ་ཆབ་སྲིད་ཀྱི་ཐོག་ནས་བོད་རང་དབང་རང་བཙན་གནས་ཐུབ་པ་དང་སྤྱི་ཚོགས་ཁྲོད་བོད་མི་རྣམས་ཆོས་འབྱོར་བདེ་དགེས་ཡོངས་སུ་འཚོ་ཐུབ་པ་བྱུང་ཡོད།
༣། ༸གོང་ས་བཅུ་གསུམ་པ་མྱ་ངན་ལས་འདས་རྗེས་ཀྱི་མཐོ་རིམ་མི་སྣ་དག་གི་ངོ་གདོང་།
        དེ་ལྟར་ཉེ་རབས་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ལུགས་གཉིས་ཀྱི་བཀའ་དྲིན་བསམ་ བརྗོད་ལས་འདས་ཤིང་དུས་རབས་ཀྱི་ཀྱོག་མཚམས་ན་ཆེས་འབུར་དུ་ཐོན་པའི་མི་སྣ་༸གོང་ ས་བཅུ་གསུམ་པ་ཆེན་པོ་མཆོག་ནི་ཆུ་བྱ་༡༩༣༣ལོའི་བོད་ཟླ་༡༠ཚེས་༣༠ཉིན་དགོང་མོ་ ལྷ་སའི་ཆུ་ཚོད་༡༠ཡས་མས་ཙམ་ལ་མཛད་པ་མཐའ་མའི་ཚུལ་བསྟན་པ་རེད། སྐབས་དེར་བཀའ་ཤག །གཞུང་ཞབས་སེར་སྐྱ། གདན་ས་གསུམ་གྱི་ལས་སྣེ་བཅས་སྤྱན་གསལ་ཕོ་བྲང་དུ་འཛོམས་ཏེ་གྲོང་དང་། གྲོང་ཁྱེར་ཁག་ཏུ་བོད་ལུགས་མྱ་ངན་གྱི་གྱོན་ཆས་གོན་པ་དང་། ཁང་ཐོག་གི་གདུགས་དང་། རྒྱལ་མཚན། ཁྱིམ་པའི་དར་ལྕོག་སོགས་ཕབ་དགོས་ཀྱི་བཀའ་བརྒྱ་ཡང་བཏང་། སེར་[4]སྐྱ་ ཚང་མས་རྒྱལ་དབང་མཆོག་གི་བསྙུན་འདས་ལ་ཕན་པའི་ཞབས་རིམ་སྣེ་གཅིག་མ་འགྲུབ་པར་ ཁྱི་ཤི་བ་ལྟར་ཐབས་སྡུག་པ་ལ། ཟ་འདྲེ་མཛོད་གོས་སེར་པོ་ཅན་དག་གི་ནི་རང་དོན་མ་གཏོགས་གང་ཡང་བྱས་མེད་ཅེས་ སྐད་ཤུགས་ཆེན་པོའི་ངུས་ཏེ་འཛེམས་མེད་སྐྱོན་བརྗོད་བྱེད་མཁས་ཀྱང་མང་པོ་བྱུང་ ཡོད་པ་རེད། སྐུ་གདུང་རིན་པོ་ཆེ་གཟིམས་ཆུང་འཆི་མེད་མཆོག་འཁྱིལ་ནས་སྤྱན་གསལ་ཕོ་བྲང་དུ་ གདན་ཞུས་ཀྱིས་གདུང་མཇལ་དང་དགོངས་རྫོགས་མཆོད་སྤྲིན་འབུལ་རྒྱུའི་འགོ་ཚུགས། རྒྱལ་དབང་མཆོག་དགོངས་པ་རྫོགས་སྐོར་ནན་ཅིང་དོན་གཅོད་དཀོན་མཆོག་འབྱུང་གནས་ དང་། རྩེ་དྲུང་ཆོས་འཕེལ་ཐུབ་བསྟན་གཉིས་ལ་རླུང་འཕྲིན་བརྒྱུད་གོ་མིན་ཏང་སྲིད་གཞུང་ ལ་སྙན་ཞུས་ཀྱིས་ནན་ཅིན་དུ་མྱ་ངན་ཚོགས་འདུ་དང་སྐུ་ཚབ་བོད་གཏོང་བྱ་རྒྱུའི་ རླུང་འཕྲིན་བཏང་འབྱོར་ཡང་བྱུང་འདུག །འདིའི་ཐད་ཧོང་མུའོ་སུང་བོད་བསྐྱོད་ཀྱི་གནས་ཚུལ་དངོས་[5]ལས།ནན་ཅིན་དུ་ལས་རིགས་ཁག་སོ་སོས་ཏཱ་ལའི་བླ་མའི་དགོངས་རྫོགས་མྱ་ངན་ཞུ་བའི་ ཚོགས་འདུ་འཚོགས་པ་དང་སྦྲགས་བོད་དུ་སྐུ་ཚབ་གཏང་སྟེ་ཏཱ་ལའི་བླ་མར་གོང་གསལ་ མཚན་གནས་(རྒྱལ་སྐྱོན་ཀུན་བྱམས་བྱང་ཆུབ་སློབ་དཔོན་ཆེན་པོ་)ཞེས་པའི་ཆོ་ལོ་ འབུལ་རྒྱུའི་མཛད་སྒོ་དང་དགོངས་རྫོགས་མཆོད་སྤྲིན་བསྟར་འབུལ་ཞུ་རྒྱུའི་རེ་བ་ བཏོན་པ་རེད། གནད་དོན་དེ་ནི་ཏཱ་བླའི་བླ་མར་དད་པར་དང་གུས་ཞབས་བྱེད་པ་ཞིག་ཡིན་པས་བོད་ས་ གནས་སྲིད་གཞུང་གིས་ཀྱང་དེར་ཁས་མི་ལེན་ཐབས་མེད་བྱུང་བ་རེད།ཅེས་བྲིས་འདུག་པ་དང་། དེ་ནི་དོན་དངོས་སུ་བོད་ཀྱི་གནས་ཚུལ་ལ་རྟོགས་ཞིབ་དང་ཕན་ཚུན་བསམ་འཆར་བརྗེ་ རེས་བྱ་ཆེད་བཅས་ཡིན་པ་རེད།
       བཅུ་གསུམ་པ་ཆེན་པོ་མྱ་ངན་ལས་འདས་རྗེས་བོད་གཞུང་ཞབས་སེར་སྐྱ་དབང་འཛིན་པ་དག་ གི་ནང་དུ་རྩོད་གླེང་ཛ་དྲག་གི་གནས་ཚུལ་མ་དག་ཅིག་བྱུང་བ་རེད། དེ་ཡང་སྐུ་གདུང་རིན་པོ་ཆེ་མཇལ་ཞུ་གྲུབ་འཕྲལ་ཉིད་དུ་སྤྱན་གླིང་ལས་ཤག་གི་ཁང་ ཆེན་ནང་ཚོགས་འདུ་འཚོགས་ཏེ་མཁན་དྲུང་ཏཱ་བླ་མ་བློ་གྲོས་རྒྱ་མཚོ་དང་། མཁྱེན་རབ་དབང་ཕྱུག་སོགས་ཀྱི་ཤོག་ཁག་ནས་སྲིད་བློན་གླང་འདུན་གྱི་བཀའ་ཡི་ཕེབས་ སྒོ་བཞིན་དགོངས་རྫོགས་སྒྲུབ་རྒྱུ་དང་། ཡང་སྲིད་བརྩད་གཅོད་བློས་འཁྱུད་དཀའ་བ་དང་སྐྱབས་མགོན་མཆོག་བསྙུན་བཞེས་སྐབས་ སྲིད་བློན་དང་བཀའ་ཤག་ནས་མ་ཤེས་པའི་ཞབས་བརྟན་སྒྲུབ་རྒྱུ་མ་བྱུང་ལུགས། བཀའ་ཤག་ནས་དགའ་ལྡན་ཁྲི་ཟུར་བྱམས་པ་ཆོས་གྲགས་གདན་ཞུས་ཀྱིས་སྐུ་མདུན་གསོལ་ འདེབས་ཞུ་བཅར་སྐབས་མདུན་མཇལ་མ་ཐུབ་ལུགས། གོང་མིན་ཏང་སྲིད་གཞུང་ལའང་དགོངས་རྫོགས་ཏར་འཕྲིན་བཏང་ལུགས་སོགས་བཤད་ཡོད་པ་ དང་། གདན་སའི་མཁན་པོ་ལས་སྣེ་རྣམས་ནས་རྒྱལ་ཚབ་བླ་སྤྲུལ་ཞིག་དགོས་འདུན་བཏོན། བཀའ་ཤོད་པ་ཆོས་རྒྱལ་ཉི་མས་༸གོང་ས་མཆོག་གི་ཐུགས་ཀྱི་གཏད་ས་ཐུབ་བསྟན་ཀུན་ འཕེལ་ཡོད་པར་བརྟེན་དེ་རང་རྒྱལ་ཚབ་ཏུ་འོས་ཚུལ་བཤད། ལྕང་ཅན་བསོད་ནམས་རྒྱལ་པོ་སོགས་ནས་[6]ཀྱང་།སྲིད་བློན་ཕྱག་རོགས་ཨེན་ཆུང་སྣ་འཚེར་གཅིག་ཁྲིའི་སྟེང་དུ་བཞག། །དེའི་གཤམ་དུ་ཕྱག་མཛོད་ཛ་སག་སྣ་ཐ་འབོ་གང་ཙམ་འཐེན་མཁན་ཆབ་སྲིད་ཀྱི་ཉམས་མྱོང་ རྩ་བ་ནས་མེད་མཁན་ཞིག་ལ་བསྐོས་ན་མ་འགྲིགས་ཤིང། དེ་ལས་ད་ལྟ་དགོངས་འཆར་གསུང་མཁན་བྱུང་བ་ལྟར་ཐུགས་གཏད་དེ་རང་འོས་ངེས།ཞེས་དང་། རྩེའི་སྐོར་དང་སེ་འབྲས་དགེ་གསུམ་ཕྱོགས་ནས་རྒྱལ་ཚབ་བླ་སྤྲུལ་ཞིག་དགོས་ལུགས་ སོགས་ཚོགས་འདུ་དེར་ཕྱོགས་ཞེན་ཅན་གྱིས་སྲིད་དབང་སུ་འཛིན་འཐད་འཁྲུག་རྩོད་ཛ་ དྲག་རྣོ་ངར་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད། རྩེ་དྲུང་ཚང་མ་ལས་ཤག་ཡང་སྟེང་དུ་ཟུར་ཚོགས་ཀྱིས་རང་ཕྱོགས་ཀྱིས་བསམ་ཚུལ་བཤད་ སྐབས་སུ་ཤོད་དྲུང་དཀྱུས་མ་བཅུ་གཅིག་ཙམ་དེར་ཡོང་ནས་ང་ཚོ་ཡང་རྩེར་སྐོར་གྱི་ གྲོས་མཐུན་ལ་འདོད་མོས་ཡོད་ལུགས་བཤད་དེ་རྩེ་སྐོར་ནང་མ་མཁན་སྡེ་ཆེ་ཆུང་དང་། ལས་དཀྱུས། ཤོད་སྐོར་མི་བཅུ་གཅིག་སོགས་ཀྱིས་མིང་བརྟག་བཀོད་དེ་ཚོགས་འདུའི་གཙོ་སྐྱོང་ དྲུང་རྩིས་ལ་ཕུལ་བ་དང་གདན་ས་གསུམ་གྱི་མཐུན་མི་ལས་སྣེ་མཁན་པོ་བཅས་ནས་ཀྱང་ རྒྱལ་ཚབ་བླ་མ་དགོས་ལུགས་བཤད་པ་རེད། དེའི་དུས་སུ་ཤོད་སྐོར་ཁག་གསུམ་ལ་གྱེས་ཡོད་པ་སྟེ་ཐུབ་བསྟན་ཀུན་འཕེལ་ཕྱོགས་ གཏོགས་ཁ་གཅིག་དང་། རྩེ་དྲུང་ཕྱོགས་གཏོགས་ཁ་གཅིག་མང་ཆེ་བ་བར་གནས་སུ་བསྡད་ཡོད་ཚོད། སྤྱིར་བཏང་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་དང་། སྲིད་བློན་གླང་འདུས་གཉིས་ལ་རྩེ་ཤོད་ཀྱི་ལས་སྣེ་དང་མི་མང་ནས་ལྟ་སྟངས་དེ་ཙམ་ གྱི་ཡག་པོ་མེད་པ་རེད། དེའི་སྐོར་གནས་ཚུལ་མཐོང་ཐོས་དངོས་བྱུང་[7]ལས།བོད་ཟླ་༡༡ཚེས་༤ཉིན་སྐུ་གདུང་རིན་པོ་ཆེ་གཟིམ་ཆུང་འཆི་མེད་མཆོག་འཁྱིལ་ནས་ སྤྱན་གསལ་ཕོ་བྲང་བདེ་སྐྱེད་ངོ་མཚར་དཔལ་འཁྱིལ་ཚོམས་ཆེན་དུ་གདན་ཞུ་བྱ་རྒྱུར་ སྐུ་དྲག་རྣམས་ཕེབས་ལམ་གཡོན་སུ་བསྟར་བསྒྲིགས་ནས་སྡོད་སྐབས་སྐུ་གདུང་སྐུ་ མདུན་དང་གཡས་གཡོན་གཉིས་ཤེལ་སྒྲོམ་དང་། སྐུ་རྒྱབ་པང་བཀག་སྒྲོན་པའི་ཕེབས་བྱམས་གཟུགས་གཟིམ་སྒོ་ནས་གདན་ཞུའི་སྐབས་སྐུ་ བཅར་ཐུབ་བསྟན་ཀུན་འཕེལ་དང་། སྲིད་བློན་གླང་མདུན་གཉིས་ནས་འོག་འཇུག་གི་ཕུ་དུང་ཡར་བརྫེས་ཏེ་སྐད་ཤུགས་ཆེན་ པོས་སྐུ་མདུན་ནས་བསྟེགས། སྐུ་རྒྱབ་ནས་བསྟེགས།ཞེས་ཤོད་པར་རྩེ་དྲུང་ལས་དཀྱུས་འགའ་ཤས་ཀྱིས་ཁོ་པ་གཉིས་ ལ་སྡུག་བསྔལ་གྱི་རྣམ་པ་ཙམ་མེད་པར་ངན་བྱས་ངོ་འཁྱེར་བྱེད་བབས་ལ་ཞེ་འཁོན་དྲག་ པས་འགྲམ་ལྕགས་རེ་བཞུས་ན་ཟེར་ཤོད་མཁན་བྱུང་སོང།ཞེས་གསལ་བ་དང་། སྐབས་དེ་ཙམ་ན་ཐུབ་བསྟན་ཀུན་འཕེལ་ནས་གཟིམ་ཆུང་ཁག་གི་ལྡེ་མིག་རྣམས་བཀའ་ཤག་ལ་ ཕུལ་ཡོད་ནའང་སྔར་མུན་ལྟར་དབང་ཤེད་བྱེད་ཀྱིན་ཡོད་པར་ཚོགས་འདུའི་མི་མང་ཆེ་དེ་ བས་མི་དགའ་བའི་རྣམ་འགྱུར་བསྟན་གྱི་ཡོད་པ་རེད། མ་ཟད་༡༩༣༡ལོར་ཐུབ་བསྟན་ཀུན་འཕེལ་ནས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དུ་གཏོང་ ཆེད་བཙུགས་པར་གྲགས་པའི་ཁ་དང་གྲོང་དྲག་དམག་སྒར་ཟེར་བ་སྐུ་དྲག་གི་སྲས་གཞུང་ ཞབས་མ་ཞུས་པའི་རིགས་དང་། ཚོང་པ་ཆེ་ཁག་སོགས་འབྱོར་ལྡན་གྱི་བུ་ཕྲུག་གཙོས་བྱས་པའི་དམག་མི་ཆིག་སྟོང་ཐམ་ པ་བསྡུ་བསྐོང་གི་བྲག་གཞིིའི་དམག་སྒར་དུ་དམག་སྦྱོང་བསླབ་སྟེ་བློས་འགེལ་མཐོང་ ཆེན་བྱེད་ཡུལ་གྱི་དམག་མི་སྐྱིད་པོ་བརྒྱགས་པ་དེ་དག་ཀྱང་། སྐབས་དེ་ཙམ་ན་ནོར་གླིང་བཀའ་ཤག་ཏུ་ཡོང་སྟེ་ང་ཚོར་དམག་མིར་བཙན་བཅུག་བྱས་ཚུལ་ དང་ད་ཆ་དགོངས་འཁྲོལ་ཡོང་བ་ཞེས་ཞུས་པ་བཞིན་བཀའ་ཤག་ནས་དེ་བཞིན་ཕྱིར་བསློག་ བྱས་པས་ཐུབ་བསྟན་ཀུན་འཕེལ་ཕྱོགས་ཀྱི་དྲག་ཤུགས་རྩ་གཏོང་དུ་ཕྱིན་པ་དང་། དེ་བསྟུན་གྱི་ཐུབ་བསྟན་ཀུན་འཕེལ་ཚོགས་འདུ་རྒྱས་འཛོམས་སར་བསྐོང་འགུག་བྱས་ཏེ་ ༸གོང་ས་མཆོག་བསྙུན་བཞེས་སྐབས་བཀའ་ཤག་ཏུ་སྙན་སིང་མ་ཞུས་པ་དང་། རྩེ་ཕྱག་ཐུབ་བསྟན་ཤཀྱཱས་བཀའ་ཤག་ཏུ་སྙན་ཞུས་ཀྱིས་དགའ་ལྡན་ཁྲི་ཟུར་བྱམས་པ་ ཆོས་གྲགས་གདན་འདྲེན་དང་སྦྲགས་སྐུ་མདུན་དུ་བཅར་རྩིས་བྱས་པར་བཀག་འགོག་བྱས་ རྐྱེན་སྐུ་ཚེ་བརྟན་པའི་ཞབས་རིམ་སྣེ་གཅིག་བསྒྲུབས་རྒྱུ་མ་བྱུང་བ་སོགས་ཀྱི་ ཉེས་འཛོལ་གང་མང་བསགས་པ་དེ་དག་ངོས་ལེན་གཙང་མ་དགོས་ལུགས་དྲུང་རྩིས་ནས་བཤད་པར་ ཐུབ་བསྟན་ཀུན་འཕེལ་ནས་ཞྭ་ཕུད་གུས་བཀུར་ཙམ་ཡང་མ་བྱས་ཁར། ༸གོང་ས་མཆོག་གིས་བཀའ་ཤག་ཕེབས་པར་གཟིགས་འཕྲལ་གཟིམ་ཁྲི་ནང་ནས་མཛོད་གོས་སེར་ པོ་གྱོན་མཁན་དེ་ཚོ་ཡར་མ་བཏང་ཕྱིར་སློག་དགོས་པའི་བཀའ་ཕེབས་ཚུལ་དང་། ཞབས་བརྟན་གོང་ནས་བསྒྲུབ་རྒྱུ་ཡོད་ན་དེ་དག་བསྒྲུབ་གནང་ཨེ་ཡོད་སོགས་ནམ་རྒྱུན་ ལྟར་གྱི་ཁ་གྱོང་དབང་ཤུགས་ཆེན་པོའི་ཐོག་བཤད་པ་དང་། ཞབས་བརྟན་འཕར་སྒྲུབ་ཡིག་ཚང་གི་གཉེར་པ་རྩེ་དྲུང་ཐུབ་བསྟན་དབང་ཕྱུག་ནས་ཡར་ ལངས་ཏེ་དེ་སྔོན་ཞབས་བརྟན་སྒྲུབ་གཞུང་ནང་གསལ་འདི་དང་འདི་བསྒྲུབས་ཡོད་ཅེས་ ཐུབ་བསྟན་ཀུན་འཕེལ་གྱི་ཁའི་མདུན་ལག་བཤད་ཀྱིས་རྒྱུ་མཚན་བགྲངས་པ་མ་ཚད། སེ་འབྲས་མཁས་འཐུས་དང་། དྲུང་རྩིས་སོགས་ནས་དེ་རིང་ཁྱེད་ཀྱིས་བོད་ལྗོངས་ཚོགས་འདུ་ཆེན་མོར་གུས་བཀུར་ ཞྭ་ཕུད་ཙམ་ཡང་མི་བྱེད་པའི་ཐོག་ངོས་ལེན་སྣེ་གཅིག་མི་ཞུ་བའི་གདེང་ཚོད་ཇི་ཡོད་ དོ་ནུབ་བསམ་བློ་བཏང་སྟེ། སང་ཉིན་ཚོགས་འདུའི་ནང་ཁ་གསལ་དགོས་ལུགས་བཤད་དེ་ཕྱིར་སློག་རྗེས། སེ་འབྲས་དགའ་གསུམ་གྱི་མཁན་པོ་ལས་སྣེས་ཐུབ་བསྟན་ཀུན་འཕེལ་ཁོ་པས་ཚོགས་འདུར་ བརྩི་མེད་ཐོག་ཕུར་ཕར་བརྒྱབ་ཨ་ར་ཚུར་ཚིག་གི་དཔེ་ལྟར་ངོས་ལེན་མི་ཞུ་བར་གཞིགས་ ན་ཁོ་པར་གདེངས་ཚོད་ཡོད་ངེས་ལ་འཛིན་བཟུང་ཉེས་ཆད་དགོས་ངེས་ཞེས་གྲོས་འགོ་བཏོན་ རྗེས་ཚོགས་འཐུས་ཉུང་ཤས་ཕུད་བྱིངས་ཚང་མས་གཅིག་མཇུག་གཉིས་མཐུད་ཀྱིས་ཉེས་པ་ནན་ པོ་གཅོད་དགོས་ཞེས་བཤད། དེའི་སང་ཉིན་ཚོགས་འདུ་འཚོགས་འཕྲལ་ཀ་དང་སྐུ་སྲུང་རུ་དཔོན་ཆ་པ་སྲས་དབང་ཆེན་ གཡུ་ལྷར་ཀ་དང་དམག་མི་ལྡིང་ཁག་གཅིག་ཁྲིད་དེ་ཐུབ་བསྟན་ཀུན་འཕེལ་བཏང་ཤོར་མེད་ པར་བཟུང་སྟེ་ཚོགས་འདུའི་སར་ཁྲིད་ཡོང་དགོས་པའི་བཀའ་བཏང་བ་ལྟར། རུ་དཔོན་འགོ་དམག་ནས་ཐུབ་བསྟན་ཀུན་འཕེལ་པུས་མོ་ས་ལ་བཙུགས་ཏེ་བསྡད་པར་ལུས་ བཤེར་རྒྱག་བཅུག་སྐབས་ཏཱ་ལའི་བླ་མ་བཅུ་གསུམ་པའི་ཕྱག་ཕྲེང་གོས་སེར་འཐུམ་ལྡན་ གཅིག་དང་། མཚོན་སྲུང་འགའ་ཤས་འདུག་པ་འཕྲོག་ལེན་དང་འབྲེལ་ནག་ཉེས་ངོས་ལེན་ཞུ་མིན་འདྲི་ བརྩད་འགོ་ཚུགས་མ་ཐག་ཐུབ་བསྟན་ཀུན་འཕེལ་ནས་ཕྱག་འཚལ་གྱིས་རང་སྐྱོན་ངོས་ལེན་ ཐོག་ནོར་འཁྲུལ་ནག་ཉེས་ཆེ་ཡང་། ད་ཕན་༸གོང་ས་༸མཆོག་ལ་ཞབས་འདེགས་ཞུས་པར་དགོངས་ཏེ་སྲོག་ཐོག་འགྲོ་མ་དགོས་པ་ བྱམས་སྙིང་དགོངས་བཞེས་ཡོད་པ་ཞེས་ཞུས་པར་སྲོག་ཐོག་འགྲོ་མིན་ཁྱོད་རང་ལ་རག་ ལུས་པ་རེད་ཅེས་བཤད་དེ་རྩེའི་ཤར་ཆེན་ལྕོག་ཏུ་བཙོན་འཇུག་དང་ཀུན་འཕེལ་གྱི་ཕ་ ནོར་གླིང་ནས་འཛིན་བཟུང་དང་ནང་གི་གཞིས་ཀ་སྙེ་མོ་ཁུལ་སྒོ་ཐེའུ་བརྒྱབས། སེར་བྱས་ཕྱག་མཛོད་གྲྭ་ཆུང་དང་། ཞོལ་ལས་ཁུངས་ཀྱི་གཉེར་ཆུང་ངག་དབང་ཟེར་བ་གཉིས་རྣམ་ཀུན་དབང་ཤེེད་བྱེད་མཁན་དུ་ བསྙད་དེ་བཙོན་འཇུག་དང་ནང་གི་གཞིས་ཀ་རྣམས་སྒོ་ཐེའུ་བརྒྱབས་པ་དང་། འདིའི་སྐོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་གཤེགས་ཉིད་ངོས་རང་བོད་ལྗོངས་ཚོགས་ འདུ་རྒྱས་འཛོམས་སུ་ཞུགས་པའི་མཐོང་ཐོས་སྐོར་ཞེས་པ་[8]ལས།ཚོགས་འདུས་ཐོག་མར་བླ་སྨན་པར་རྒྱལ་བ་རིན་པོ་ཆེར་གསོལ་སྨན་འབུལ་ཕྱོགས་སྐོར་ རྩད་ཞིབ་བྱེད་དགོས་པས་ཨེམ་རྗེ་བྱམས་པ་འགུག་འབོད་ཀྱིས་འདྲི་རྩད་བྱས་སོང་བར་ ཨེམ་རྗེ་བྱམས་པ་ལགས་ནས་རྒྱལ་དབང་རིན་པོ་ཆེ་དང་ཐོག་མགུལ་ཆམ་གཞེས་འདུག་པ་དང་ དེ་རྗེས་སྐུ་ཚད་ཕྲན་བུ་རྒྱས་འདུག་ཅིང་། གསོལ་སྨན་ཕུལ་རུང་དྭངས་སྐྱེད་མ་བྱུང་བར་སྐུ་གཤེགས་སོང་ཞེས་བརྗོད་སོང་བར་ ཚོགས་འདུས་ཁྱོད་རང་སྐད་ཆ་སྟབས་བདེ་དེ་འདྲ་བཤད་པས་གལ་འགྲིག །རྒྱལ་དབང་རིན་པོ་ཆེར་གསོལ་སྨན་འབུལ་ཕྱོགས་སྐོར་ང་ཚོ་ཚོགས་འདུ་དང་བཀའ་ཤག་ལ་ སྙན་སེང་ཙམ་མ་ཞུས་པར་སུ་ཞིག་ལ་སྐད་ཆ་དྲིས་པ་ཡིན་ནམ། ཡང་སྙིང་གསོལ་སྨན་གང་ཕུལ་ཞུ་བ་ཞིབ་ཕྲ་འབུལ་དགོས་ཞེས་དང་། འཐུས་མི་འགའ་ཤས་ནས་ཁྱོད་རང་ཨེམ་རྗེ་ཞིག་ཡིན་པ་མ་ཟད། རྒྱལ་དབང་དོན་གྱི་བདག་པོའི་སྐུ་ཕྱྭར་འགན་སྲུང་བྱ་རྒྱུའི་འགན་ཡོད་པ་ཞིག་ཀྱང་ ཡིན་རུང་ཁྱོད་ནས་རྒྱལ་དབང་རིན་པོ་ཆེའི་སྐུ་ཕྱྭར་སྟབས་བདེའི་ལས་དོན་སྤེལ་བར་ བརྟེན་ད་ཆ་བོད་འདི་མུན་ནག་མགོ་མེད་དཔུང་པ་རོང་རོང་གི་གནས་སུ་གྱར་བ་ཞིག་ བཟོས་པ་རེད། ཁྱོད་ནས་ད་དུང་དྲང་གཏམ་མི་ཞུ་བ་ཅི་ཡིན་ཞེས་སོགས་དྲི་བ་འདོན་སྐབས་ཨེམ་རྗེ་ བྱམས་པ་ནས་རྒྱལ་དབང་རིན་པོ་ཆེའི་སྙུན་གཞི་ཐོག་མར་མགུལ་ཆམ་ལ་སྐུ་ཚད་ཕྲན་བུ་ བཞེས་འདུག་པར་གུས་ནས་གསོལ་སྨན་ཕུལ་བ་ཡིན། དེ་རྗེས་འགག་རྩར་གསོལ་སྨན་འབུལ་མཁན་གུས་པ་མིན་ཞེས་ཞུས་སོང་བས་འཐུས་མི་ཚོ་ ཁོང་ཁྲོས་ངར་བཞིན་དུ་འོ་ན་རྗེས་སུ་གསོལ་སྨན་འབུལ་མི་སུ་ཡིན། བོད་འདི་མགོ་མེད་དཔུང་པ་རོང་རོང་དང་བོད་ལྗོངས་ནག་པོ་གཏོང་མི་སུ་ཡིན་ཞེས་ དྲི་བ་མང་པོ་བཏོན་སོང་བར་ཨེམ་རྗེ་བྱམས་པ་འུ་ཐུག་སྟེ་ཐོག་མར་གུས་པས་གསོལ་ སྨན་ཕུལ་བ་ཡིན་རུང་ཚེས་༣༠ཉིན་སྐུ་གཤེགས་རྒྱུའི་སྔ་ནུབ་སྟེ་ཚེས་༢༩་ཉིན་གནས་ ཆུང་ཆོས་རྗེ་ཕེབས་སོང་བ་སྤྱན་བསལ་ཀུན་འཕེལ་ལགས་ནས་གཟིམ་ཆུང་དུ་གདན་འདྲེན་ ཞུས་སོང་། གནས་ཆུང་ཆོས་རྗེ་རྒྱུན་གོས་ལས་ལྷ་ཆས་སོགས་གང་ཡང་བཞེས་མི་འདུག་རུང་རྒྱལ་དབང་ རིན་པོ་ཆེའི་སྐུའི་མདུན་དུ་ཕེབས་འཕྲལ་གློ་བུར་དུ་ཆོས་སྐྱོང་ཐོག་འབེབ་ཀྱིས་ ལུང་དུ་གསོལ་སྨན་ཆམ་འཇོམ་དཔའ་བོ་བཅུ་བཞི་འཁྱེར་ཤོག་ཅེས་སྐད་བརྒྱབ་སོང་། དེ་དུས་གུས་རང་རྒྱལ་དབང་རིན་པོ་ཆེའི་གཟིམ་ཆུང་གི་གཟིམ་སྒོའི་འགྲམ་དུ་ཡོད་ པས་གཟིམ་སྒོའི་ཕྱི་ནས་ལམ་སེང་པུས་མོ་ས་ལ་བཙུགས་ཏེ་གསོལ་སྨན་ཆམ་འཇོམ་དཔའ་བོ་ བཅུ་བཞི་མ་འབུལ་རོགས་གནང་། གསོལ་སྨན་དེ་ཉེན་ཁ་ཆེན་པོ་ཡོད་པ་རེད་ཅེས་སྐད་ཤུགས་ཆེན་པོས་ཞུས་པ་ཡིན་རུང། ཆོས་སྐྱོང་ནས་གསོལ་སྨན་དེ་ཡོད་མེད་ལུས་རྟེན་གྱི་གཡོག་པོར་དྲིས་ཤོག་ཅེས་ལུང་ བརྒྱབ་སོང་བས། སྤྱན་བསལ་ཀུན་འཕེལ་ལགས་ལམ་སེང་མང་ཡོང་སྟེ་ཆོས་རྗེའི་གཡོག་པོར་སྨན་དེ་ཡོད་ དམ་ཞེས་དྲིས་སོང་བར། གཡོག་པོས་སྨན་ཁུག་ཅིག་བཏོན་ཏེ་སྤྲད་སོང་བ་དེ་ཡར་འཁྱེར་ན་ཆོས་སྐྱོང་ལ་ཕུལ་ སོང་། དེ་འཕྲལ་ཆོས་སྐྱོང་གིས་དེའི་ནང་ནས་སྨན་ཞིག་བཏོན་ཐོག་ཆོས་སྐྱོང་དང་ཀུན་འཕེལ་ ལགས་གཉིས་ཀྱིས་རྒྱལ་དབང་རིན་པོ་ཆེར་ཕུལ་སོང་བས་དེ་ནས་སྨན་ལོག་སོང་བ་ལྟ་བུས་ སྙུན་གཞི་ཇེ་ལོད་དུ་ཕེབས་ཏེ་མཐར་སྐུ་གཤེགས་སོང་བས་གུས་པར་ལེ་ཁག་མེད་ཅེས་ ཞུས་སོང་། ཞེས་གསལ་བ་ལས། ༸གོང་ས་བཅུ་གསུམ་པ་མྱ་ངན་ལས་འདས་ཚུལ་རོབས་ཙམ་དཔོག་ཐུབ་པ་དང་། སྐབས་དེ་ཁོང་གི་སྐུའི་ཉེ་འགྲམ་དུ་བླ་སྨན་དང་། གནས་ཆུང་སྐུ་བསྟེན་དང་དེའི་གམ་གཡོག །སྐུ་བཅར་ཐུབ་བསྟན་ཀུན་འཕེལ་བཅས་མི་བཞི་ལས་མེད་པ་གསལ་པོར་ཤེས་ཐུབ་ཀྱི་འདུག །ཡང་འདི་དང་འདྲ་བར། བོད་ས་གནས་སྲིད་གཞུང་གི་སྲིད་དོན་འགངས་ཆེ་འགའ་ཞིག་གི་གནས་ཚུལ་མཐོང་ཐོས་ དངོས་བྱུང་བཤད་[9]པ། ཞེས་པ་ལས།བོད་ཚེས་༢༩ཙམ་ལ་གནས་ཆུང་ཆོས་རྗེ་སྤྱན་བསལ་གླིང་ཁའི་གཟིམ་ཆུང་འཆི་མེད་མཆོག་ འཁྱིལ་དུ་བཅར་ཏེེ་ཐོག་ཕེབས་ཀྱིས་གསོལ་སྨན་དཔའ་བོ་བཅུ་བཞི་ཨེ་ཡོད་གསུངས་པ་ལ་ མེད་ཅེས་ཞུས་པར། ངོས་ཀྱི་གམ་གཡོག་ལ་དྲི་བརྩད་བགྱིས་ཞེས་གསུངས་འཕྲལ་སྐུ་བཅར་ཕྱིར་སྐྱོད་སྨན་ ཁུག་ཁྱེར་འབྱོར་ཆོས་སྐྱོང་རང་གི་༸གོང་ས་ཆེན་པོའི་ཞལ་དུ་ཕུལ་སོང་ཞིང་། གནས་ཆུང་གྲྭ་པ་གདོང་དཀར་པོ་ཞིག་གཟིམ་ཆུང་གི་སྒོའི་ཕྱིར་འདུག་པར་སྨན་དེ་དཔའ་ བོ་བཅུ་བཞི་རེད་པས་ཞེས་དྲིས་པར། ཨ་ཙི་ཨ་ཙི་ནོར་བ་འདྲ་ཞས་བཤད་བྱུང་། གནས་ཆུང་གི་སྨན་དེ་ཕུལ་བ་ནས་༸གོང་ས་ཆེན་པོ་ཞལ་དྲག་རྒྱུ་མེད་པར་འཆོལ་ལབ་ སྐྱོན་དེ་བསྙུན་གཞི་ལྗི་ལོད་དུ་ཕེབས་སོང་།ཞེས་གསལ་བ་དང་། གནས་ཚུལ་དེ་ལྟར་བྱུང་བར་བརྟེན། གནས་ཆུང་ཆོས་རྗེ་བསྐོང་འགུག་དང་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་འཛིན་བཟུང་བྱ་ རྒྱུ་སྐུ་སྲུང་དམག་སྒར་ལ་བཀའ་ཕབས་པ་བཅས་ལས་ཁོ་རང་གཉིས་ལ་དྲི་བརྩད་ནན་པོ་ བྱས་པར་སྤྱན་བསལ་ནས་ཆོས་སྐྱོང་ཐོག་འབེབ་བརྒྱབ་སྟེ་གསོལ་སྨན་ཕུལ་སོང་ཞེས་ དང་། སྐུ་བརྟེན་ནས་ང་ལྷ་ཞུགས་པ་ཡིན་གཤིས་གང་བྱས་ཤོད་ཡས་མི་འདུག་ཅེས་བཤད་པར་ བརྟེན་ཁོ་རང་གཉིས་རེ་ཞིག་བཀག་ཉར་དང་དོན་དུ་སྨན་ལོག་ཕུལ་བས་༸གོང་ས་མཆོག་ གཤེགས་པར་སོང་སྤྱན་བསལ་ཀུན་འཕེལ་གོ་གནས་དབྱུངས་ཐོག་ཀོང་པོ་རྩེ་ལ་རྫོང་དུ་ རྒྱང་འབུད། གནས་ཆུང་ཆོས་རྗེ་ཕྱིན་ཆད་ཆོས་སྐྱོང་གི་ལུས་བརྟེན་བྱེད་མི་ཆོག་དང་། གོ་གནས་ཕབ་སྟེ་འབྲས་སྤུངས་དགོན་པར་ཕྱིར་རྩིས་སྤྲོད་བྱས་ཡོད་པ་རེད། ཨེམ་རྗེ་བྱམས་པ་ཡང་སྐུ་ཕྱྭ་ལ་ཉེས་སྲུང་དང་གསོལ་སྨན་འབུལ་འགོག་མ་ཐུབ་པས་ཉེས་ པར་རྒྱ་ཚྭ་རྫོང་དུ་རྒྱང་འབུད་དང་མཁར་དབང་གཞུང་བཞེས་བྱས་[10]འདུག།།
༤། རྒྱལ་ཚབ་རྭ་སྒྲེང་གི་སྐོར།
རྩེ་ འཕགས་མཆོག་ལོ་ཀེ་ཤྭོ་རའི་དྲུང་དུ་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་སུ་ཚིག་ཐོ་ ཕུལ་བ་ལྟར་གྱི་རྭ་སྒྲེང་ཧོ་ཐོག་ཐུ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་ མཚན་དང་། དགའ་ལྡན་ཁྲི་པ་ཡེ་ཤེས་ཆོས་བཟང། ཕུར་ལྕོག་བྱམས་པ་ཐུབ་བསྟན་ཚུལ་ཁྲིམས་རིན་པོ་གསུམ་སུ་བཟང་ཟན་བརྟག་བསྒྲེལ་བས་ རྭ་སྒྲེང་རིན་པོ་ཆེ་བཟང་ཕེབས་བྱུང་བར་ཕྱག་རོགས་སྲིད་བློན་གླང་བདུན་ཀུན་དགའ་ དབང་ཕྱུག་བསྐོ་བཞགས་ཀྱིས་གཏན་འཁེལ་གྱིས་ལོ་ལྔ་ཙམ་ཆོས་སྲིད་དབང་ལུང་མཉམ་དུ་ བསྒྱུར། རྒྱལ་ཚབ་ར་སྒྲེང་རིན་པོ་ཆེ་ནས་གསེར་གདུང་རིན་པོ་ཆེ་གསར་བཞེངས། རྒྱལ་བའི་ཡང་སྲིད་མཆོག་སྤྲུལ་ངོས་འཛིན་སོགས་གནང་ཡོད་པ་རེད། གཞུང་སྒེར་ཕྱག་ལས་གནང་ཕྱོགས་ཐད་འགལ་བ་བྱུང་བས་རྒྱལ་ཚབ་ཀྱིས་བཀའ་ཤག་ལ་རྒྱལ་ ཚབ་ཀྱི་འགན་ཁུར་དགོངས་ཞུ་དགོས་ཚུལ་གསུངས་སྐབས། སྤྱི་མཁན་དང་། དྲུང་རྩིས། གདན་སའི་མཁན་འཐུས་གྲོས་བསྡུར་གྱིས་ལྷ་རབ་བྱུང་ན་སྐུ་ཕྲེང་བཅུ་བཞི་པས་མཛད་ འགན་མ་བཞེས་བར་དུ་མཛད་འཁུར་རང་འཇགས་ཡོང་བ་དང་། གཞུང་ཞབས་སེར་སྐྱ་ཚང་མས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུའི་གན་ཕུལ་བྱས་ཡོད་རུང་ ༡༩༣༩ལོར་རྭ་སྒྲེང་ནས་དེ་སྔོན་རྒྱལ་ཚབ་རིམ་བྱོན་ལ་ལས་སྦྲེལ་མེད་ཅིང་ད་སྐབས་ སུ་ལས་སྦྲེལ་ཡོད་པ་འདི་ནི་བསྟན་པ་གཅིག་ལ་སྟོན་པ་གཉིས་བཞིན་ཡང་སྲིད་གདན་ཞུ་ སོགས་ལས་རིགས་ལ་མཛད་དཀའ་ལས་དགེ་ཕན་མེད་པའི་དགོངས་ཚུལ་ཞིག་བཀའ་ཤགབརྒྱུད་བོད་ ལྗོངས་ཚོགས་འདུ་རྒྱས་འཛོམས་སར་གསུངས་པར་བརྟེན། ཚོགས་འདུ་ནས་མཛད་ཁུར་མཉམ་བཞེས་གནང་རྒྱུ་འགྲིགས་མིན་སོགས་བཤད་དེ་སྲིད་བློན་ གླང་མདུན་ལ་སྲིད་ཟུར་གྱི་གདན་ཐོབ་དང་ཕོགས་ཐོབ་སྔར་རྒྱུན་བཞིན་གནང་ཐོག་རྭ་ སྒྲེང་ནས་མཛད་འཁུར་མུ་མཐུད་སྐྱོང་མུས། ༡༩༤༠ལོར་ལྷ་བླའི་ལུང་བརྟག་ལ་རྭ་སྒྲེང་གི་སྐུ་ཕྱྭར་འཚུབ་ལྷོང་ཆེ་བ་ཡོང་ རྒྱུར་ཕེབས་པར་གྲགས་པ་སོགས་གང་ལྟར། རྭ་སྒྲེང་གིས་རང་ཉིད་ཡོངས་འཛིན་རྒན་པ་དང་སྲིད་སྐྱོང་ལས་དགོངས་ཞུས་དང་སྦྲགས་ སྟག་བྲག་རིན་པོ་སྲིད་ཚབ་དང་བསྐོ་འོས་ཆེ་ཚུལ་བཀའ་བླ་བསྟན་པ་འཇམ་དབྱངས་དང་། བོན་ཤོད་པ། ཕུན་ཁང་སོགས་ལ་ནང་མའི་གྲོས་བསྡུར་གནང་སྐབས། ཕུན་ཁང་མ་གཏོགས་པའི་གཞན་གཉིས་ནས་སྟག་བྲག་དང་རྭ་སྒྲེང་གཉིས་ནི་བླ་སློབ་ནང་མ་ ཡིན་པ་མ་ཟད་སྟག་བྲག་དགུང་ལོ་ཡང་ཆེར་ཕེབས་ལ་སོང་སྲིད་དབང་ཕྱིར་ལེན་དགོས་ཚུལ་ ཤར་ཚེ་བདེ་ལུགས་སོགས་ཀྱིས་མོས་མཐུན་བྱས་པ་རེད། དེ་ལྟར་ཡང་། རྒྱུ་ཆ་བདམས་བསྒྲིགས་[11]ལས།རྭ་སྟག་གཉིས་དབར་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཡོད་སྟབས་སྟག་བྲག་དགུང་ན་མཐོ་ རྐྱེན་སྲིད་སྐྱོང་སླར་ཡང་ཚར་བཞེས་བདེ་བའི་ཆེད་བའི་ཆེད་དུ་བསྐོས་ལུགས་དང་།ཞེས་གསལ་བ་དང་། མདོར་ན་རྒྱལ་ཚབ་རྭ་སྒྲེང་ནས་ཡང་སྲིད་གདན་ཞུ་ཁྲི་འདོན་དང་ལས་དོན་གང་འཚམ་བྱས་ རྗེས། བླ་[12]ལྷའི་ ལུང་བརྟག་དགོངས་དོན་ཕྱི་ལོ་ངོས་རང་གི་ཚེ་སྲོག་ལ་འཚུབ་ལྷོང་ཆེ་ཕེབས་ད་ཆ་ རྒྱལ་ཚབ་ཡོངས་འཛིན་བཅས་ཀྱི་དགོངས་ཞུ་མེ་བྱེད་མཐུ་མེད་ལ་བརྟེན་གོང་ས་སྐྱབས་ མགོན་ཆེན་པར་ཡང་ལུགས་མཐུན་དགོངས་ཞུས་ཟིན་པས་དེ་དོན་དགོངས་འཁྲོལ་ཡོང་བ་དང་།ཞེས་བླ་སློབ་ནང་མའི་འབྲེལ་བར་ཡིད་ཆེས་བློས་འགེལ་ཀྱིས་སྲིད་སྐྱོང་དགོངས་ཞུ་ བྱས་ཏེ་༡༠༤༠ལོའི་ལྕགས་སྦྲུལ་ཟླ་བ་༡་ཚེས་༡ལ་སྲིད་སྟག་ལུང་བྲག་ནས་གནང་རྒྱུ་ བྱས་ཡོད་འདུག །སྐབས་དེར་ལོ་གསུམ་རྗེས་སླར་ཡང་རྭ་སྒྲེང་ནས་སྲིད་སྐྱོང་རང་འཇགས་གནང་གི་ཡོད་ ཚུལ་གྱི་སྐད་གྲགས་ཤིག་བྱུང་བས་བཀའ་བླ་བསྟན་པ་འཇམ་དབྱངས་དང་། བོན་ཤོད་པ་གཉིས་ནས་སྲིད་སྐྱོང་བརྗེ་ལེན་མང་པོ་བྱས་ན་བཀའ་བློན་ཚོའི་གོ་གནས་ ལ་གཡོ་འགུལ་ཐེབས་དོགས་སམ་རང་དོན་དང་དབང་ཆའི་འཐབ་རྩོད་ལས་བོད་ཀྱི་རྩ་དོན་ལ་བསམ་བློ་མ་བཏང་བ་གང་ལྟར། ཁོང་ གཉིས་ནས་རྭ་སྒྲེང་གི་དེ་སྔོན་མཛད་རྗེས་སྐོར་དང་། སྲིད་གསར་གྱི་ཆེ་འདོན་བྱེད་སྒོ་དང་། ཐོབ་བཟོས། ཐམ་ག་ཕོབས་ཐོབ་སོགས་བྱེད་སྒོའི་རྣམ་གྲངས་མང་པོ་འཁོད་པའི་ཡིག་རྫོབ་ཅིག་བཟོས་ ཏེ་དེའི་ནང་གོང་ས་སྐྱབས་མགོན་ཆེན་པོས་ལུགས་གཉིས་ཐུགས་འགན་བཞེས་མ་གྲུབ་པར་ བོད་ལྗོངས་ཆབ་སྲིད་ཀྱི་མཛད་པ་སྲིད་སྐྱོང་སྟག་བྲག་གིས་ཐུགས་འགན་སྐྱེད་བཞེས་ གནང་དགོས་ཞེས་པའི་ཡིག་ཆ་རྫུན་སྒྲིག་གིས་སྲིད་སྐྱོང་གསར་པར་རྩིས་སྤྲོད་རན་ པའི་ཐུག་བྲེལ་ཆེ་སྒང་ཞིག་ལ་སྲིད་སྐྱོང་རྙིང་པ་སྟེ་རྭ་སྒྲེང་རིན་པོ་ཆེ་ལ་ ཆོག་མཆན་ཞུས་པར་ཞིབ་ཚགས་གཟིགས་ལོང་མ་བྱུང་བར་དེ་ལ་དམ་ཕྲུག་ཕབ་པ་རེད། དེ་ནི་ལོ་གསུམ་རྗེས་སུ་སྲིད་དབང་ཕྱིར་སྤྲོད་མི་བྱེད་རྒྱུ་དང་རྩོད་གླེང་ བྱུང་ན་འགོག་རྐྱེན་བཟོ་བྱེད་ཀྱི་ལྐོག་གཡོ་ངན་བྱུས་ཀྱི་བྱ་ངན་ཞིག་བཤམ་པ་རེད།    
       ༡༩༤༡ལོའི་བོད་ཟླ་༡ཚེས་༡་ཉིན་སྲིས་སྐྱོང་གསར་པ་སྟག་བྲག་རིན་པོ་ཆེ་ཁྲིར་ཕེབས་ ཀྱི་མཛད་སྒོ་དང་ར་སྒྲེང་སྐུ་མཁོར་རྣམས་གདན་ཞུས་གསོལ་ཚིགས་ཟབ་རྒྱས་ཐོག་དངོས་ འབུལ་རྒྱ་གང་ཆེ་དང་། བཀའ་བློན་གཙོས་གཞུང་ཞབས་སེར་སྐྱ་དང་། གདན་ས་གསུམ་གྱི་ལས་མཁན་དམག་སྒར་ཁག་གི་རུ་སྒྲིག་དང་བཅས་སྲིད་སྐྱོང་ལས་ཐོག་ དང་འདྲ་བའི་ཕེབས་སྐྱེལ་ཞུས་ཏེ་སྲིད་ཟུར་རྭ་སྒྲེང་ལྷ་ས་ནས་བྱང་རྭ་སྒྲེང་ དགོན་དུ་ཕྱིར་ལོག་ཕེབས། ལོ་གསུམ་གྱི་རྗེས་སུ་སྲིད་སྐྱོང་ལས་གནས་རྭ་སྒྲེང་ལ་ཕྱིར་སྤྲོད་གནང་རྒྱུའི་ དུས་ཚོད་ཟིན་རུང་། སྟག་བྲག་ནས་སྲིད་སྐྱོང་ཕྱིར་སྤྲོད་བྱེད་རྒྱུའི་བཟོ་འཆོ་གང་ཡང་མ་ཐོན་སྟབས། སེར་བྱས་གྲྭ་ཚང་གི་འདུ་ཁང་ཉམས་གསོ་བྱས་པའི་རབ་གནས་མཛད་པར་རྒྱལ་ཟུར་རྭ་ སྒྲེང་གདན་ཞུ་བྱས་པར་ལྷ་སར་ཕེབས་ཏེ་སྲིད་སྐྱོང་ཕྱིར་སྤྲོད་ཡོང་རེས་སྲིད་ སྐྱོང་དང་མཇའ་འཕྲད་གནང་རུང་སྤྱིར་བཏང་གི་འཚམས་འདྲི་ཙམ་ལས་དོན་ཕན་ཇི་བཞིན་མ་ བྱུང་བ་དང་། ཕན་ཚུན་གཤམ་འོག་ལས་བྱེད་རྣམས་སྲིད་དབང་འཕྲོག་རེས་ཀྱི་ཛ་དྲག་ཆེ་བའི་འཐབ་ རྩོད་ཡོད་པ་མ་ཟད་ཛ་སག་བསྟན་པ་མཐར་ཕྱིན་ནི་ནང་དོན་སྲིད་སྐྱོང་སྟག་བྲག་གི་ཁ་ ལོ་བསྒྱུར་མཁན་ཡིན་པས་སྲིད་དབང་ཕྱིར་སྤྲོད་མི་བྱེད་མཁན་གྱི་འགག་རྡོ་ཆེན་པོ་ ཞིག་ཡིན་པ་བཅས་ལས་རྭ་སྟག་གཉིས་ཀྱི་འགལ་བ་དེ་དངོས་གསལ་ཇེ་དོད་དུ་ཕྱིན་པ་རེད། རྒྱུ་ཆ་བདམས་བསྒྲིགས་ལས་གསལ་བ་ལྟར་ན། རྒྱལ་ཟུར་རྭ་སྒྲེང་ནས་གོང་མིན་ཏང་ལ་ནང་འབྲེལ་གྱིས་སྟག་བྲག་ནས་རྒྱ་བོད་མཐུན་ དམ་བཟུང་མེད་པར་བརྟེན་རྭ་སྒྲེང་གི་སྲིད་སྐྱོང་རང་འཇགས་བྱེད་དགོས་པའི་གོང་ མིན་ཏང་སྲིད་གཞུང་ནས་བཀའ་ཕབ་རོགས་སྐྱོར་ཡོང་བ་དང་། ང་ལ་སྲིད་དབང་བྱུང་མཚམས་རྒྱ་བོད་མཐུན་སྒྲིལ་ཡ་བྲལ་དུ་མ་སོང་བའི་ཞབས་འདེགས་ ཞུ་རྒྱུ་ཡིན་ལུགས་སྔ་ཕྱིར་ཞུ་འབོད་གནང་བ་དང་། གོང་མིན་ཏང་ནས་ཀྱང་རྭ་སྒྲེང་སྲིད་སྐྱོང་ཡོང་བའི་རྒྱབ་སྐྱོར་བྱེད་རྒྱུ་དང་ རྭ་སྒྲེང་གོང་མིན་ཏང་གི་ཨུ་ཡོན་དུ་བསྐོ་བཞག་བྱས་པས་ངོ་ཕེབས་དགོས་ལུགས་ཞུས་ པར་རྒྱལ་ཟུར་མཆོག་ཕེབས་འདོད་ཆེན་པོ་ཡོད་ཀྱང་། སྲིད་དབང་སྟག་བྲག་གི་ལག་ཏུ་ཡོད་ཙང་རྒྱ་ནག་ཏུ་ཕེབས་ཐབས་མ་བྱུང་སོགས་གསལ་བ་ ལྟར་དང་། ལྷག་པར་༡༩༤༧ལོར་རྭ་སྒྲེང་དུས་འགྱུར་བྱུང་སྐབས་དྲུང་རྩིས་ནས་རྭ་བླའི་ཡིག་ རིགས་ཞིབ་འཇུག་སྐབས། སྙུང་གནས་བླ་མ་ནས་རྭ་སྒྲེང་ལ་གསང་ཡིག་ཕུལ་བའི་ཟིན་བྲིེས་དང་། ཚུར་བཀའ་ལན་སྩལ་བའི་ཕྱག་བྲིས་ངོ་མ་ཁག་མང་ཐོན་པ་དང་། གསང་ཡིག་ནང་སྟ་བྲག་གི་བྱེད་སྤྱོད་ངན་པ་འདི་རིགས་བཟོད་ཐབས་མེད་པས་སྟག་བྲག་ དགུན་དུས་འཆར་ཅན་རི་ཁྲོད་དུ་འགྲོ་བའི་སྐབས་སྒུག་ར་སྤྲད་ན་འགག་གཙིར་གྱིས་མེ་ མདའ་བརྒྱབ་སྟེ་གསོད་རྒྱུར་སེམས་ཐག་བཅད་ལུགས་དང་། རྒྱ་ཟུར་རྭ་སྒྲེང་རྒྱ་ནག་ཏུ་སྔོན་ཕེབས་ཐུབ་པ་དགོས་ལུགས་སོགས་གསང་ཡིག་ཕུལ་བ་ ཁག་དང་། རྭ་སྒྲེང་ནས་དེ་ལྟར་བྱས་ན་མི་འགྲིགས་དེ་ལས་རྒྱ་གཞུང་གི་རྒྱབ་གཉེར་སྒུག་ སྡོད་བྱས་ན་ལེགས་ལུགས་སོགས་ཀྱི་ཡིག་རིགས་ཐོན་པས་སྔར་ལས་འགལ་བ་རྣོ་ངར་ཅན་དུ་ གྱུར་འདུག།།རྭ་སྒྲེང་ནས་ནན་ཅིང་དུ་ཏྲེ་ཧོར་བརྒྱ་དཔོན་བུ་དོན་གྲུབ་དང་། ལ་དཀར་བུ་མཐུ་སྟོབས་གཉིས་གོང་མིན་ཏཱ་ཧུད་ཐོག་བོད་ཀྱི་ཚོགས་འཐུས་རྭ་སྒྲེང་ གི་མངགས་ཆ་བྱས་ཏེ་བོད་ཀྱི་འཐུས་མི་ཛ་སག་གཉིས་ལས་ཀྱང་ངོ་མཐོ་བ་ཡོད་ཚུལ། ལྷ་སྡོ་རྒྱ་གར་གཞུང་ཚབ་པ་རི་ཅར་སན་ནས་ཤེས་རྟོགས་བྱུང་བར་སྟག་བྲག་ལ་ཞུས་པས་ བཀའ་ཤག་ནས་ནན་ཅིང་བོད་ཀྱི་དོན་གཅོད་མཁན་ཆུང་ཐུབ་བསྟན་བཟང་པོ་དང་། རྩེ་མགྲོན་ཐུབ་བསྟན་ཚེ་རིང་། ལོ་ཙཱ་བ་བྱམས་པ་ངག་དབང་བཅས་ལ་གསང་ཏར་བརྒྱུད་དེ་གར་བོད་དོན་གྱི་ཛ་དྲག་གི་ གནས་ཚུལ་ཡོད་སྐོར་ཡང་ཡང་བཏང་འདུག།
       མདའ་དཔོན་བྱིང་པ་བ་ཁམས་ཕྱོགས་སུ་སྐྱོད་སྐབས་སྲིད་གཞུང་ནས་ཁོ་པར་རྩིས་སྤྲད་ པའི་ཁོངས་ནས་ལམ་འབོམ་གཉིས་ཕྱིར་བོད་གཞུང་ལ་རྩིས་སྤྲོད་མ་ཐུབ་པ་མདའ་དཔོན་ བྱིང་པ་ཚེ་ལས་འདས་རྗེས། བྱིང་པའི་བུ་མོའི་མག་པ་ཚེ་བརྟན་ཕུན་ཚོགས་ནས་ལོ་རོ་བ་ཚེ་རིང་སྟོབས་རྒྱལ་ས་ ནས་རྟ་ཉོས་པའི་རིན་ལ་ལག་འབོམ་གཉིས་སྤྲད་པ་དེ་ཉིད་རྭ་སྒྲེང་བླ་བྲང་ལ་བཙོང་ སྟབས། སྙུང་གནས་བླ་མ་སོགས་ནས་ངན་གཡོ་བྱས་ཏེ་མདོ་སྤྱི་ཛ་སག་གཡུ་ཐོག་ནས་སྟག་བྲག་ལ་ འབུལ་བའི་གསང་སྙན་ཡིན་ཁུལ་གྱིས་མཁན་དྲུང་ངག་དབང་རྣམ་རྒྱལ་གྱི་ཤག་ཏུ་བསྐྱེལ་ བ་དེ་ཉིད་གས་ཐོར་བྱུང་བའི་ཉེར་ལེན་ལ་བརྟེན། རྭ་སྒྲེང་ལྟོས་བཅས་ནས་སྲིད་སྐྱོང་རིན་པོ་ཆེའི་སྐུ་སྲོག་དང་། རྒྱལ་བསྟན་ཆབ་སྲིད་ལ་བསམ་སྦྱོར་ངན་རྩོམ་བྱེད་ཀྱིན་པའི་ཛ་དྲག་གི་གནས་ཚུལ་ བྱུང་བས་རྒྱལ་ཟུར་རྭ་སྒྲེང་འཁོར་བཅས་ལྷ་སར་བཀོང་འགུགས་ཀྱིས་འཛིན་བཟུང་དོ་ དམ་དང་འབྲེལ། རྭ་སྒྲེང་རིན་པོ་ཆེ་རྩེའི་ཤར་ཆེན་ལྕོག་ཏུ་སྐུ་གཤེགས་པ་དང་། འཇམ་དཔལ་རྒྱལ་མཚན་དང་། མཁར་རྡོ་བླ་མ་གཉིས་ཚེ་བཙོན། ཛ་ཟུར་དང་། གུང་ཕུན་ཁང་། ས་འདུ་འགྱུར་མེད་བཅས་ལ་ནག་ཉེས་མ་ཐོན་སྟབས་མཁར་དབང་ཕྱིར་སློག་སོགས་བྱས་པ་ བཅས་ཀྱི་གནས་ཚུལ་ཟུར་ཙམ་བཀོད་པ་ལགས།
༥། རྩིས་དཔོན་ལུང་ཤར་བའི་དོན་རྐྱེན།

ལུང་ཤར་ནི་ཟུང་ཆུང་ཤེས་རབ་གྲགས་པའི་མི་རྒྱུད་ཡིན་པ་དང་།   ལུང་ཤར་གྱི་འཛིན་ཁོངས་ཤར་ཕྱོགས་ཟུར་ཆུང་པའི་བཞུགས་ཡུལ་རྙིང་པ་དེར་དེང་སང་ ཟུར་ལུང་ཞེས་གྲགས།  དྲུང་འཁོར་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་།  རྨོའོ་བདེ་ཆེན་པད་མོ་གཉིས་ཀྱི་བུར་བོད་ལྕགས་སྦྲུལ་༡༨༨༡སྐྱེས་ཤིང་མིང་ལ་རྡོ་རྗེ་ཚེ་རྒྱལ་ཞེས་བཏགས། ཆུང་དུས་ནས་ཡབ་གཤེགས་འདུག་ཀྱང་། ཡུམ་ནས་གཅེས་པར་བསྐྱངས་ཏེ་འཚར་ལོངས་དང་དགེ་རྒན་མང་པོ་བསྟེན་སྟབས་སྦྱང་འབྲས་ཧ་ཅང་ཡག་པོ་བྱུང་བ་མ་ཟད་བོད་ལུགས་གསོ་བ་རིག་པའི་ལག་རྩལ་ཡག་ཙམ་ཤེས་ཐུབ་པ་བྱུང་། གཞས་དང་ཞབས་བྲོ་ལའང་ཧ་ཅང་དགའ་པོ་ཡོད་སྟབས་རྒྱུན་དུ་ཧའོ་ཅིན་དང་ཡང་ཅིན་གཏོང་གནང་བ་མ་ཟད། སྐབས་འགར་ལྷ་སར་ཡོད་པའི་རོལ་ཆ་གཏོང་མི་རྣམས་བསྡུ་རུབ་གནང་སྟེ་མཉམ་གཏོང་སྤྲོ་སྐྱིད་བཏང་རྒྱུར་དགའ་བ་དང་། དེའི་ནང་རོལ་ཆ་གཏོང་རོགས་སུ་ཡོང་མཁན་གཙོ་བོ་སྦ་ཡི་ཝ་ལི་(ཧུད་རིགས་)དང་། དལ་ཞོལ་ལི་(རྒྱ་རིགས་)འ་མན་རི། རྣམ་རྒྱལ། ནང་མའི་གཞས་གཏོང་མཁན་ཡེ་ཚ་(ཧུད་རིགས་)སྟོད་གཞས་གཏོང་མཁན་ཕུར་བུ་སྒྲོལ་མ་དང་། བསོད་ནམས་སྐྱིད་འཛོམས། དབྱང་སྐྱིད་ཟེར་བ་བཅས་སྐད་གྲགས་ཡོད་པའི་བུ་མོ་གསུམ་སོགས་ཡོད་པ་རེད།
       ༡༩༡༡ལོར་ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཕེབས་བཞུགས་རིང་ཕྱི་རྒྱལ་གྱི་གནས་ཚུལ་མང་ཙམ་ཞིག་མཁྱེན་རྟོགས་ཀྱིས་བོད་ཡར་རྒྱས་འགྲོ་བར་རིག་གསར་འཕེལ་རྒྱས་གཏོང་དགོས་པ་དེ་དགོངས་པར་འཁོར་ནས་སྤྱི་ལོ་༡༩༡༣ལོར་སྐུ་དྲག་གི་བུ་ཕྲུག་ཁོངས་ནས་འདེམས་སྒྲུག་ཀྱིས་སྨོན་གྲོང་མཁྱེན་རབ་ཀུན་བཟང་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་གཏོང་གནང་མཛད་སྐབས་འགོ་གཙོ་རུ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་རིམ་བཞིའི་གོ་གནས་དང་སྦྲགས་ཁོང་ཚོ་དང་མཉམ་དུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཏང་། ཕྲུ་གུ་བཞི་ཨིང་ལན་རག་སྦིའི་ཞེས་པའི་སློབ་གྲྭར་བཅུག རྗེས་སུ་ཕྲུ་གུ་རྣམས་ལ་ཆེད་ལས་ཡོན་ཏན་རེ་རེ་བསླབས་པ་ནི། སྨོན་གྲོང་མཁྱེན་རབ་ཀུན་བཟང་ལ་ས་གཏེར་འཚོལ་འདོན་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེར་གློག་གི་ལས་ཀ །སྐྱིད་སྦུག་པ་དབང་འདུས་ནོར་བུ་ཏར་གཏོང་དང་ས་ཐིག་ལེན་རྒྱུའི་ལས་ཀ །སྒོག་མཁར་བ་བསོད་ནམས་མགོན་པོར་དམག་དོན་ལས་ཀ་བཅས་སློབ་སྦྱོང་བྱས་ཏེ་ཚང་མ་སློབ་ཐོན་གྱིས་བོད་ལ་ཕྱིར་ལོག །སྐབས་དེར་ལུང་ཤར་གྱིས་དབྱིན་སྐད་བསླབས་ཤིང་ཕྱི་རྒྱལ་ཁག་ལ་བལྟ་བསྐོར་བྱས་པར་བརྒྱུད་ཕྱི་ རྒྱལ་གྱི་བྱེད་སྟངས་ཐད་ནས་ཤུགས་རྐྱེན་ཆེ་ཙམ་ཐེབས་ཏེ་བོད་ཀྱི་ལམ་ལུགས་རྙིང་ པ་དེར་ཕྲན་བུའི་བཅོས་སྒྱུར་མ་བྱས་ཚེ་ཉེན་ཁ་ཡོད་པའི་བསམ་བློ་འཁོར་ཡོད་ཚོད་ འདུག །བོད་ལ་ཕྱིར་ལོག་གནང་རྗེས་ཏྭ་ལའི་བླ་མས་དམིགས་བསལ་གཟིགས་སྐྱོང་ཐོག་རྩིས་དཔོན་གྱི་གོ་གནས་གནང་། བོད་དམག་སྒྲིག་གཞི་རྒྱ་སྐྱེད་ཆེད་དམག་ཕོག་འབྲུ་རིགས་འཕར་མ་བསྡུ་ཕྱིར་འབབ་ཞིབ་ལས་ཁུངས་ཞེས་པ་གསར་བཙུགས་ཐོག་འབབ་ཞིབ་འགེལ་ཡུལ་སྡེ་དཔོན་མི་དྲག་དང་། ཡབ་གཞིས་ཁག །སྒེར་པ། ཆོས་གཞིས་བཅས་ལ་ས་ཞིང་སྦུག་བཟོས་འཕར་མ་ཡོད་རིགས་དང་། བཀའ་གཞིས། མདའ་གཞིས། སྒེར་པ་ཞབས་སྡོད་མ་ཞུས་པའི་ཕ་གཞིས་སོགས་ལ་ཞིབ་འཕར་ འབྲུ་རིགས་འཕར་འགེལ་བྱས་ཏེ་མི་ཚང་ཆེ་རིགས་ལ་འབྲུ་ཁལ་སྟོང་ཕྲག་བཞི་ལྔ་ དང་། དེ་འོག་ལ་ཁལ་བརྒྱ་ཕྲག་ཁ་ཤས་འགེལ་དཀྲི་བྱས་སྟབས་འབྲུ་རིགས་ཧ་ཅང་ཕོན་ཆེན་བྱུང་རུང་། སྡེ་དཔོན་མི་དྲག་ཆེ་གྲས་ཁག་ལ་འབབ་འཁྲི་ཆེན་པོ་བྱུང་སྟབས་མཐོ་རིམ་མི་སྣ་ཁག་གཅིག་ནས་མ་དགའ་བའི་གླེང་ཕྱོགས་ཆེན་པོ་བཟོས་ཀྱང་ཏྭ་ལའི་བླ་མའི་གཟིགས་བསྐྱངས་ལ་བརྟེན་གནོད་འཚེ་གཏོང་ཐབ་མི་འདུག །འོན་ཀྱང་དེའི་རྐྱེན་པས་རྗེས་སུ་ལུང་ཤར་ལ་ཆག་སྒོ་ཚབས་ཆེན་ཞིག་འཕྲད་པ་རེད། དེ་ནི་རྩིས་དཔོན་དང་འབབ་ཞིབ་དོ་དམ་ཡིན་མུས་ཐོག་ཏྭ་ལའི་བླ་མས་དམག་སྤྱིའི་འཚོ་འཛིན་ཞེས་དམག་སྤྱི་ཁང་གི་ལས་འགན་ཡང་གནང་བ། སྐབས་ དེར་རྩིས་དཔོན་ལུང་ཤར་ཞེས་སྙན་གྲགས་ཆེ་སྒང་གི་དུས་སྐབས་ཤིག་ཡིན་ལ་ཏྭ་ལའི་ བླ་མའི་ཐུགས་བློས་འགེལ་ཡུལ་ཞིག་ཀྱང་ཡིན་སྟབས་ནང་དོན་གྱི་ཕྱག་བྲིས་གལ་ཆེའི་ རིགས་ཞབས་ཞུ་གནང་བ་ དང་། ཏྭ་ལའི་བླ་མས་ཀྱང་གཟིགས་སྐྱོང་གི་རྣམ་པས་ཐུགས་ རྗེ་ཆེན་པོའི་སྐུ་བརྙན་གསེར་གྱི་དབུ་རྒྱན་སྙན་རྒྱན་ཡོད་པ་རྩ་ཆེན་ཞིག་གསོལ་ རས་གནང་སྟེ་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་ཐུགས་སྨོན་གནང་གི་ཡིན་ཞེས་སོགས་ དབུགས་དབྱུང་སྩལ་བའི་སྐལ་བ་བཟང་པོ་ཞིག་བྱུང་རུང་། དེ་ རྗེས་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ལགས་དང་ཁོང་གཉིས་ཤུགས་ཆེ་མཉམ་ཡིན་སྟབས་ སྤྱན་བསལ་ནང་ཁུལ་མཐུན་པོ་མ་བྱུང་བས་བརྙད་འཚོལ་ཆེད་ཏྭ་ལའི་བླ་མར་གླེང་ཕྱོགས་ མང་པོ་ཞུ་གི་ཡོད་འདུག དཔེར་ན་ལུང་ཤར་རོལ་ཆ་གཏོང་རྒྱུར་དགའ་པོ་ཡོད་སྟབས་ཟླ་རེ་བཞིན་ཉིན་གཉིས་ཙམ་ རིང་རོལ་ཆ་གཏོང་རོགས་ཚོ་དང་མཉམ་དུ་འཛོམས་ཏེ་ཉིན་གུང་ཙམ་ནས་གཞས་དང་ཞབས་བྲོ་ བརྒྱབ་སྟེ་སྡོད་ཀྱི་ཡོད་ལུགས་སོགས་སྙན་ཕྲ་ཞུས་སྟབས་གཞུང་དོན་ལས་ཀར་དོ་འཁུར་ མ་བྱས་པ་ལྟ་བུའི་དགོངས་ཕྱོགས་བྱུང་ཏེ་དམག་སྤྱིའི་ལས་འཁུར་ཕྱིར་འཐེན་དང་ རྩིས་དཔོན་རང་འཇགས་སུ་འཇོག་པ་གནང་། ཡིན་ནའང་ནང་དོན་གལ་ཆེའི་ཕྱག་བྲིས་ཞབས་ཞུ་སོགས་སྔར་བཞིན་གནང་བ་མ་ཟད་ལས་དོན་སྐོར་གྱི་བཀའ་སམ་ཡང་ཆིབས་གཡོག་གདོང་རྟག་ཏུ་ཕེབས་ཀྱི་ཡོད་འདུག།
        རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མྱ་ངན་ལས་འདས་རྗེས་སུ་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དེ་སྔོན་དབྱིན་ལན་ དུ་ཕེབས་སྐབས་ཕྱི་རྒྱལ་ལམ་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས་ས་གནས་ སྲིད་གཞུང་གི་ལམ་ལུགས་ལ་ཕྲན་བུ་སྒྱུར་བཅོས་བྱེད་རྩིས་ཀྱིས་སྐྱིད་ཕྱོགས་ཀུན་ མཐུན་༼ལུང་ཤར་ལས་འགུལ་ཡང་ཟེར༽ཞེས་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་པར་དེ་ལམ་ སེང་རྒྱ་ཆེར་ཕྱིན་ཏེ་དཔོན་རིགས་མི་གྲངས་བརྒྱ་སྐོར་དང་། འབྲས་སྤུངས་སོགས་སྡེ་པ། སེ་ར་བྱམས་སྨོན་སྡེ་པ། དགའ་ལྡན་གྱི་མཐུས་མི་ཀོང་པོ་འཕྲིན་ལས་རྒྱ་མཚོ་སོགས་རིམ་པས་འཛུལ་བ་དང་། སྒྲིག་ འཛུགས་དེའི་ནང་ཞུགས་སྐབས་སྤྱི་སྒྲིག་གན་རྒྱའི་གཤམ་དུ་སོ་སོའི་མིང་ཐོ་ས་ཡིག་ རེ་རྒྱག་དགོས་པར་ས་ཡིག་དང་པོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིང་བཀོད་པ་དང་། དེའི་འོག་གཅེན་པོ་ཆ་པ་རུ་ཟུར་དང་རང་གི་བུ་ལྷ་ཀླུ་སོགས་ནས་མོས་མཐུན་ས་རྟགས་བཀོད་ཡོད་པ་དང་། གོང་གསལ་དཔོན་རིགས་དང་སེ་འབྲས་དགེ་གསུམ་གྱི་འཐུས་མིས་ཀྱང་ས་ཡིག་བརྒྱབ་ཡོད་པ་རེད། སྒྲིག་ འཛུགས་ནང་གསང་བའི་གྲོས་བསྡུར་རིམ་པར་བྱས་པའི་གཙོ་བོའི་དགོས་དོན་ནི་དང་ཐོག་ བཀའ་ཤག་ནང་གི་བཀའ་བློན་རྣམས་ལོ་འཁོར་བཞི་རེར་གཏན་འཁེལ་ཐེངས་རེ་བྱ་རྒྱུ་དང་། དེ་ཡང་མི་འགྲོ་སུ་འོས་ཚོགས་འདུས་འདེམས་ཤོག་འཕེན་རྒྱུ་ཞིག་དགོས་ཚུལ་སོགས་སྲིད་གཞུང་ལ་ཞུ་ཐོ་དང་སྦྲགས་ཞུ་རྒྱུར་གཏན་འཁེལ་གྱིས་བཀའ་ཤག་བརྒྱུད་ཞུ་ཐོ་སྤྲད་པ་དང་། སྐབས་དེར་ཚོགས་པ་དེའི་ཁོངས་ཡོད་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ནི་ལུང་ཤར་གྱི་ནང་མའི་བློས་འགེལ་གྲོགས་པོ་གཙོ་བོ་ཡིན་རུང་། ཁོང་ སྒེར་གྱི་ཁེ་ཕན་ལ་བསམ་བློ་བཏང་བའམ་གང་ལྟར་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་ བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་སར་ཕྱིན་ཏེ་སྒྲིག་འཛུགས་ཀྱི་གནས་ཚུལ་ཚང་ མ་བཤད་པས་མ་ཚད་ད་དུང་བཀའ་བློན་ཚོ་གསོད་རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་ཏེ་བཤད་ སྟབས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་ཞེད་སྣང་དང་དངངས་ཚབས་ཧ་ཅང་ཆེན་པོ་ བྱུང་སྟེ་ལམ་སེང་རྒྱལ་ཚབ་རྭ་སྒྲེང་གི་སྐུ་མདུན་དུ་ཕྱིན་ནས་ལས་འགུལ་འདིའི་ བྱེད་གཏེ་གཙོ་བོ་རྩིས་དཔོན་ལུང་ཤར་འཛིན་བཟུང་བྱེད་དགོས་ཞུ་སྐབས། རྭ་ སྒྲེང་རྒྱལ་ཚབ་དང་རྩིས་དཔོན་ལུང་ཤར་གཉིས་དེ་སྔོན་ནས་འབྲེལ་བ་ཡག་ཙམ་ཡོད་པས་ ཕྲན་བུ་ཀ་ཀོར་གནང་ཡང་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ནས་མཐའ་བཀག་ཨུ་ ཚུགས་ཞུས་རྐྱེན་རྒྱལ་ཚབ་རིན་པོ་ཆེ་ཡང་ཕྱག་ལས་ཐུགས་འགན་བཞེས་ནས་ཟླ་བ་གཉིས་ ཙམ་ལས་མ་སོང་བས་ཐུགས་རྒྱུས་དང་ནུས་པ་ཆེར་མེད་པ་བཅས་ལ་བརྟེན་ཞལ་བཞེས་མ་ གནང་མཐུ་མེད་བྱུང་བ་ཡིན་ཚོད་དང་། དེ་འཕྲལ་བཀའ་བློན་ཁྲི་སྨོན་པ་འབྲས་སྤུངས་དགོན་དུ་བྲོས་ཕྱིན་པ་རེད། ཤོད་ གཟིམ་འགག་ནས་རྩིས་དཔོན་ལུང་ཤར་སར་བང་ཆེན་ཞིག་བཏང་སྟེ་ཚོགས་འདུ་གལ་ཆེན་ཞིག་ ཡོད་པས་མགྱོགས་པོ་ཕེབས་རོགས་ལབ་པར། ལུང་ཤར་གྱི་བསམ་པར་འཆར་ཅན་གྱི་ཚོགས་འདུ་ཡིན་ཤག་བྱས་ཏེ་སྣང་མེད་ངང་འགྲོ་ སྐབས་ཤོད་གཟིམ་འགག་ནས་བཀའ་བསྒྱུར་བཏང་དོན་དུ་ཁོང་འཛིན་བཟུང་བཙོན་འཇུག་བྱ་ རྒྱུ་ཡིན་ལུགས་བཤད་དེ་ཟུར་དུ་བཞག་ཐོག །འགོ་བྱེད་རྣམས་བཙོན་ཁང་གྲ་སྒྲིག་བྱེད་པར་འགྲོ་སྐབས་ལུང་ཤར་སར་སྲུང་བྱ་གཉིས་ཙམ་ལས་མེད་པའི་བར་གསེང་ཞིག་བྱུང་དུས་ལུང་ཤར་གྱིས་བསམ་བློའི་ནང་གཡོག་བློ་ལྡན་གྱི་ཨམ་ཕྲག་ནང་མེ་མདའ་བསྐུར་ཡོད་པ་དེ་དྲན་གསོས་ཏེ་གཡོག་པོའི་ས་ནས་མེ་མདའ་ལེན་རྩིས་ཀྱིས་རྒྱུགས་ཕྱིན་སྐབས། རྩེ་ ལྟག་སྒོ་རྒྱབ་ཏུ་སླེབས་གྲབས་ཡོད་དུས་གཡོག་བློ་ལྡན་གྱིས་ཀྱང་སྦྱིན་བདག་ རྒྱུགས་ཡོང་གི་ཡོད་པ་མཐོང་སྟེ་སྐུ་ངོ་མེ་མདའ་འདིར་ཡོད་ཅེས་ལག་པ་བརྐྱངས་ཏེ་ མེ་མདའ་སྤྲོད་པར་ཡོང་འཕྲལ་མཐའ་བསྐོར་དུ་ཡོད་པའི་གད་པ་ཁང་གཉེར་མང་པོས་གཡོག་ བློ་ལྡན་ལ་ལག་རུབ་བརྒྱབ་སྟེ་མེ་མདའ་འཕྲོག་ནས་ཁོ་པ་བཟུང་འཁྲིད་བྱས་པ་རེད། ལུང་ཤར་ ཡང་མེ་མདའ་ལག་སོན་མ་བྱུང་བར་ཅི་བྱ་གཏོལ་བྲལ་དུ་ལུས་མུར་དེ་འཕྲལ་ཤོད་གཟིམ་ འགག་སོགས་མི་མང་པོ་ཡོང་ནས་བཟུང་འཁྲིད་ཀྱིས་རྩེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་ བྱས། གསང་གྲོས་སྐྱོན་འདོན་ར་སྤྲོད་བྱེད་མཁན་ཞིག་དགོས་སྟབས་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ཡང་བཙོན་འཇུག་ཡིན་ཁུལ་བྱས། དེ་བཞིན་ལུང་ཤར་དོན་རྐྱེན་ནང་མཉམ་ཡོད་བྱེད་གཏེའི་གྲས་ལྕང་ཅན་གུང་ཟུར་བསོད་ནམས་རྒྱལ་པོ་དང་། བཤེར་དཔང་རྒྱལ་ནང་པ། ཕྱག་དཔེ་དོ་དམ་རྩེ་དྲུང་ལས་ཚན་ཐུབ་བསྟན་དགེ་ལྡན། རྩེ་དྲུང་ལས་ཚན་ནམ་མིང་འདོགས་ལ་ཐ་ཁ་ལི་ཟེར་བ་ཞིག་དང་། ཤོད་དྲུང་སྨན་རི་བ། ཤོད་དྲུང་བྲག་མཐོན་པ། ཤོད་དྲུང་ཡུལ་ལྷ་བ་བསྟན་པ་ཚེ་དབང་། སྐུ་སྲུང་རུ་དཔོན་ཆ་པ་དབང་ཆེན་གཡུ་ལྷ། ལུང་ཤར་གྱི་བུ་ལྷ་ཀླུ་བཅས་འཛིན་བཟུང་བྱས། 
        ལས་དོན་དེར་ཞིབ་དཔྱོད་པ་ནི་མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་།   དམག་སྤྱི་སྣང་དཀར་དབང་ཕྱུག་མཐར་ཕྱིན།   ལྷ་གཉེར་བདེ་མཁར་བ་ཚེ་དབང་རབ་བརྟན༼ཀླུ་ཁང་པ༽། རྩེ་ དྲུང་བསྟན་པ་འཇམ་དབྱངས་བཅས་ལ་བསྐོ་བཞག་བྱས་ཏེ་ཞིབ་བཤེར་སྐབས་ཀ་ཤོད་ཆོས་ རྒྱལ་ཉི་མས་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་རྣམས་གསོད་རྩིས་ཡོད་ ཚུལ་ཁ་སྣོན་བརྒྱབ་སྟེ་བཤད་པར། ལུང་ཤར་ནས་ཞུ་དོན། “གསར་བཅོས་ནང་བཀའ་ཤག་གི་བཀའ་བློན་རྣམས་འདེམས་ཤོག་འཕེན་དགོས་པ་ཞིག་མ་བྱུང་ཐབས་མེད་སྐོར་ཡོད་པ་ལས་གསོད་རྒྱུའི་གྲ་སྒྲིག་ནི་མེད་ཅེས་བཤད་ཀྱང་མགོ་ཕྱོགས་དཔུང་ཉེ་བུས་ཞིབ་དཔྱོད་པ་རྣམས་ཀྱིས་ཉན་ཤེས་རྩ་བ་ནས་མ་བྱས་སྟབས།   ལུང་ཤར་པས་ཞུས་པར་བདག་སྤྲོད་མ་གནང་ན་ད་ནི་ཁྱོད་ཚོས་ག་རེ་གནང་ན་ཡང་གནང་རོགས་གནང་། ངས་ནི་སྐད་ཆ་ཚིག་གཅིག་ཤོད་ཀྱི་མིན་ཞེས་བརྗོད་པར་བརྟེན། ཞིབ་དཔྱོད་པ་ཚོས་འཆར་གཞི་བཟོས་ཏེ་ཉེས་ཆད་དུ་མིག་འབྲས་གཉིས་ཀ་འདོན་རྒྱུ་བཀོད་ནས་ཕུལ་བར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས། ང་ནི་བླ་མ་ཡིན་པས་འདིར་ལག་རྟགས་བརྒྱབ་ན་མི་འགྲིག་ཁྱེད་ཚོས་གཟིགས་རོགས་གནང་གསུངས་པར། སྲིད་བློན་གླང་མདུན་ནས་ཐུགས་ཁག་མི་འདུག་ང་ཚོས་ཞུས་ཆོག་ཅེས་བཤད་ནས་དེ་འཕྲལ་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་དང་། བཀའ་བླ་དགེ་འདུན་ཆོས་དར། བཀའ་བློན་གནང་བྱུང་བ། སྣེ་ མགྲོན་ཕུན་རབ་པ་བཅས་དང་ནང་གྲོས་ཀྱིས་རུ་སུ་དམར་པོའི་ལས་ལུགས་བྱས་པ་རེད་ཅེས་ སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་ནས་ལག་རྟགས་བཀོད་དེ་སྤྱན་གཉིས་བཏོན་ ནས་ཚེ་བཙོན་དུ་ཐག་གཅོད་བྱས། ལེ་ཐོགས་བྱིངས་རྣམས་རྒྱང་འབུད་དུ་བཏང་། འདིའི་སྐོར། དངོས་བྱུང་བདེན་པའི་རང་སྒྲ་ཉམས་མྱོང་རྣ་རྒྱན་ཡིད་ཀྱི་བཅུད་[13]ལེན་ ལས།རྩིས་དཔོན་ལུང་ཤར་བ་གསོན་པོར་མིག་འབྲས་བཏོན་ཕྱུང་ཚེ་བཙོན་བཅུག །དེ་ཡང་སྐབས་དེར་སྲིད་བློན་གླང་མདུན་རྒྱལ་ཚབ་ཀྱི་ཕྱག་རོགས་སུ་ཡོད་སྟབས་འཆར་ གཞིར་སྲིད་བློན་ལ་ཕྱག་རྟགས་གནང་རོགས་ཞུས་ཚུལ་ཉེས་མེད་ཁག་དཀྲི་གནང་ཡང་། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ།། བརྩེ་བའི་བདག་ཉིད་ཅན་ཡང་དུད་འགྲོར་འགྲོ།། ཞེས་གསུངས་པ་ལྟར། བོད་ཡུལ་ཁྱོན་ལ་གྲགས་པའི་རྒྱལ་ཚབ་རྭ་སྒྲེང་གང་དེའི་མཚན་སྙན་དང་། རྣམ་ཐོས་བུ་ལ་འགྲན་པའི་དཔལ་འབྱོར། རི་ལྟར་བརྟན་པའི་རྒྱ་བོད་དཔུང་གི་རྒྱབ་རྟེན་གང་གིས་ཀྱང་མ་ཕན་པར་མཐའ་མཇུག་ བཙོན་དོང་ནང་སྡུག་བསྔལ་དངངས་སྐྲག་མི་བཟོད་མུར་སྐུ་ཚེའི་འདུ་བྱེད་གཏོང་དགོས་ གྱུར་པ་དེ་ཐོག་ནས་མིག་འབྲས་འདོན་མི་སུ་ཡིན་ལས་འབྲས་ཀྱིས་ཤན་འབྱེད་གསལ་བཤད་ བྱས་པ་མ་ཟད། བྱུང་རིམ་འདི་ནི་བོད་སྤྱིའི་ཡར་རྒྱས་མདུན་ལམ་དགག་པའི་རི་བོ་ཆེན་པོ་ཞིག་ཆེད་ དུ་བཟོས་པ་ལྟ་བུ་ཡིན།ཞེས་དོན་དུ་རྭ་སྒྲེང་ཉིད་ཀྱིས་དབང་ཆ་བེད་སྤྱོད་ལོག་ པར་བཏང་སྟེ་གང་བྱུང་དྲན་ཚད་ཀྱིས་མི་གསོན་མིག་འབྲས་ཕྱུང་བའི་ལས་ངན་གྱི་འབྲས་ བུ་རྭ་སྒྲེང་རང་ལ་འཁོར་ཚུལ་བཤད་འདུག་ཀྱང་། གང་ལྟར་དེ་ལྟའི་ལག་བསྟར་དེས་བྱུང་དང་འབྱུང་འགྱུར་གྱི་རང་ཡུལ་གཅེས་ཤིང་བློ་ གྲོས་དང་ལྡན་པའི་ལྷག་བསམ་ཅན་ཀུན་གྱི་མགོ་བོ་འཇིགས་ཟིལ་གྱི་རི་བོ་ཆེ་པོ་ཞིག་ གིས་མནན་སྟབས་རང་ཡུལ་སྨན་པའི་སྨྲ་བརྗོད་ཀྱི་འགུལ་བསྐྱོད་ནི་ནམ་མཁའི་མེ་ཏོག་ གི་ཟླ་བོར་གྱུར་པར་བརྟེན། བཀས་བཀོད་རྒྱུད་འཛིན་ཞིང་འབྲས་ལམ་ལུགས་ལ་བཅིངས་འགྲོལ་བཏང་ཚུལ་གྱི་ཁ་གཡར་ཏེ་ བྱུས་མེད་བྱུས་འཁྲི་དཔལ་ཐལ་ཧམ་བཤད་ཀྱིས་ལོ་ངོ་སྟོང་ལྷག་གིས་ལོ་རྒྱུས་ལྡན་ པའི་གངས་ལྗོངས་བོད་རྒྱ་ཁབ་ཆེན་པོའི་མངའ་ཁོངས་སུ་བཙན་འཛུལ་གྱི་གོ་སྐབས་འདི་ བྱུང་བ་རེད། དེ་ཡང་། དངོས་བྱུང་བདེན་པའི་རང་སྒྲ་ཉམས་མྱོང་རྣ་རྒྱན་ཡིད་ཀྱི་བཅུད་ལེན་ལས། ཐུབ་བསྟན་ནོར་བཟང་ང་གཉིས་ཡང་ཡང་མཇལ་འཛོམས་སྤྱི་བྱེའི་བཀའ་མོལ་ཞོར་འཕྲོས་སུ་ རང་གི་ཞེ་འདོད་ལྟར་བཅོས་བསྒྱུར་ལ་དགའ་མོས་དང་། ལུགས་རྙིང་ལ་སྐྱོན་སྨོད་ཀྱི་སྐད་ཆ་ཡང་ཡང་གླེང་མོལ་ཡོང་སྐབས་ཉིན་གཅིག་ཁོང་ གིས་སྐུ་ཞབས་ཁྱེད་རང་གི་དགོངས་པ་བཞེས་སྟངས་ཧ་ཅང་ཡག་པོ་འདུག་ཀྱང་དེ་དག་ བསྒྲུབ་ཐུབ་རྒྱུ་ཤིན་ཏུ་དཀའ་བ་དེ་སྔ་ཁྱེད་རང་དགུང་ན་ཕྲ་བས་མ་གཟིགས་མྱོང་ མེད་ཀྱང་ང་རང་དེ་དུས་རྩེ་གཡུལ་རྒྱལ་ལྕོག་ཏུ་སྡོད་ཀྱི་ཡོད་པ་ཞོལ་དུ་མི་གསོན་ པོའི་མིག་འབྲས་བཏོན་པའི་ཤུལ་དུ་སྣུམ་འཁོལ་མ་བླུགས་པའི་དམར་དྲི་དངོས་སུ་ཁ་ མྱོང་། དེ་ཚོ་ཐུགས་ལ་བཞག་དགོས་ཞེས་ཤ་ཚའི་སློབ་སྟོན་གནང་བྱུང་། ཞེས་པ་ལས་ཀྱང་ཤེས་ཐུབ། སླར་ཡང་འཕྲོས་ལ་ཅུང་ཟད་འཇུག་པར་བྱ་སྟེ། གཅེན་པོ་ཆ་པ་རུ་ཟུར་དང་ལུང་ཤར་གྱི་བུ་ལྷ་ཀླུ་གཉིས་ཐོག་མའི་ས་ཡིག་རྒྱག་མཁན་རེད་ཅེས་ལག་པ་རེ་རེ་གཅོད་རྒྱུ་བྱས་སྐབས་ཕ་བོང་ཁའི་བླ་མ་རིན་པོ་ཆེ་དང་།  སེར་ བྱེས་མཁན་པོ་ཐུབ་བསྟན་སྙིང་པོ་རྣམ་གཉིས་ནས་བཀའ་བློན་ཁྲི་སྨོན་ལ་ཞུ་སྐུལ་ རོགས་རམ་ཤུགས་ཆེན་གནང་སྟབས་བཀའ་བློན་ཁྲི་སྨོན་ནས་ལག་པ་གཅོད་མ་དགོས་པ་བྱས་ ཆོག་ཅེས་ཁས་ལེན་ཞུས་ཏེ། ལས་ཞབས་གནས་དབྱུང་ཐོག་སླད་ལུང་ཤར་མི་རྒྱུད་ནས་ས་གནས་སྲིད་གཞུང་གི་དཔོན་རིགས་བྱས་མི་ཆོག་པའི་ཉེས་ཆད་བཏང་། ལུང་ཤར་བཙོན་ཁང་ནང་བཞུགས་དུས་གསོལ་ཆས་སོགས་རང་ཁྱིམ་ནས་ཉིན་ལྟར་ཕུལ་སྐབས་གསོལ་སྨན་དང་དགོས་མཁོ་ཙག་རྩིག་དགོས་རིགས་སྤྱན་ཤོར་རུང་ཚོད་བྲིས་གནང་བའི་ཕྱག་བྲིས་ཐུང་ཐུང་རེ་བསྐུར་གནང་གི་ཡོད་འདུག །རྫ་རོང་ཕུའི་བླ་མ་སྐུ་གོང་མ་དེ་ལུང་ཤར་གྱི་ཆོས་ཞུ་སའི་བླ་མ་ཡིན་གཤིས་ཁོང་ལ་འབུལ་རྒྱུའི་ཞུ་ཡིག་ཞིག་ཨེམ་རྗེ་ཐུབ་བསྟན་ལགས་ཟེར་བར་འབྲི་རོགས་གསུངས་ཏེ་ལུང་ཤར་ནས་སྤོས་བྲིས་གནང་བ་ཞིག་ཡོད་པ་དེའི་ནང་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་རྩོམ་ཡིག་ཚིགས་བཅད་མ་ཞིག་ཡོད་པ། “ལོ་[14]མང་སོང་སྟབས་ང་རང་ནས་༼ལྷ་ཀླུ་ཚེ་དབང་རྡོ་རྗེ་༽ཚིག་དོན་བྱིངས་ཕལ་ཆེར་བརྗེད་རུང་ད་ལྟ་བློ་ལ་ངེས་པ་ཚིག་ཁ་ཤས་གཤམ་གསལ།སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།། བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།། དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།། རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།། ཆུ་ལྦུར་མིག་གཉིས་ས་ལ་དབྱུངས་ན་ཡང་།། ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།། མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།། བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།། འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།། གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།། རང་སྣང་འོད་གསལ་ཀློངས་ཡངས་ཕུག་པ་ནས།། སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།། རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་བཅས་ཕུལ།།ཞེས་སོགས་འཁོད་ཡོད་འདུག།།
ཕ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དྲན་གསོ་བྱེད་པ། ཞེས་པ་ལས་དེ་རྗེས་ང་རང་༼ལྷ་ཀླུ་ཚེ་དབང་རྡོ་རྗེ་༽སླར་ཡང་ཞབས་སྡོད་ཞུ་ཐུབ་པ་མ་ཟད་བཀའ་ཤག་ནང་བཀའ་མགྲོན་ཡང་བྱེད་ཐུབ་གཤིས།  བཀའ་བློན་རྣམས་དང་འབྲེལ་ཟབ་ཆེ་ཙམ་བྱུང་སྟབས་པྭ་ལགས་གློད་ དཀྲོལ་ཡོང་ཐབས་སྐོར་བཀའ་ཤག་བརྒྱུད་སྙན་ཞུ་ཕུལ་ཐོག་རྭ་སྒྲེང་རིན་པོ་ཆེའི་ སྐུ་མདུན་དུ་ངོ་བཅར་བདེ་སྡུག་ཞུས་པར་རྭ་སྒྲེང་རིན་པོ་ཆེ་ནས་གསུངས་དོན་ལུང་ ཤར་འཛིན་བཟུང་བྱེད་སྐབས་ང་རང་ནས་འགོག་ཐབས་བྱས་རུང་བཀའ་བློན་ཁྲི་སྨོན་དང་ གླང་མདུན་སོགས་ནས་མ་ཉན་སྟབས་བྱ་ཐབས་ཟད་སོང་། དེ་ སྐབས་ངའི་བསམ་བློའི་ནང་ལུང་ཤར་ལ་གསང་བརྡ་ཞིག་གཏོང་རྒྱུ་བྱུང་ན་སྙམ་ཡང་ང་རང་ ནི་ཕྱི་ལ་འགྲོ་ཐབས་མེད་པ་དང་མི་གཞན་ནི་དེ་བས་གཏོང་བློས་མི་བཟོད་པས་ཐབས་ སྡུག་ཤིག་ཆགས་སོང་ཞེས་གསུངས་བྱུང་བ་མ་ཟད། གློད་དཀྲོལ་དོན་སྨིན་ཀྱང་གནང་རྐྱེན་པྭ་ལགས་ནང་དུ་ཕྱིར་ལོགས་ཕེབས་ཐུབ་པ་བྱུང་།ཞེས་གསལ་བས་དོན་ངོ་མར་རྒྱལ་ཚབ་རྭ་སྒྲེང་གིས་ལུང་ཤར་མིག་འབྲས་འདོན་རྒྱུའི་ཐུགས་འདོད་མེད་པ་དངོས་སུ་གསལ་འདུག་སྙམ། མིག་འབྲས་གཉིས་འདོན་སྐབས་ཐོག་མར་གླང་ཆེན་སྨྱོན་པ་ཟེར་བའི་སྨན་ཞིག་སྟེར་གྱི་ཡོད་པ་དང་། དེ་ནས་ཡ་ཁུང་གཡས་གཡོན་དུ་གཡག་གི་ཨ་ཆུག་རེ་རེ་བཞག་སྟེ་མགོ་བོ་ཐག་པས་དམ་པོ་བསྡམས་ནས་བཙིར་ཐོག་མིག་འབྲས་གཉིས་ཕྱིར་ཐོན་བཅུག་གི་ཡོད་པ་རེད། སྐབས་དེར་སྤྱི་ཚོགས་ཀྱི་གླེང་ཕྱོགས་ནང་མཐོ་རིམ་མི་སྣ་ཁག་གཅིག་ནས་དེ་སྔོན་ཞིབ་འཕར་འབྲུ་རིགས་བཀལ་བས་རྩིས་དཔོན་ལུང་ཤར་ལ་འཁོན་འཛིན་གྱི་སྙིང་ཚིམ་པའི་རྣམ་འགྱུར་སྟོན་མཁན་ཡང་བྱུང་ཡོད་པ་རེད།།

 བྱམས་པ་ནོར་རྒྱལ་པས། རྒྱལ་རབས་ལ་རང་སྦྱོང་ཙམ་ཡོང་ཆེད་ཕྱི་ལོ་༡༩༡༡།༣།༣༠། ཉིན་རྫོགས་པར་བྲིས།

དཔྱད་གཞིའི་ཡིག་ཆ་ཁག་གི་མཚན་ཐོ།
བོད་ཀྱི་སྲིད་དོན་རྒྱལ་རབས།
བོད་ཀྱི་ལོ་རྒྱུས་རིག་གནས་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས། བཅུ་གཉིས་པ།
བོད་ཀྱི་ལོ་རྒྱུས་རིག་གནས་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས། ལྔ་པ།
བོད་ཀྱི་ལོ་རྒྱུས་རིག་གནས་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས། བཅུ་དྲུག་པ།
མི་ཚེའི་མྱོང་ཚོར་གསལ་བར་བཤད་པ། ངག་རྒྱུ་ལོ་རྒྱུས་དེབ་ཕྲེང་། བཅུ་ལྔ་པ།
དངོས་བྱུང་བདེན་པའི་རང་སྒྲ་ཉམས་མྱོང་རྣ་རྒྱན་ཡིད་ཀྱི་བཅུད་ལེན། ངག་རྒྱུས་ལོ་རྒྱུས། དེབ་ཕྲེང་ཉི་ཤུ་པ་བཅས་ཡིན།
ཕ་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་དྲན་གསོ་བྱེད་པ། རྒྱུ་ཆ་བདམས་བསྒྲིགས་འདོན་ཐེངས་གང་ཡིན་མ་དྲན།
[1] ༸གོང་ས་བཅུ་གསུམ་པ་རྗེས་དྲན་གྱི་མཛད་སྒོའི་ཐོག་སྩལ་བའི་གསུང་བཤད། བོད་ཀྱི་བང་ཆེན་དྲྭ་རྒྱ་ལས་དྲངས།
[2] རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་ལྔ་པ། ཤོག་གྲངས། ༡༡༠། ༡༡༡ ཧོང་མུའོ་སུང་བོད་བསྐྱོད་ཀྱི་གནས་ཚུལ་དངོས་བཀོད་པ། ཁུང་ཆིང་ཙུང་། མི་རིགས་དཔེ་སྐྲུན་ཁང་།
[3] བོད་ཀྱི་སྲིད་དོན་རྒྱལ་རབས། ཤོགས་གྲངས། ༣༢༤ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ཀ་བློན་སྦུག་ཞྭ་སྒབ་ཤག །
[4] རྒྱ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས་༡༢པ
བོད་ས་གནས་སྲིད་གཞུང་གི་སྲིད་དོན་འགངས་ཆེ་འགའ་ཞིག་གི་གནས་ཚུལ་མཐོང་ཐོས་དངོས་བྱུང་བཤད་པ་ཞེས་པའི། ངོས་ཤོག ༥པ་ནང་གསལ། ལྷའུ་རྟ་ར་ཐུབ་བསྟན་བསྟན་དར། མི་རིགས་དཔེ་སྐྲུན་ཁང་།
[5] རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས་༡༥པ། ཤོག་གྲངས། ༡༡༣ ཁུང་ཆིང་ཙུང་། མི་རིགས་དཔེ་སྐྲུན་ཁང་།
[6] རྒྱུ་ཆ་བདམས་བསྒྲིགས། མཐོང་ཐོས་དངོས་བྱུང་བཤད་པ། ཤོག་གྲངས། ༧ ལྷའུ་རྟ་ར་ཐུབ་བསྟན་བསྟན་དར། མི་རིགས་དཔེ་སྐྲུན་ཁང་།
[7] རྒྱུ་ཆ་བདམས་བསྒྲིགས། མཐོང་ཐོས་དངོས་བྱུང་བཤད་པ། ཤོག་གྲངས། ༥། ལྷའུ་རྟ་ར་ཐུབ་བསྟན་བསྟན་དར། མི་རིགས་དཔེ་སྐྲུན་ཁང་།

[8] ལྷ་བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་ ༡༦ ཤོག་གྲངས། ༥༦ ཀླུ་ཚེ་དབང་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་།
[9] བོད་ཀྱི་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས། ༡༢ ཤོག་གྲངས། ༤ ལྷའུ་རྟ་ར་ཐུབ་བསྟན་བསྟན་དར། མི་རིགས་དཔེ་སྤྲུན་ཁང་།                    
[10] རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས། ༡༦། ཤོག་གྲངས། ༥༨།༥༩ནང་གསལ། ལྷ་ཀླུ་ཚེ་དབང་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་།
[11] རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་ལྔ་པ། ཤོག་གྲངས། ༤ ལྷ་ཀླུ་ཚེ་དབང་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་།
[12] རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་ལྔ་པ། ཤོགས་གྲངས། ༨༡ ཕྲན་རྩ་རྟ་མགྲིན་རྒྱལ་པོ། མི་རིགས་དཔེ་སྐྲུན་ཁང་།
[13] དངོས་བྱུང་བདེན་པའི་རང་སྒྲ་ཉམས་མྱོང་རྣ་རྒྱན་ཡིད་ཀྱི་བཅུད་ལེན། ངག་རྒྱུས་ལོ་རྒྱུས། དེབ་ཕྲེང་། ༢༠ བར་ཞི་རྗེ་དྲུང་ངག་དབང་བསྟན་སྐྱོང་། བོད་ཀྱི་དཔེ་མཛོད་ཁང་།
[14] རྒྱུ་ཆ་བདམས་བསྒྲིགས། ཕ་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་དྲན་གསོ་བྱེད་པ། ལྷ་ཀླུ་ཚེ་དབང་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་། 

No comments:

Post a Comment