Sunday 15 October 2023

གྲུབ་ཆེན་ས་ར་ཧ་དང་། ཀུན་མཁྱེན་ཀློང་ཆེན་པའི་གསུང་།

 ས་ར་ཧའི་གསུང་། གསང་ཆེན་སྨྱོན་པའི་སྤྱོད་པ་ལྷག་པར་བྱས་ནས་ནི།། བྱ་མིན་མི་བྱ་མིན་པའི་སྤྱོད་པ་རང་ཤུགས་ཀྱིས།། གླང་ཆེན་མཚོ་རུ་འཇུག་འདྲ་རྟག་ཏུ་སྨྱོན་སེམས་ཀྱིས།། སྨད་པའི་ཆོས་རྣམས་སྤྱད་ན་གྲོལ་བར་མདའ་བསྣུན་སྨྲ།། ཞེས་དང་། ཀུན་མཁྱེན་ཀློང་ཆེན་པས། དུར་ཁྲོད་ལ་སོགས་དབེན་པའི་གནས་སོང་སྟེ།། མི་གཙང་ངོ་ཚ་ཚུལ་འཆོས་རབ་སྤངས་ལ།། གཉིས་མེད་རང་གྲོལ་ལྟ་སྒོམ་ངང་ཉིད་ནས།། བླ་དོར་འཛིན་མེད་སྨྱོན་པའི་བརྟུལ་ཞུགས་ཀྱིས།། འགྲོ་དང་འདུག་དང་མཆོང་དང་རྒྱུག་པ་དང་།། སྨྲ་དང་དགོད་དང་ངུ་དང་གླུ་ལེན་དང་།། དགའ་དང་མི་དགའ་ཆགས་སྡང་བདེ་སྡུག་དང་།། རིགས་དྲུག་སྤྱོད་པ་མཐོང་ཐོས་དྲན་ཚད་བྱ།། ཞེས་གསུངས།

Thursday 17 August 2023

བྲམ་ཟེ་དག་གི་རིགས་ཀྱི་ཆོས།

 རིགས་ཀྱི་ཆོས་ནི་ད་ལྟའི་དུས་སུ་ཡང་།། རྩ་བ་མེད་པའི་ཡལ་ག་རྒྱས་པ་སྟེ།། རྐང་ལག་བཞི་བཙུགས་ཟླ་ལམ་གནས་སྐོར་འགྲོ།། སྤྱི་བོ་སར་བཙུགས་ངག་བཅད་བཤང་ཅི་ཟ།། ཕུར་བུ་སྟོང་གི་རྩེར་ཉལ་ཕོ་མཚན་གྱི།། སྐེ་ལ་སྒོ་ལྕག་འཁྲིག་པའི་ཆོས་སྤང་ཞེས།། གཅེར་བུར་རྒྱུ་སོགས་ལ་ལས་ཁ་ཊམ་བཟུང་།། ཁུ་ཚུར་བཅིངས་པས་ལག་ཞ་སེར་མོ་རྣམས།། ལག་མཐིལ་ཕུག་སྟེ་རྒྱབ་ཏུ་འཐོན་པའང་ཡོད།། 

གཏམ་རྒྱུད་གསེར་ཐང་ལས། 

Wednesday 21 June 2023

སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ་བཞུགས།

ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ།། བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ།། ངན་སོང་སྒོ་བཀག་མ་ལ་ཕྱག་འཚལ་ལོ།། མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ།། རྟག་ཏུ་ཁྱོད་ཀྱིས་སྡོང་གྲོགས་མཛོད།། ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ།། 

འདི་ནི་ཇོ་བོ་རྗེ་ཨ་ཏི་ཤའི་བླ་མ་གསེར་གླིང་པ་མཇལ་དུ་ཕེབས་སྐབས་རྒྱ་མཚོ་ཆེན་པོ་གྲུ་ལ་བཞུགས་པའི་སྐབས་རྒུད་པའི་འཇིགས་པ་བྱུང་བའི་སྐབས་སུ་གསོལ་བ་འདི་གཏབ་པས་སྒྲོལ་མ་དངོས་སུ་ཞལ་གཟིགས་ནས་འཇིགས་པ་ལས་བསྐྱབ་པར་གྲགས་སོ། 

 

 

 

Tuesday 20 June 2023

ཁྱིམ་པས་གཟན་ཤམ་གྱོན་ཆོག་གམ།

 སྤྱིའི་ཆ་ནས་སྡོམ་པ་དང་མི་ལྡན་པར་གྲྭ་ཆས་གྱོན་པ་ནི་ཐབས་སྐྱོ་པོར་བརྩི་རུང་ནའང་། འོན་ཀྱང་དམ་ཆོས་འདུལ་བ་གཞིར་བཟུང་ནས་དེ་གྱོན་ཆོག་གམ་མི་ཆོག་སྙམ་ན། དམ་ཆོས་འདུལ་བ་གཞིར་བཟུང་ན་མཐའ་གཅིག་ཏུ་མི་ཆོག་ཅེས་བརྗོད་དཀའ་བར་སྙམ་སྟེ། དཔེར་ན། སངས་རྒྱས་ལ་སྐྱེ་རྒུའི་བདག་མོས་ཨུ་ཚུགས་ཀྱིས་རབ་ཏུ་བྱུང་བར་ལམ་གསུམ་གྱི་བར་དུ་གསོལ་བར་བཏབ་པའི་ཚེ་ན། ལན་དང་པོར། སངས་རྒྱས་ཀྱིས་ཁྱིམ་དུ་བཞུགས་ནས་གོས་དཀར་གྱོན་ཏེ་ཚངས་པར་སྤྱོད་ཅིང་སྒོམ་ཉམས་སུ་ལེན་ན་འགྲིགས་པ་ལས་རབ་ཏུ་བྱུང་མི་དགོས་པར་བཀའ་གནང་། དེ་ཡང་མ་ཉན་ནས་ཕྱིས་སུ་ཤཱཀྱའི་བུ་མོ་ལྔ་བརྒྱ་དང་བཅས་པ་སྐྲ་བྲེགས་ཏེ་ལན་གཉིས་པ་གསོལ་བར།

Thursday 15 June 2023

རྟེན་གྱི་དྲུང་ནས་སྨོན་སེམས་དང་བྱང་སྡོམ་ལེན་ཚུལ་བཞུགས་སོ། །

སྐྱབས་འགྲོ

བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།   །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ།  །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།    ཞེས་ལན་གསུམ་བརྗོད།      

Wednesday 14 June 2023

༄༅། །ཆོས་སྐྱོང་ཞང་པཎ་གྱི་གཏོར་ཆོག་བསྐང་གསོ་རྒྱས་པ་བཞུགས་སོ།།

བླ་མ་དང་བདེ་མཆོག་འཁོར་ལོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །འདིར་དགེ་བསྙེན་ཆེན་པོ་ཞང་པཎ་འདབ་ལ་དབང་དྲག་གི་འཕྲིན་ལས་བཅོལ་བའི་ཚུལ་མདོར་བསྡུས་པ་ཞིག་བྲི་བར་བྱའོ། །དེ་ཡང་གང་དུ་དབེན་པའི་གནས་དེར་བླ་མ་ཡི་དམ་ལ་མཆོད་གཏོར་རྒྱ་ཆེན་པོ་བཤམས། ཁྱད་པར་བཀའ་སྲུང་འདི་ཉིད་ཀྱི་ཕྱི་ནང་གི་རྟེན་རྫས་དང་། མཆོད་གཏོར་སྤྱན་རག་སྤྱན་གཟིགས་སོགས་མ་ཚང་བ་མེད་པ་བཀྲམས། རང་ཉིད་ཡི་དམ་གྱི་བདག་བསྐྱེད་བདེ་མཆོག་གམ་འཇིགས་བྱེད་ཀྱི་བདག་བསྐྱེད་རྒྱས་པའམ། བསྡུ་ན།རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱི་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝྺ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝྺ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ།

Saturday 10 June 2023

༄༅།། གསོལ་ཁ་དང་འཕྲིན་བཅོལ་བཞུགས་སོ།།


སྲུང་མ་སྤྱིའི་བཤགས་པ། ཧཱུྃ། ཆོས་སྐུའི་རང་བཞིན་མཁའ་ལྟར་རྣམ་དག་ཀྱང་།། མ་རིག་དབང་གིས་རྨི་ལམ་སྒྱུ་མ་ལྟར།། ནོངས་པ་ཅི་མཆིས་བླ་མ་ཡིན་དམ་ལྷ།། ཆོས་སྐྱོང་སྲུང་མ་འཁོར་བཅས་སྤྱན་སྔར་བཤགས།། མགོན་པོའི་བསྟོད་པ་མྱུར་མཛད་མ། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན།། ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན།། ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན།། གཡས་པ་གྲི་གུག་བར་པ་ཕྲེང་བ་འཛིན།། ཐ་མ་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ།། གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ།།

༄༅། ། ཇ་མཆོད་བཀའ་རྒྱ་མ་བདེ་ཆེན་ཀུན་བཟང་།

 རང་ལྷར་གསལ་བདེ་ཆེན་འཁོར་ལོའི་སྟེང་༎ ལྷ་ཞི་ཁྲོ་རབ་འབྱམས་འདུས་པའི་དབུས།། གདན་སེང་ཁྲི་པད་ཉི་ཟླ་དཀྱིལ་ཁར།།  སྐྱབས་ཀུན་འདུས་རྩ་བའི་བླ་མ་བཞུགས།། ཨོཾ་ཨཱཿ ཧཱུྃ། བདེ་ཆེན་ཀུན་བཟང་ཇ་མཆོད་རྒྱ་མཚོ་འདི།། རྗེ་བཙུན་རྩ་བའི་བླ་མ་མཉེས་ཕྱིར་འབུལ། །

ཇ་མཆོད་འདྲེན་པ་མཉམ་མེད་མ་བཞུགས་སོ།།

འདྲེན་པ་མཉམ་མེད་ཟས་གཙང་སྲས།།

དེ་སྲས་མཁྱེན་དང་བརྩེ་བའི་བདག །

འཇམ་པའི་དབྱངས་དང་མི་ཕམ་མགོན།།

གསོལ་བ་འདེབས་སོ་བྱིན་གྱིས་རློབས།།

ལྔ་བརྒྱའི་གཙུག་རྒྱན་ཐམས་ཅད་མཁྱེན།།

འོད་དཔག་མེད་མགོན་མར་མེ་མཛད།།