Friday 8 March 2013

ཀ་བཤད་སེམས་ཀྱི་དགའ་མ།

ཀ་ཤིའི་གོས་ཀྱིས་མཛེས་པའི་ཡིད་འཕྲོག་སྙིང་གི་སྡུ་གུ་མ།།
ཁ་དོག་གེ་སར་འཛུམ་པའི་གདོང་ལ་མིག་གི་བུང་བ་གཡོ་ལྡན་མ།།
ག་རེ་གསུངས་ཀྱང་ངག་གི་འགྱུར་ཁུག་པི་ཝང་གླིང་བུའི་སྒྲ་ལྡན་མ།།
ང་ཡི་ཡིད་སེམས་དབང་མེད་འཕྲོག་པའི་མཛེས་སྡུག་སྙིང་གི་ཆོམ་རྐུན་མ།།

ཅ་ཟིང་འཁོར་བའི་ལས་ཀྱིས་དུབ་ཚེ་ངལ་བ་སེལ་བའི་སྨན་མཆོག་མ།།
ཆ་ལུགས་ངན་ངོན་ཙམ་གྱིས་སྤུད་ཀྱང་ལང་ཚོའི་མཛེས་ཆོས་ལྷག་མངོན་མ།།
ཇ་ཆང་ལོངས་སྤྱོད་ཀུན་གྱི་མཆོག་གྱུར་མཚར་སྡུག་ལང་ཚོའི་དཔལ་སྟེར་མ།།
ཉ་གང་ཟླ་བ་སྐྱེངས་པ་སྟེར་བའི་ཡིད་འཕྲོག་སྙིང་གི་ཐིག་ལེ་མ།།

ཏ་རེ་སྒྲོལ་མའི་རྣམ་སྤྲུལ་ཇི་བཞིན་བྱམས་པའི་གྲོགས་ལ་མཛའ་སྐྱོང་མ།།
ཐ་ན་ནག་ནོག་ཐལ་རྡུལ་འགོས་ཀྱང་དེས་ཀྱང་མཛེས་པའི་གྲོགས་བྱེད་མ།།
ད་ལྟ་རང་ལ་འགྲོག་ན་སྙམ་པའི་ཀུན་ཡིད་འདྲེན་བྱེད་ལྕགས་ཀྱུ་མ།།
ན་རྒས་འཆི་ལ་ཐུག་ཀྱང་ཡིད་ལ་མི་ཟད་བདེ་བ་མཆོག་སྦྱིན་མ།།

པ་ལོ་གནག་སྣུམ་རྒྱབ་ཏུ་འཕྱངས་པའི་ཕྲ་ལྡེམ་ལུས་ཀྱི་སྒེག་འཆང་མ།།
ཕ་རོལ་སྐྱེ་བོས་ཞིབ་མོར་བརྟག་ཚེ་རྗེས་ཆགས་བྲལ་དཀའི་གདུང་སྦྱིན་མ།།
བ་སྤུ་ཙམ་ལའང་འཇིག་རྟེན་ཡུལ་གྱི་མཛེས་ཆོས་མ་ལུས་གཅིག་འདུས་མ།།
མ་ལུས་སྐྱེ་བོ་འདོད་པ་སྒྲུབ་པའི་ཆོ་གའི་ལམ་ལ་བསྐུལ་བྱེད་མ།།

ཙ་རི་སྨན་རྩའི་དྲི་བསུང་འཐུལ་བའི་འཛུམ་ཞལ་མུ་ཏིག་ཕྲེང་ཅན་མ།།
ཚ་ཚ་ཡིད་གདུངས་མེ་ཕུང་འཇོམས་པའི་ཞི་འཇམ་གསུང་གི་བདུད་རྩི་མ།།
ཛཱ་ཧུའི་རྒྱུན་བཞིན་མཛད་མེད་བདེ་བ་ཡིད་ཀྱི་ཡུར་བུ་འདྲེན་མཛད་མ།།
ཝ་ལེར་བསམས་ན་མཛེས་ལྡན་ཁྱེད་ལ་མཛངས་མའི་ཡོན་ཏན་ཀུན་ལྡན་མ།།

ཞ་གོས་སོགས་ལ་དང་འདོད་མེད་ཀྱང་ལྷན་སྐྱེས་མཛེས་པའི་ཚུར་བསྟན་མ།།
ཟ་འོག་གོས་དང་རིན་ཆེན་རྒྱན་གྱིས་སྤུད་པ་དག་ལས་ལྷག་མཛེས་མ།།
འ་ལད་བུད་མེད་ཕྲག་དོག་ཅན་ཚོར་མི་འདོད་སྡུག་བསྔལ་སྟེར་བྱེད་མ།།
ཡ་མཚན་ངོ་མཚར་ལྷ་མོ་ཁྱེད་ནི་གངས་ལྗོངས་བུ་མོའི་ཏོག་མཚུངས་མ།།

ར་རིས་མེད་པའི་ཟླ་བའི་ལྷ་མོ་མི་ཡུལ་བྱོན་ནམ་དབྱངས་ཅན་མ།།
ལྭ་བ་དཀར་པོ་སྐུ་ལ་གསོལ་ནས་བོད་ཀྱི་བུ་མོའི་ཚུལ་འཆོས་མ།།
ཤ་ཁྲག་སྒྱུ་མའི་ལུས་ཀྱི་རྟེན་ལ་མཛེས་ལྡན་བྱེ་བའི་སྒེག་མོ་མ།།
ས་གསུམ་འཇིག་རྟེན་ཀུན་ཏུ་བཙལ་ཡང་བརྙེད་པར་དཀའ་བའི་ཏཱ་རེ་མ།།

ཧ་སོང་མེད་པ་འོག་རྒྱུའི་རྟོགས་པ་སྨྱུ་གུའི་རྩེ་ལ་འདྲེན་བྱེད་མ།།
ཨ་རོགས་ཁམས་པའི་རྩེད་འཚར་མ་ཡིན་སྙིང་གི་གཏམ་ཡིན་མཛའ་མཐུན་མ།།
ཨི་ཡིག་བཞིན་དུ་མགོ་བོ་བཀུག་ཚེ་དམར་ཆུང་སྙིང་ལ་གཟན་ཉིད་མ།།
ཨུ་ཚུགས་མི་ཚེའི་མཐའ་ལ་ཐུག་ཀྱང་རེ་བའི་མིག་ཞགས་གཏོད་བྱེད་མ།།
ཨེ་ཝྃ་ཟུང་འཇུག་བདེ་བའི་ལམ་དུ་གཉིས་སྣང་འཁྲུལ་པ་སྤོང་ཉིད་མ།།
ཨོ་རྒྱན་ཡུལ་དུ་ལྷན་སྐྱེས་བདེ་དགའི་རིམ་གཉིས་ལྷུན་གྱིས་འགྲུབ་པར་སྨོན།།

སྤྱི་ལོ་༢༠༡༡།ལོར་ཆེད་དེབ་ནང་བཀོད་ཟིན་པ་ཞིག་ཡིན།

No comments:

Post a Comment