Friday 8 March 2013

ཞོགས་པའི་ཚོར་སྣང༌།

མཁའ་རླུང་གཙང་མས་དབུགས་ཀྱི་རྒྱུ་བ་བརྟས།།
འཆར་ཀའི་ཉི་གཞོན་རི་བོའི་ཕྲག་ཏུ་བརྗིད།།
དཀར་གཙང་ཆུ་འཛིན་ཤམ་བུ་བརྩེགས་པ་བཞིན།།
ཀུན་གསལ་དབྱིངས་སུ་མཛེས་སྡུག་ཅི་ཡང་བཀྲ།།

སྔོ་ལྗང་རི་ཀླུང་སྨུག་པའི་རྩིབ་ཤར་བསྒྲེངས།།
གངས་ཀྱི་ཆུ་ཕྲན་ལྷུང་ལྷུང་གཡས་ནས་རྒྱུ།།
གཡུ་མདོགས་ལོ་འདབ་ལྗོན་བཟང་རྩེ་ན་རྒྱས།།
ནག་མའི་བྱ་ཚོགས་སྙན་པའི་མགྲིན་གླུ་ལེན།།

སྣུམ་པའི་གྲིབ་བསིལ་ལྡན་པའི་སྡོང་འོག་ན།།
རྩེ་གཅིག་བརྩོན་པའི་དཔེ་ཆ་ཀློག་པའི་ཚེ།།
སྐྱིད་པའི་དབེན་གནས་ཉམས་དགའི་ཁོར་ཡུག་ཞིག།
སྔོན་བསག་ལས་ཀྱིས་གསར་དུ་བསྐྲུན་པ་འདྲ།།

ཨེ་མ་བཀྲ་ཤིས་མི་ཆོས་མཆོག་མ་སྟེ།།
སེམས་སོང་བུ་མོའི་བཞིན་རས་སྒྱུ་མའི་གཟུགས།།
ཡུན་རིང་གོམས་པས་གཞལ་དཀའི་བག་ཆགས་ཀྱིས།།
འགོག་མེད་ཡིད་ཀྱི་ངོགས་སུ་ཝ་ལེར་ཤར།།

སྔོ་ལྗང་མྱུ་གུ་བུད་པའི་ལོ་མ་རྣམས།།
ལིང་ལིང་གར་སྟབས་རླུང་བུས་བསྒྱུར་བའི་ཚེ།།
མཚར་སྡུག་ལང་ཚོ་རྫོགས་པའི་སྙིང་སྡུག་མའི།།
གནག་སྣུམ་ལན་བུ་སླར་ཡང་མིག་ལ་གཟན།།

ཁེར་རྐྱང་སེམས་པ་བསིལ་བའི་རླུང་བུ་དང༌།།
འགྲོག་བཞིན་མཛའ་རྩེ་རྒོད་པའི་ཞུན་ཐིག་མིའི།།
འགྲམ་ཆང་འོ་ཡི་ཟིལ་དངར་བདུད་རྩིའི་རོ།།
བསྐལ་པའི་བར་དུ་ཡ་ཆུང་སྙིང་ལ་སིམ།།

དགོང་མོའི་ཉི་མ་ནུབ་རིའི་མཁའ་མཐར་བཞུད།།
བསིལ་བའི་གྲིབ་མ་མཚེའུ་འགྲམ་དུ་འཕོས།།
གསེར་མདོགས་འོད་ཐིགས་རླབས་ཕྲེང་དང་འགྲོག་པས།།
སྣ་ཚོགས་རིན་ཆེན་མཛེས་བརྒྱ་སྤྲས་པ་བཞིན།།

སྤྱི་ལོ་༢༠༠༩ ལོར་གངྒའི་བཞད་སྒྲའི་དུས་དེབ་ནང་སྤེལ་ཟིན་པ་ཞིག་ཡིན།


No comments:

Post a Comment