Friday 8 March 2013

དགའ་གཙང་བར་ལ་འགལ་ཟླ་བྱུང་དགོས་པའི་རྒྱུ་རྐྱེན་བརྗེད་ཐོ་ཙམ་བཀོད་པ།


རིན་སྤུངས་པའི་ས་སྐྱོང་དོན་ཡོད་རྡོ་རྗེ་མཚན་བྱུས་རྒྱུགས་ཆེ་བའི་སྐབས་ཤིག་ལ་ཀརྨ་ པ་ཆོས་གྲགས་རྒྱལ་མཚོས་ལྷ་ལྡན་གཙུག་ལག་ཁང་དུ་དགེ་འདུན་གྱི་སྡེ་ཞིག་འཛུགས་ གནང་བཞེད་ཀྱང༌། སྡེ་པ་སྣེའུ་པས་དང་ལེན་མ་བྱས་པ་དང༌། ༡༤༧༩ ལོར་ལྷ་སའི་ཐོད་དུ་ས་ནག་མར་ཀརྨ་ཆོས་སྡེ་གསར་འདེབས་མཛད་པར་སེ་འབྲས་ནས་སེ་ དམག་ལངས་ཏེ་ཉིན་མ་གཅིག་ལ་རྩ་བཤིགས་བཏང་བ་བཅས་ལ་བརྟེན་སེ་འབྲས་གཉིས་ཀྱི་དགེ་འདུན་པ་སྨོན་ལམ་ཆེན་པོར་ལོ་ངོ་ཉི་ཤུའི་རིང་ཕེབས་མི་ཆོག་པར་བཟོས་གནང་བ་སོགས་ དུས་གཟེར་ཆེ་པོ་བྱུང་ཡོད་པ་དང༌། ལྷག་པར་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དག་པོ་བཀའ་རྒྱུད་པར་མོས་ཤིང་ཀརྨ་པ་ ཡབ་སྲས་ཀྱི་སྦྱིན་བདག་མཐིལ་ལེན་ལྟ་བུར་བྱས་ཏེ།
གཞིས་རྩེའི་གྲོང་ཁྱེར་གྱི་བར་དེར་བཀའ་རྙིང་གི་ཆོས་སྡེ་གསར་བརྒྱབས་ཀྱིས་རྡོ་རྣམས་བཀྲིས་ལྷུན་པོའི་རྒྱབ་ལོག་ནས་ལེན་སྐབས་རྡོ་ཆེན་མང་པོ་རྦབ་ཏུ་རིལ་ཏེ་བཀྲ་ཤིས་ལྷུན་པོའི་གྲྭ་ཤག་དང་སྤྱི་ཁང་ལ་སྐྱོན་ཤོར་བྱུང་བ་དང་། བཀའ་རྙིང་གི་ཆོས་སྡེ་གསར་པའི་རི་སྡེབས་སུ། བཀྲིས་ཟིལ་གནོན་ཞེས་བྲིས་པར་སྐྱེ་བོ་པྲ་ཆལ་བ་དག་གིས་ལོག་པར་གོ་བ་དང་། སོག་པོ་ཆོ་འཁུར་བའི་འགྲུལ་པ་ཁྱོན་ཆེ་བ་ལྷ་སར་འབྱོར་བ་དེ་དག་གིས་ཀརྨ་པའི་སྒར་པའི་མཛ་ཁྱུ་ཇག་དེད་བྱས་པ་སོགས་ཀྱི་རྒྱུ་རྐྱེན་མང་དག་ཅིག་ལ་བརྟེན། གཙང་སྡེ་སྲིད་དང༌། དག་ཀོང་གི་དམག་རྣམས་བཀའ་རྒྱུད་པའི་ཕྱོགས་དང༌། ཐའི་ཇིའི་སྲས་ལྷ་བཙུན་འགྲས་གཞོན་གཉིས་དང༌། སེ་ཆེན་ཏ་མིང་སོགས་ཐུ་མེད་ཀྱི་རྒྱལ་རྒྱུད་ཧར་ཧུ་ལ། ཁུན་དུ་ལུང་ཆོ་ཁུར་སོགས་ཧལ་ཧའི་རྒྱུལ་རྒྱུད། སྡེ་པ་སྐྱིད་ཤོད་པ་སོགས་དགེ་ལུགས་ཀྱི་ཕྱོགས་སུ་ལངས་ཏེ་བཀའ་དགེ་བར་ནང་འཁྲུག་ལངས་ཡོད་པ་རེད།

 ༢༽ དགའ་སོག་བར་ལ་འབྲེལ་བ་ཡོང་དགོས་པའི་རྨང་གཞི་གང༌།

སྔར་འགྲོ་མགོན་ཆོས་འཕགས་ཀྱི་སྐབས་སུ་བོད་སོག་ཆོས་ཡོན་གྱི་འབྲེལ་བ་བྱུང་བ་ནས་བཟུང༌། བོད་གངས་ཅན་གྱི་ལྗོངས་འདིར་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་མ་ལུས་པ་གང་ལས་འབྱུང་བའི་ཀུན་མཁྱེན་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་མི་ཉམས་པ་རྒྱུན་གནས་སུ་བཞུགས་ཡོད་པ་འདི་ནི་བོད་སོག་འབྲེལ་ལམ་གྱི་རྨང་གཞི་ཞིག་ཆགས་ཡོད་པ་དང་། ལྷག་པར་རྒྱལ་ མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱལ་མཚོའི་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་ སོག་རྒྱལ་ཨ་ཐན་ཁཱང་གིས་ཐོས་ཤིང་ཇི་ལྟར་གསོལ་བ་བཏབ་པ་བཞིན་སོག་ཡུལ་དུ་ཆིབས་ ཀྱི་ཁ་ལོ་བསྒྱུར་ཏེ། བསྟན་དང་འགྲོ་བར་སྨན་པའི་མཛད་རྗེས་རྨད་དུ་བྱུང་ཡོད་པ་དེས་ཀྱང་དགའ་སོག་བར་གྱི་འབྲེལ་བ་དེ་སྔར་ལས་རྒྱ་ཆེ་བ་དང་གཏིང་ཟབ་དུ་བཏང་ཡོད་ཅིང་། གནས་དོན་གཉིས་པོ་འདི་དགའ་སོགས་བར་དུ་འབྲེལ་བ་ཡོང་དགོས་པའི་རྩ་བའི་རྨང་གཞི་ཁོ་ན་ཡིན་སྙམ།
༣༽ བཀའ་དགེ་བར་ལ་ཆོས་ཕྱོགས་ཀྱི་འགལ་ཟླ་ཡོད་དམ་མེད་དེ་ལུགས་གསལ་བཤད་གྱིས།
སྤྱིར་ ཆོས་ལུགས་བར་གྱི་འགལ་ཟླ་ནི་རྣོ་ངར་ཆེ་ལ་སྤྱི་ཚོགས་སུ་འབྱུང་ཡང་སླ་བ་ལྟ་བུ་ ཡོད། སྔོན་འཕགས་པའི་ཡུལ་སྡེ་པ་བཅོ་བརྒྱད་ལ་སོགས་པ་གྱེས་ཏེ་ནང་པའི་ཆོས་ལ་རྩོད་པ་ མང་དུ་བྱུང་ཡོད་པ་དང༌། དེ་བཟིན་ཧིན་རྡུ་དང༌། ཁ་ཆེའི་ཆོས་ལུགས་སོགས་ཕན་ཚུན་རྩོད་དེ་ནང་པའི་ཆོས་ལུགས་ཉམས་རྨས་ཆེན་པོ་བྱུང་ ཡོད་པ་དང༌། དགེ་ལུགས་པའི་གྲུབ་མཐའ་མ་བྱུང་བའི་ཡ་སྔོན་སྟེ་རིན་སྤུངས་ཀྱི་སྐབས་ཙམ་ན་རྩེ་ ཐང་དུ་གྲྭ་པ་རྣམས་ལ་དབུ་ཞྭ་དམར་པོ་བཞེས་དགོས་པའི་བཙན་བཀའ་གཏང་བས་གྲྭ་པ་ རྣམས་མ་འདོད་ནས་ལྷན་པ་དམར་པོ་རེ་མགོར་འཇོག་པ་སོགས་བྱུང་བས་ཆོས་ལུགས་འཐེན་ འཁྱེར་ནི་བཀའ་དགེའི་བར་ཙམ་མ་ཡིན་པ་ཡོད་པ་ཁོ ན་ཡིན་པ་ཡོད་པ་ལྟར་བུ་སྣང༌།
       དཀར་ དགེ་བར་ལ་ཆོས་ལུགས་ཀྱི་འགལ་ཟླ་ཡང་ཁྲིད་གཞི་སློབ་ཚན་ལྟར་ན་ཡོད་པར་མངོན་སྟེ། ཁྲིད་གཞི་སློབ་ཚན་ལས། ལྷག་པར་ཆོས་ལུགས་འཐེན་འཁྱེར་གྱི་དབང་གིས་དུས་མི་བདེ་བའི་རླུང་དམར་འཚབ་ཅེས་ དང༌། རིན་སྤུངས་པའི་དབང་ཤུགས་རིམ་གྱིས་ཉམས་ཏེ་ ༡༥༡༨ ལོར་སེ་འབྲས་ཀྱི་དགེ་འདུན་སྨོན་ལམ་ཚོགས་སུ་བསྟར་ཆགས་སུ་ཕེབས་ཆོགས་པ་བྱུང་བ་ ནས། རྗེ་འདོ་ལོ་ལྟར་གྲལ་དབུར་ཕེབས། འོན་ཀྱང་ཆོས་ལུགས་ཀྱི་འཐེན་འཁྱེར་ལ་བརྟེན་པས་ནང་འཁྲུག་ནི་ཡང་ནས་ཡང་དུ་ཡོང་ བཞིན་པ་རེད། ཅེས་འབྱུང་བ་ལྟར། སྐབས་དེར་ཆོས་ཕྱོགས་ནས་སྨོས་མེད་དང་སྲིད་དོན་གྱི་དབང་ཤུགས་ཀྱང་ཆོས་ཕྱོགས་ ཀྱི་དགོན་སྡེ་གྲྭ་ཚང་ཁག་ལ་གང་འཚམ་ཡོད་པ་རྟོག་ཐུབ་ཅིང༌། འཇིག་རྟེན་དྲེགས་པས་མྱོས་པའི་དབུས་གཙང་གི་དཔོན་རིགས་རྣམས་ཀྱིས་རང་གི་དབང་ རིས་རྩོད་པར་དགོན་སྡེ་རྣམས་ཕྱོགས་གཉིས་སུ་གྱེར་བཅུག་སྟེ་སེར་དམག་ཅེས་པ་ལངས་ ནས་ཆོས་ལུགས་འཐེན་འཁྱེར་རམ་དགེ་འདུན་ནང་འཁྲུག་གི་རྩོད་པ་བྱུང་ཞིང་རང་རིགས་ སྐྱ་སེར་གྲངས་ཀྱི་མི་ལངས་པའི་ཚེ་སྲོག་ལ་དོག་ཕོག་བཏང་ཡོད་པར་སྙམ་ཞིང་། འདི་ ལ་མཁས་པ་རྣམས་ཀྱིས་དགོངས་ཚུལ་མི་འདྲ་བ་ཡང་འདུག་སྟེ། དཔེར་ན། པདྨ་ར་གའི་ལྡེ་མིག་ལས། སྐབས་དེའི་དཔོན་རིགས་རྣམས་ཀྱི་སྲིད་དབང་འཕྲོག་རྩོད་ཀྱི་བྱ་ཐབས་ཤིག་ཡིན་པ་ ལས། ཆོས་ལུགས་གྲུབ་མཐའ་རྣམས་ཀྱི་ལྟ་གྲུབ་མ་མཐུན་པའི་ཆོས་ཕྱོགས་ཀྱི་རྩོད་པ་གཏན་ ནས་མིན་པ་ནི་གཟུར་གནས་མཁས་པ་རྣམས་ཀྱི་དགོངས་དབྱིངས་ན་བདེན་རྫུན་གྱི་གོ་ མཚམས་གསལ་བ་སྨོས་ཅི་འཚལ། ཞེས་གསུངས་འདུག་པས་སྲིད་དོན་པ་ཁོན་ནས་བྱ་ངན་སྤེལ་བས་ངན་འབྲས་ཡིན་པ་ལས་དོན་ དུ་ཆོས་ལུགས་ཀྱི་མིན་པར་བཤད་ཀྱང་ཆོག་པར་སྙམ།

རང་ཉིད་ལོ་རྒྱུས་ལ་ངེས་པ་བསྐྱེད་ཆེད་བརྗེད་ཐོ་ཙམ་བཀོད་པ་ལགས།




1 comment: