Thursday 7 March 2013

དོན་རྐྱེན།

ཕྱི་ལོ་༡༩༩༠ ལོའི་སྟོན་ཀ་ཞིག་ལ། རྡོ་རྗེ། ཟི་ལིང་ནས་ཚུར་སླེབས་ཤིང་སྐབས་དེར་ཚོང་ཡག་པོ་རང་མ་བྱུང་ཡང་ནམ་རྒྱུན་ཁོ་རང་ཆེས་དགའ་ཤོས་བྱེད་སའི་དངོས་པོ་ཞིག་སྟེ། མེ་མདའ་ཐུང་མདའ་ཞིག་ལ་རྒྱ་སྒོར་བཞི་སྟོང་ལྷག་སྤྲད་དེ་ཉོ་ཐུབ་པ་བྱུང་བ་དེ་ནི་རྡོ་རྗེ་ཁོ་རང་གི་ངོས་ནས་བཤད་ན་ད་ཐེངས་ཚོང་གི་ཁེ་བཟང་ཡག་ཤོས་བྱུང་བ་དང་མཚུངས། དེ་ནས་བཟུང་ཁོས་མེ་མདའ་དེ་རྩ་ཆེན་གྱི་དངོས་པོ་ཞིག་ཏུ་རློམ་ནས་བུ་ཕྲུག་སོགས་རང་གི་ནང་མི་ལའང་རིག་ཏུ་མི་འཇུག་ལ་མི་གཞན་ལ་བེད་སྤྱོད་དེ་བས་ཀྱང་བྱེད་བཅུག་མི་སྲིད།

 རྡོ་རྗེ་ནི་གཟུགས་རིང་ཐུང་འཚམ་ལ་གདོང་པ་དེ་ཙམ་དཀར་རྒྱུ་མེད་ཅིང༌། བཟའ་ཟླ་དང་བུ་ཕྲུག་སོགས་ནང་མིར་བྱམས་ཤིང་རྒྱུན་ལྡན་གྱི་ཚོ་བའི་གོམས་གཤིས་ནི་སྤྱི་ཚོགས་ནང་ཚུལ་མཐུན་གྱི་མི་ཞིག་ཡིན་ཅེས་བཤད་ན་མི་འགྲིག་པ་གང་ཡང་མེད། འོན་ཀྱང་རྒྱན་འཛུགས་ཀྱི་རྩེ་རིགས་ལ་འཇུག་རྒྱུ་དེ་ནི་ཁོའི་མི་ཚེའི་ནང་གི་ལྡོག་མེད་ཀྱི་གོམས་གཤིས་ཞིག་ཏུ་གྱུར་ཡོད་པས་སྐབས་དེར་ཁོར་དངུལ་དེ་ཙམ་མེད་ཀྱང་མག་ཅང༌། རྒྱག་སར་སྔར་རྒྱུན་ལྟར་འགྲོ་བཞིན་ཡོད།
ཉིན་ཞིག་རྡོ་རྗེ་མག་ཅང་ཏོག་ཙམ་ཕམ་པས་དངུལ་རྫོགས་ཏེ། བློ་བཟང༌། ཟེར་བའི་གཞུང་གི་ལས་བྱ་བ་ཞིག་ཡོད་པ་དེར་རྒྱ་སྒོར་ཆིག་སྟོང་ལྷག་བུ་ལོན་ཐུག་པའི་རྐྱེན་བྱས་ཏེ། ཁོང་གཉིས་འགད་ལ་ཉེ་བའི་འབར་རྫས་ཆུང་ཆུང་གཉིས་དང་འདྲ་བར།  "ང་མི་སྐྲག །ཁོ་མི་འཇིགས་ཞེས།" ཕན་ཚུན་སྡིགས་རེས་བྱས་བྱུང༌། སྐབས་དེར་རྩེ་རོགས་ཁ་ཤས་བར་པ་ལངས་ཏེ་ཨུ་ཚུགས་མཐའ་བསྐྱེལ་ཀྱིས་རྡོ་རྗེའི་མེ་མདའ་དེ་རྒྱ་སྒོར་ཆིག་སྟོང་གི་ཚབ་ཏུ་གཏའ་མའི་ཚུལ་དུ་བློ་བཟང་ལ་སྤྲད་རྗེས་རྡོ་རྗེ་ཁྱིམ་དུ་བསྐྱལ་ཐབས་བྱས།
རྡོ་རྗེ་དེ་ནུབ་མེ་མདའ་ལག་ཏུ་མེད་པས་ཕལ་ཆེར་གཉིད་མ་ཁུག་པ་འདྲ། ཕྱི་ཉིན་ནམ་ལངས་མ་ཐག་བློ་བཟང་སར་སླེབས་ཏེ་སྒོ་ཤུགས་ཀྱིས་བརྡུངས་ཏེ་བཅག་ལ་ཁད་བྱས། བློ་བཟང་གི་བཟའ་ཟླ། སྒྲོལ་མ་ཉལ་ས་ནས་མགྱོགས་པོར་ལངས་ཏེ་སྒོ་ཕྱེས་པ་དང༌། རྡོ་རྗེས་ཅི་ཡང་མ་བཤད་པར་ནང་དུ་འཛུལ་བས། བློ་བཟང་དང། བུ་མོ་ཚེ་སྐྱིད་གཉིས་འདྲོག་ཏེ་མགོ་བོ་དགྱེ་ནས་བལྟས།  རྡོ་རྗེས། "ཁོ་རེ་བློ་བཟང་ངའི་མེ་མདའ་ཚུར་མི་སྤྲད་ན་ངས་ཁྱོད་གསད་རྒྱུ་ཡིན་"ཅེས་བཤད། བློ་བཟང་གིས་"མི་ངན་ཁྱོད་ཀྱིས་དངུལ་མ་སྤྲད་བར་མི་མདའ་ལེན་བརྩིས་མ་བྱེད།"  ཅེས་དང༌། "མ་གཞི་རང་གཉིས་ཕོ་སུ་རེད་ངོ་མར་བལྟ་འདོད་ཡོད་ན་སྐྱེ་དམན་དང་བུ་མོས་མི་མཐོང་ས་ཞིག་ཏུ་འགྲོ"སོགས། ཕར་བཤད་ཚུར་བཤད་འགའ་བྱས་རྗེས་རྡོ་རྗེས་གྲི་བཏོན་ཏེ་བློ་བཟང་གི་སྟེང་དུ་འཆོང་ལ་ཉེ། བློ་བཟང་གིས་"ད་ཁྱོད་ངོ་མ་ཡིན་ནམ།" ཟེར་ཞོར་སྙལ་འོག་ནས་མེ་མདའ་ཐུང་མདའ་དེ་བཏོན་བྱུང་ཡང༌། རྡོ་རྗེས་རང་ཉིད་ཀྱི་མིའི་ཚེའི་ནང་ཆེས་རྩ་ཆེ་ཤོས་སུ་བརྩི་བའི་དངོས་པོ་དེས་རང་སྲོག་གཅོད་པ་ཡེ་ནས་མ་ཤེས་པ་ལྟ་བུའི་བློ་བཟང་གི་སྟེང་དུ་མཆོང་མ་ཐག ཁང་ཆུང་དེའི་ནང་མེ་མདའི་སྐད་སྒྲ་གཉིས་པ་མ་གྲགས་གོང་རྡོ་རྗེ་ཁྲག་དམར་ཉིལ་ལེར་ས་ལ་འགྱེལ། ད་དུང་ཁོས་ཨམ་གཙིགས་བསྡམས་ཏེ་ཡར་ལངས་གྲབས་འགའ་བྱས་ཀྱང་མཐར་གྲགས་འགུལ་ཅི་ཡང་མེད་པར་གྱུར། དེ་མ་ཐག་གཡས་གཡོན་གྱི་ཁྱིམ་མཚེས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་དེར་སླེབས། རྣ་བ་དང་སྙིང་ལ་གཟན་པའི་ཉེན་རྟོགས་པའི་མོ་ཊའི་སྐད་ངན་དེ་ཡང་གསལ་ལ་མི་གསལ་ཞིག་གྲགས་འགོ་ཚུགས།།
༢༠༡༢།༣།༡༦ ཉིན།

No comments:

Post a Comment