Monday 11 March 2013

༄༅། །ཆོས་ལ་བསྐུལ་བའི་བསླབ་བྱ་སུམ་ཅུ་པ་ཞེས་བྱ་བ་བཞུགས་སོ།།


ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཐུགས་སྤྲོས་བྲལ་དབྱིངས་ལ་མ་གཡོས་བཞིན། །སྐུ་འབྱམས་སུ་ཀླས་པའི་སྒྱུ་འཕྲུལ་གྱིས། །གསུང་ཟབ་རྒྱས་གདམས་པའི་དཔྱིད་འཇོ་བ། །ཕ་དྲིན་ཅན་བླ་མར་སྙིང་ནས་འདུད། །ནང་རང་སེམས་ལྷའི་རྔ་བོ་ཆེ། །བྱམས་སྙིང་རྗེ་དབྱུ་གུས་བསྐུལ་བ་ལས། །སེམས་ཆོས་ལ་བསྐུལ་བའི་སྒྲ་བྱུང་བ། །་འདི་སྐལ་ལྡན་བུ་ཡིས་མཉན་པར་གྱིས། །སྔོན་བསགས་ཀྱི་བསོད་ནམས་སྟོབས་ཆེན་མཐུས། །དོན་ཆེ་བའི་དལ་བའི་རྟེན་བཟང་རྙེད། །མཇལ་དཀའ་བ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་གྱི་བཤེས་གཉེན་བཟང་དང་འཕྲད། །ཆོས་མཐུན་གྱི་དགེ་བའི་གྲོགས་ཀྱིས་བསྐྱངས། །རྐྱེན་འདི་འདྲ་ཕྱི་ནས་འཛོམས་དཀའ་བས། །

འདི་དོན་མེད་བཏང་བ་གདོན་གྱིས་མྱོས། །དུས་ད་ལན་དལ་བ་འབྲས་ལྡན་མཛོད། །དུས་གཏན་གྱི་འདུན་མ་བསྒྲུབ་འདོད་ན། །ཀུན་བྱང་གི་སྐྱོན་ཡོན་རིག་བྱས་ཏེ། །བླ་དོར་ལ་འབད་པ་གལ་ཆེ་བས། །མང་ཐོས་ཀྱི་བློ་མིག་སྦྱང་བར་མཛོད། །ཐོས་དོན་ལ་ཚུལ་བཞིན་མ་དཔྱད་ན། །ཐོས་རྐྱང་གིས་སྒྲོ་མདོགས་མི་ཆོད་པས། །ཉིན་མཚན་དུ་ལུང་རིགས་རྐྱ་བར་ནས། །རིགས་པ་བཞིས་དཔྱད་པ་ཞིབ་མོར་མཛོད། །རང་ལུགས་ཀྱི་ཡིག་ཆའི་འཛིན་མཚམས་རྣམས། །རྗེ་རྒྱལ་བ་གཉིས་པའི་གཞུང་ལུགས་དང་། །ཚད་ཐུབ་ཀྱི་རྒྱ་གཞུང་ཁུངས་བཙལ་ནས། །རང་ལུགས་ཀྱི་གཏད་སོ་གཞིག་མེད་མཛོད། །མདོ་རྒྱུད་ཀྱི་དཀའ་གནད་ཕྲ་ཞིབ་རྣམས། །ཕ་འཇམ་འགོན་བླ་མས་བཤད་པའི་སྲོལ། །ཆེས་ཁྱད་པར་འཕགས་རྣམས་འཁྲུལ་བྲལ་གྱི། །རྒྱ་གཞུང་དང་སྦྱར་ནས་སྨྲ་མཁས་མཛོད། །རྨོངས་སེལ་གྱི་ཐོས་བསམ་མེ་བོ་ཆེ། །ང་རྒྱལ་གྱི་དུ་བས་མ་བསྒྲིབས་པར། །རང་དམན་ས་བཟུང་ནས་མཁས་དབང་ལས། །དད་གུས་ཀྱི་བློ་སྐྱེད་ཅི་ལོན་མཛོད། །དེ་ལྟར་ན་རང་སེམས་རྒྱ་མཚོའི་མཛོད། །ཡོན་ཏན་གྱི་ནོར་བུས་ཡོངས་གང་སྟེ། །དམ་ཆོས་ཀྱིས་ཕོངས་པའི་གདུལ་བྱ་ཡི། །ཅི་འདོད་ཀྱི་རེ་བ་སྐོང་ནུས་འགྱུར། །དུས་ཐུང་ངུར་མཁས་པར་མི་འདོད་པར། །མིག་རྒྱང་བསྲིང་བློ་རྒྱ་ཆེར་བསྐྱེད་ནས། །ཐོས་བསམ་ལ་དམ་ལྷོད་མི་བྱེད་པར། །རྟག་གུས་སྦྱོར་ཆུ་བོའི་རྒྱུན་བཞིན་མཛོད། །དཀའ་སྤྱད་ཀྱིས་བསྒྲུབ་པའི་ཐོས་བསམ་ནོར། །བརྗེད་ངེས་ཀྱི་རྐུན་པོས་འཕྲོག་སྲིད་པས། །དྲན་ཤེས་ལ་གོམས་འདྲིས་རྒྱུན་ཆགས་ཀྱིས། །གང་ཤེས་ཀུན་བརྗེད་པ་མེད་པར་མཛོད། །མཁས་དབང་མདུན་སྨྲ་བའི་དཔལ་འདོད་ན། །གྲོགས་ངན་གྱི་འདུ་ལོངས་བྲེ་མོའི་གཏམ། །སྙོམས་ལས་ཀྱི་བདེ་ལ་མ་ཆགས་པར། །གང་སྦྱང་ལ་དཀའ་སྤྱད་སྙིང་རུས་མཛོད། །འདོད་ཡོན་ལ་ངོམས་མེད་ཆོས་ཀྱི་གེགས། །འདོད་ཆུང་དང་ཆོག་ཤེས་ནོར་གྱི་ཕུལ། །དམ་ཆོས་ཀྱི་དགའ་བ་སྐྱིད་ཀྱི་མཆོག །ནང་ཆོས་ཀྱི་ནོར་ལ་ངོམས་མེད་མཛོད། །ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན། །ཁ་ཕྱིར་བལྟས་ཙམ་ལ་མ་སོང་བར། །ནང་རང་སེམས་འདུལ་བའི་ཐབས་བཟང་དུ། །ཉམས་ལེན་ལ་སྒྲུབ་པར་སྙིང་པོར་མཛོད། །རྟག་འཛིན་འདིས་ཐོག་མཐའ་བར་གསུམ་དུ། །ཆོས་རྣམ་དག་སྒྲུབ་ལ་གེགས་བྱེད་པས། །རྩ་བ་གསུམ་རྒྱུ་མཚན་དགུ་དང་བཅས། །མི་རྟག་ཚུལ་ཡང་ཡང་བསམ་པར་མཛོད། །བཟོད་དཀའ་བའི་སྡུག་བསྔལ་མང་བསམ་ནས། །མཆོག་གསུམ་ལ་ཁ་ཚིག་ཙམ་མིན་པར། །བློ་ལིངས་ཀྱིས་གཏད་པའི་སྐྱབས་འགྲོ་དང་། །དེའི་བསླབ་བྱ་ཚུལ་བཞིན་སྒྲུབ་པར་མཛོད། །བདེ་ལེགས་ཀྱི་རྩ་བ་ལས་འབྲས་ལ། །ཡིད་ཆེས་ཀྱི་ངེས་པ་རྙེད་བྱས་ནས། །ལུས་ངག་གི་བྱ་བ་གང་བྱེད་ཀུན། །དཀར་ནག་གི་ལས་འབྲས་དཔང་བཞག་མཛོད། །ལྷག་ཁྲིམས་འདི་ཡོན་ཏན་ཀུན་གྱི་རྟེན། །བསྟན་རྩ་དང་ཐར་པའི་ལམ་གྱི་སྲོག །དོན་དེ་ཕྱིར་བསླབ་སྡོམ་མིག་འབྲས་ལྟར། །བསྲུང་བ་ལ་མཆོག་ཏུ་ནན་ཏན་མཛོད། །སྲིད་འབྱོར་ལ་སྲེད་ཞེན་དམུ་རྒོད་རྟ། །ངེས་འབྱུང་གི་སྲབ་ཀྱིས་དམ་དུ་བཅིངས། །བརྩོན་འགྲུས་ཀྱི་ལྕག་གི་རབ་བསྐུལ་ནས། །རྣམ་གྲོལ་གྱི་ལམ་ལ་ཁ་ལོ་སྒྱུར། །ཐོག་མེད་ནས་དྲིན་གྱིས་བསྐྱངས་བསྐྱངས་པའི། མ་རིགས་དྲུག་གནག་དཀའི་དུ་ཁཿ་མནར། །བླང་དོར་གྱི་གནས་ལ་བློ་མིག་ལྡོང་། །འདི་ཡལ་བར་འདོར་བ་ཅང་ཕོད་དམ། །དོན་དེ་ཕྱིར་གཞན་ཕན་བྱང་ཆུབ་སེམས། །འཔྲལ་རྒྱལ་སྲས་སྤྱོད་པའི་གཞི་དང་རྟེན། །མཐར་སྐུ་གསུམ་སྩོལ་བའི་ཡིད་བཞིན་ནོར། །ཐབས་ཡོད་དགུའི་རྩལ་གྱིས་བསྐྱེད་པར་མཛོད། །རང་ངོ་བོས་གྲུབ་པས་སྟོང་བཞིན་དུ། །ཚོགས་དྲུག་གི་ཡུལ་དུ་དེར་སྣང་བ། རྨི་ལམ་དང་སྒྱུ་འདྲའི་རྫུན་ཆོས་ལ། །དངོས་འཛིན་གྱི་འཆིང་བ་ལྷོད་པར་མཛོད། །དོན་སྡོད་ལུགས་རྡུལ་ཙམ་མེད་པ་དང་། །མིང་ཙམ་ལ་རྒྱུ་འབྲས་བྱ་བྱེད་ཀུན། །ཚད་གྲུབ་ཀྱི་སྣང་སྟོང་ཟུང་འཇུག་གི། །རྟེན་འབྲེལ་ལ་བསླུ་མེད་ངེས་རྙེད་མཛོད། །འདི་འཕགས་པ་ཀླུ་ཡི་དགོངས་པའི་བཅུད། །དཔལ་ཟླ་བ་གྲགས་པས་སྲོལ་ཕྱེ་བ། །རྗེ་རྒྱལ་བ་གཉིས་པས་གསལ་མཛད་པའི། །མཐའ་བྲལ་གྱི་ལྟ་བའི་རྒྱལ་པོ་ལགས། །ཐ་མལ་གྱི་སྐྱེ་འཆི་བར་དོ་གསུམ། །སྐུ་གསུམ་དུ་ཁྱེར་བའི་རྣལ་འབྱོར་དང་། །ལམ་ཟབ་མོ་ལྔ་ཡི་རྣལ་འབྱོར་བཅས། །ཡོངས་རྫོགས་ལ་བག་ཆགས་ཅི་ཐེབས་མཛོད། །རང་ཉིད་ཀྱིས་འབད་པའི་སྒྲུབ་ཆོས་རྣམས། །རང་སེམས་འདི་འདུལ་བའི་ཐབས་སོང་ན། །རང་གཞན་ལ་ཕན་པའི་རེ་འབྲས་རྣམས། །རང་ལག་ཏུ་མཆིས་པ་ཐེ་ཚོམ་མེད། །རྗེ་སྔོན་བྱོན་གོང་མའི་རྣམ་ཐར་བཞིན། །སྒོ་གསུམ་གྱི་རྣམ་དཀར་ཅི་བསགས་པ། །ལུང་རྟོགས་ཀྱི་བསྟན་པ་རྒྱས་པ་དང་། །མ་སེམས་ཅན་བདེ་བའི་རྒྱུ་རུ་བསྔོས། །བདག་ཉམས་ལེན་གནད་ལ་མ་མཁས་བཞིན། །ཚིག་སྐམ་གྱིས་ཆོས་ལ་བསྐུལ་བ་འདི། །གཞན་ཁྲེལ་བའི་རྒྱུ་ལས་མ་མཆིས་མོད། །དད་གུས་ཀྱིས་བསྐུལ་བའི་འཕྲིན་ལན་དུ། །ངས་ལྷག་བསམ་དག་པས་མཚམས་སྦྱར་ཏེ། །རང་སེམས་ལ་གང་ཤར་བརྗོད་པ་འདིས། །རང་གཞན་ཀུན་བློ་ཁ་ཆོས་བསྒྱུར། །ཆོས་གེགས་མེད་ལམ་དུ་འགྲོ་བར་ཤོག །ཅེས་པ་འདི་ནི་རང་ཉིད་ལ་ཇི་སྐད་བཤད་པའི་ལམ་ཉམས་སུ་ལེན་པའི་ནུས་པ་མེད་ཀྱང་ སློབ་བུ་བྱམས་པ་བསྟན་དར་གྱིས་རིང་ནས་ཡང་ཡང་བསྐུལ་བའི་ངོར་མཁན་མིང་བྱམས་པ་ ཆོས་གྲགས་ཀྱིས་གཡར་ཁྲལ་ཙམ་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །

No comments:

Post a Comment