Saturday 10 June 2023

༄༅། ། ཇ་མཆོད་བཀའ་རྒྱ་མ་བདེ་ཆེན་ཀུན་བཟང་།

 རང་ལྷར་གསལ་བདེ་ཆེན་འཁོར་ལོའི་སྟེང་༎ ལྷ་ཞི་ཁྲོ་རབ་འབྱམས་འདུས་པའི་དབུས།། གདན་སེང་ཁྲི་པད་ཉི་ཟླ་དཀྱིལ་ཁར།།  སྐྱབས་ཀུན་འདུས་རྩ་བའི་བླ་མ་བཞུགས།། ཨོཾ་ཨཱཿ ཧཱུྃ། བདེ་ཆེན་ཀུན་བཟང་ཇ་མཆོད་རྒྱ་མཚོ་འདི།། རྗེ་བཙུན་རྩ་བའི་བླ་མ་མཉེས་ཕྱིར་འབུལ། །

ལྷུན་གྲུབ་བདེ་ཆེན་རྒྱས་པའི་ངང་ཉིད་ནས།།ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས།། ཨོཾ་ཨཱཿ ཧཱུྃ། བདེ་ཆེན་ཀུན་བཟང་ཇ་མཆོད་རྒྱ་མཚོ་འདི།། བརྒྱུད་ལྡན་བླ་མའི་ཚོགས་རྣམས་ མཉེས་ཕྱིར་འབུལ།། ལྷུན་གྲུབ་བདེ་ཆེན་རྒྱས་པའི་ངང་ཉིད་ནས། ། དྲི་མེད་རྣམ་ཐར་འབྱོངས་ པར་བྱིན་གྱིས་རློབས།། ཨོཾ་ཨཱཿ ཧཱུྃ། བདེ་ཆེན་ཀུན་བཟང་ཇ་མཆོད་རྒྱ་མཚོ་འདི།། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་འབུལ།། ལྷུན་གྲུབ་བདེ་ཆེན་རྒྱས་པའི་ངང་ཉིད་ནས།། མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ།། ཨོཾ་ཨཱཿ ཧཱུྃ། བདེ་ཆེན་ཀུན་བཟང་ཇ་མཆོད་རྒྱ་མཚོ་འདི།། དཀོན་མཆོག་རིན་ཆེན་ཚོགས་རྣམས་མཉེས་ཕྱིར་འབུལ།། ལྷུན་གྲུབ་བདེ་ཆེན་རྒྱས་པའི་ངང་ཉིད་ནས།། སྲིད་དང་ཞི་བའི་འཇིགས་ལས་བསྒྲལ་དུ་གསོལ།། ཨོཾ་ཨཱཿ ཧཱུྃ། བདེ་ཆེན་ཀུན་བཟང་ཇ་མཆོད་རྒྱ་མཚོ་འདི།། མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་མཉེས་ཕྱིར་འབུལ།། ལྷུན་གྲུབ་བདེ་ཆེན་རྒྱས་པའི་ངང་ཉིད་ནས།། རྣལ་འབྱོར་འཕྲིན་ལས་མ་ལུས་བསྒྲུབ་དུ་གསོལ།། བདེ་ཆེན་རྩ་བའི་བླ་མ་ཁྱེད་རྣམས་ལ།། བདེ་ཆེན་ཀུན་བཟང་ཇ་མཆོད་འདི་ཕུལ་བས།། བདེ་ཆེན་འགྱུར་མེད་ཟུང་འཇུག་ཐོབ་པ་དང་།། བདེ་ཆེན་སྤྲུལ་པས་འགྲོ་བ་འདྲེན་གྱུར་ཅིག ། ཁྱེད་རྣམས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས།། བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།། ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང།། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། གང་དེའི་ཆེད་དུ་རྒྱ་ནག་ཡུལ་ལྗོངས་དང་།། བོད་ཡུལ་བརྒྱུད་པའི་ངལ་བ་ལྷུར་བླངས་པའི།། མི་དང་དུད་འགྲོ་བཅས་པའི་འགྲོ་བ་རྣམས།། བདེ་ཆེན་པདྨོའི་ཞིང་དུ་སྐྱེ་བར་ཤོག།། མངྒལཾ།།

 

 

No comments:

Post a Comment