Thursday 15 June 2023

རྟེན་གྱི་དྲུང་ནས་སྨོན་སེམས་དང་བྱང་སྡོམ་ལེན་ཚུལ་བཞུགས་སོ། །

སྐྱབས་འགྲོ

བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།   །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ།  །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།    ཞེས་ལན་གསུམ་བརྗོད།      

  

སེམས་བསྐྱེད་པའི་ཆོ་ག །

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང་བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ།  ཞེས་ལན་གསུམ་བརྗོད་དོ། །     

བྱང་སྡོམ་ལེན་པའི་ཆོ་ག་ནི

བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་།  མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟ་སློབ་པ་རྣམས་བདག་གིས་ཡང་དག་པར་བླང་ངོ་།   །ཞེས་ལན་གསུམ་བརྗོད་ནས་བླང་བར་བྱའོ། །

 

བྱང་སྡོམ་བླང་ཚུལ་མདོར་བསྡུས་ཐུན་དྲུག་ཏུ་གསལ་བ་ལྟར་བཞུགས་སོ།།

སྐྱབས་སེམས

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། 

ཚད་མེད་བཞི་བསྒོམ་པ

སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང། །བྲལ་ནས་ཁྱད་པར་འཕགས་པའི་བདེ་བ་ཐོབ། །བཟོད་དཀའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཏེ། །ཐར་པ་དམ་པའི་བདེ་དང་འབྲལ་མ་གྱུར། ། 

སྨོན་སེམས་དམ་བཅ་གཟུང་བ

འགྲོ་ཀུན་སྲིད་ཞིའི་འཇིགས་པ་ལས་སྒྲོལ་ཕྱིར། །རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས། །དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་པར།   ། སྲོག་གི་ཕྱིར་ཡང་མི་བཏང་གཟུང་བར་བགྱི།    འདིས་ནི་སྨོན་སེམས་ཆོགས་བཟུང་ཕྱིན་ཉིན་མཚན་ཐུན་དྲུག་ཏུ་སེམས་བསྐྱེད་དགོས་པར་གཟུང་བའོ། །

འཇུག་སྡོམ་ལེན་པ།

བླ་མ་རྒྱལ་བ་སྲས་བཅས་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ།    །རིམ་པ་བཞིན་དུ་བསླབ་པར་བགྱི།     ཞེས་ལན་གསུམ་གྱིས་འཇུག་སྡོམ་བླངས་ལ་སྐྱབས་ཡུལ་བསྡུའོ། །

སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ

དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །སྙམ་པ་ནི་བག་ཡོད་སྒོམ་པ་སྟེ་འདི་གཉིས་སྨོན་སེམས་ཀྱི་བསླབ་བྱར་སེམས་བསྐྱེད་ཀྱི་ཕན་ཡོན་ཐུན་དྲུག་ཏུ་བསམ་དགོས་པར་གསུངས་པའོ། །

ཚུལ་ཁྲིམས་རྣམ་དག་གི་གཟུངས། 

ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བི་བྷུ་ཥི་ཏེ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧཱ།

བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་དག་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཚངས་པར་སྤྱོད་པ་ཚེའི་མཐར་ཕྱིན་པར་གྱུར་ཅིག །ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་རབ་ཏུ་བྱུང་བ་ཐོབ་པར་གྱུར་ཅིག ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱི། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌༑ །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །

བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།

བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །རང་བཞིན་ངན་པའི་སེམས་ཅན་རྣམས། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བས་གཅེས་འཛིན་ཤོག །བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་བསྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །བཤེས་གཉེན་དམ་པར་བལྟ་བར་ཤོག །མདོར་ན་དངོས་སམ་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང༌། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོལ་ཤོག །ཅེས་པ་འདི་ནི་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེའི་གསུང་ངོ༌།། །།

 

No comments:

Post a Comment