Saturday 10 June 2023

༄༅།། གསོལ་ཁ་དང་འཕྲིན་བཅོལ་བཞུགས་སོ།།


སྲུང་མ་སྤྱིའི་བཤགས་པ། ཧཱུྃ། ཆོས་སྐུའི་རང་བཞིན་མཁའ་ལྟར་རྣམ་དག་ཀྱང་།། མ་རིག་དབང་གིས་རྨི་ལམ་སྒྱུ་མ་ལྟར།། ནོངས་པ་ཅི་མཆིས་བླ་མ་ཡིན་དམ་ལྷ།། ཆོས་སྐྱོང་སྲུང་མ་འཁོར་བཅས་སྤྱན་སྔར་བཤགས།། མགོན་པོའི་བསྟོད་པ་མྱུར་མཛད་མ། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན།། ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན།། ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན།། གཡས་པ་གྲི་གུག་བར་པ་ཕྲེང་བ་འཛིན།། ཐ་མ་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ།། གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ།།

དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད།། དྲག་པོའི་ཞལ་ནས་མཆེ་བ་རྣམ་པར་གཙིགས།། སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར།། དཔྲལ་བར་སིནྡྷཱུ་ར་ཡིས་ལེགས་པར་བྱུགས།། སྤྱི་བོར་མི་བསྐྱོད་རྒྱལ་བོའི་རྒྱས་བཏབ་བརྟན།། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན།། རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན།། ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི།། དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་ལོ།། སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང༌།། དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པ་དང༌།། བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི།། རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང༌།། ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་ཏུ་གསོལ།། ༈  །།ཆོོས་དབྱིངས་ངང་ལས་མ་གཡོས་ཀྱང་།། མ་རུངས་ཀུན་འདུལ་ཁྲོས་པའི་སྐུ།། བསྟན་པ་རུ་ཏྲ་འཇོམས་མཛད་པའི།། ནག་པོ་ཆེ་ལ་ཕྱག་འཚལ་བསྟོད།། ༈  །། ཧཱུྃ། བླ་མ་མགོན་པོ་དབྱེར་མེད་ལ།། བདག་ནི་གུས་པས་སྐྱབས་སུ་མཆི།། བདག་སོགས་སེམས་ཅན་ཐམས་ཅད་ཀྱི།། ཉོན་མོངས་མ་ལུས་སེལ་བར་ཤོག།།མགོན་པོ་བླ་མ་དབྱེར་མེད་ལ།། བདག་ནི་གུས་པས་སྐྱབས་སུ་མཆི།། བདག་སོགས་སེམས་ཅན་ཐམས་ཅད་ཀྱི།། བར་ཆད་མ་ལུས་སེལ་བར་ཤོག།།དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག།།རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང་།། དེ་ཡི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་བསྒྲུབ།། བླ་མ་མགོན་པོ་དབྱེར་མེད་འགྲུབ་གྱུར་ཅིག །

༄༅།། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ནང་སྒྲུབ་ཀྱི་ཚུལ་དུ་བསྟོད་པ། ན་མཿཤྲཱི་བཛྲ་བྷཻ་ར་ཝཱ་ཡ། བརྐྱང་བསྐུམ་ཞབས་ནི་ཅུང་ཟད་བརྡབས་པ་ཙམ་གྱིས་དཀྱིལ་འཁོར་བཞིར་བཅས་རི་དབང་ཤིག་ཤིག་པོར་འགྱུར་ཞིག །གཏུམ་དྲག་མ་ཧེའི་ཞལ་ནི་རབ་ཏུ་གདངས་པས་བསྒྲགས་པའི་གད་རྒྱངས་ཆེན་པོས་ས་གསུམ་ཀུན་འགེངས་པ།། རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་གང་མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བསྟན་བཅོམ་ལྡན་གཤིན་རྗེའི་གཤེད།། གང་དེར་གུས་པས་བཏུད་ནས་གཤིན་རྗེའི་རྒྱལ་པོ་བསྟོད་ཀྱི་ད་ནི་བགེགས་རྣམས་བག་ཡོད་དུས་ལ་བབ།། རི་བོ་རལ་ཞིང་ཆུ་གཏེར་འཁྲུགས་པ་ལྟ་བུར་འུར་འུར་ཞེས་པའི་སྒྲ་ཆེན་རྒྱུད་མར་རབ་སྒྲོག་པ།། དྲག་པོའི་མེ་ལྕེ་གནག་པའི་དུ་བས་འཁྱུད་པའི་ཚོགས་རྣམས་འབུམ་ཕྲག་གློག་ཕྲེང་ཆར་སྤྲིན་ནང་འཁྱུག་བཞིན།། ཤིན་ཏུ་བཟོད་དཀའི་རེག་བྱ་ཚ་བའི་ངར་ལྡན་ཁ་དོག་ལྔ་ཡི་ཕྲེང་བས་ཟླུམ་པོར་བསྐོར་བའི་དབུས།། མུན་པ་བྱེ་བས་བྱུགས་ལྟར་གནག་པའི་ཆོས་འབྱུང་ཆལ་ཆིལ་གཡོ་བའི་ཁྲག་ཞག་རྒྱ་མཚོས་གང་བའི་སྟེང་།། རྟ་བདུན་བདག་པོའི་གདན་ལ་གནོད་བྱེད་ནག་པོ་གན་རྐྱལ་བསྒྱེལ་བའི་སྟེང་ན་གཤིན་རྗེའི་རྒྱལ་པོ་ནི།། མིག་སྨན་ལྟར་གནག་ཐུང་ལ་སྦོམ་པའི་ལུས་ཅན་གཡས་བརྐྱང་གཡོན་བསྐུམ་ས་ཆེན་གཡོ་བའི་གོམ་སྟབས་ཅན།། སེར་སྐྱའི་རལ་པ་གྱེན་དུ་འཛིངས་པའི་དབུ་ལ་ཐོད་སྐམ་ལྔས་བརྒྱན་དྲག་པོའི་རྡོ་རྗེ་སྤྱི་བོར་འཛིན།། ཁྲག་གིས་སྦགས་པའི་མགོ་རློན་འཕྲེང་བ་མགྲིན་པར་འཕྱང་ཞིང་སྤྱན་གསུམ་བགྲད་པའི་སྡང་མིག་གཡོ་བ་ཅན།། མཆེ་བ་རྣོན་པོ་གཙིགས་པའི་བགྲད་པའི་ཞལ་ནས་དབུགས་ཕྲེང་གཡོ་བ་གདུག་པའི་སྦྲུལ་གྱི་ཁ་རླངས་བཞིན།། གཡས་པས་འབར་བའི་གྲི་གུག་བདུད་དཔུང་ཀླད་ལ་འཕྱར་ཞིང་ཁྲག་ལྡན་ཐོད་པ་གཡོན་གྱིས་བཟུང་ལ་རོལ།། སྟག་ལྤགས་སྨད་གཡོགས་བགོས་པའི་གཏུམ་ཆེན་ཁྱོད་ཀྱིས་གཤིན་རྗེའི་གཤེད་ལ་ཇི་ལྟར་ཞལ་བཞེས་དེ་བཞིན་དུ།། མ་གཡེལ་མ་གཡེལ་མྱུར་དུ་དྲན་པར་མཛོད་ལ་རྣལ་འབྱོར་བདག་གིས་གང་ཞིག་བསྒོ་བ་ཐམས་ཅད་སྒྲུབས།། གཞན་ཡང་ཁྱོད་ཀྱི་ཕྱོགས་བཞིར་རྭ་དང་རྨིག་པ་རབ་ཏུ་རྣོ་བའི་མ་ཧེ་དྲག་པོའི་གདན་སྟེང་ན།། དཀར་དང་སེར་དང་དམར་དང་གནག་པའི་གཤིན་རྗེ་ཆེན་པོ་དྲག་ཏུ་ཁྲོས་པའི་མ་ཧེའི་གདོང་པ་ཅན།། བརྐྱང་བསྐུམ་སྟབས་ཀྱིས་རབ་ཏུ་འགྱིང་ཞིང་དུར་ཁྲོད་ཆས་ཀྱིས་ལེགས་བརྒྱན་ཞལ་གདངས་མིག་རྩ་ཀུན་ཏུ་དམར།། བགེགས་དཔུང་འཇོམས་ལ་རྡོ་རྗེའི་ཐོག་ལྟར་བསྔགས་པ་དེ་དག་གིས་ཀྱང་ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབས།། མདོར་ན་རྒྱལ་བ་ཀུན་གྱིས་ཡང་དང་ཡང་བསྔགས་འཇམ་པའི་དབྱངས་ཞེས་ས་སྟེང་ཀུན་ཏུ་གྲགས་པ་དེའི།། ཕུན་ཚོགས་གོ་འཕང་མཆོག་དེ་མཁའ་མཉམ་ལུས་ཅན་ཀུན་གྱི་དོན་དུ་ཇི་སྲིད་བདག་གིས་མ་མནན་པ།། དེ་སྲིད་གཤིན་རྗེའི་གཤེད་ཀྱི་བཀའ་ནི་གུས་པས་ལྷུར་ལེན་ཆོས་རྒྱལ་གཤིན་རྗེ་འཁོར་དང་བཅས་པ་ཡིས།། ཡང་དག་ལམ་གྱི་ནོར་མཆོག་འཕྲོག་ལ་བརྩོན་པའི་ནག་པོའི་རྩ་ལག་སྡེ་དང་བཅས་པ་གཞོམ་པར་མཛོད།། ཅེས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ནང་སྒྲུབ་ཀྱི་ཚུལ་དུ་བསྟོད་པ་བདུད་དཔུང་རྣམ་པར་འཐག་པ་ཞེས་བྱ་བ་འདི་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་འཇམ་དཔལ་རྒྱ་མཚོ་ཞེས་པའི་རང་གི་སློབ་མས་གསོལ་བ་བཏབ་པའི་དོན་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།།

ཆོས་རྒྱལ་གྱི་བསྟོད་པ་ཀཱ་ལ་རཱུ་པ། ཧཱུཾ་ཀཱ་ལ་རཱུ་པ་རབ་བརྗིད་དྲག་པོའི་སྐུ།། ཁ་ནས་ཁྲག་འཛག་མི་མགོའི་ཕྲེང་བ་ཡི།། ག་ཤ་རབ་འཕྱང་མི་བཟད་བདུད་དཔུང་གི། ང་རྒྱལ་དྲེགས་པ་འཇོམས་པ་ཁྱོད་ལ་བསྟོད།། ཅ་ཅོ་ཆེ་ལྡན་རྡོ་རྗེའི་གླུ་དབྱངས་དང་།། ཆ་ཤས་ཡོངས་སུ་རྫོགས་པའི་གཏོར་མ་ནི།། ཇ་ཆང་བུད་དང་དགྲ་བགེགས་བསྒྲལ་བའི་ཤ།།ཉ་ཤ་ཁྲག་ཞག་རྒྱ་མཚོས་བརྒྱན་པ་འབུལ།། ཏ་ཐ་ག་ཏའི་བསྟན་ལ་གནོད་བྱེད་པའི།། ཐ་ཆད་དགྲ་གེགས་རྡུལ་དུ་རློག་པ་དང་།། ད་ནས་བཟུང་སྟེ་རྣལ་འབྱོར་བདག་ཅག་གི །ན་རྒ་འཆི་བའི་འཇིགས་པ་འཇོམས་ལ་བསྟོད།། པ་བ་སངས་ལྟར་རབ་དཀར་མཆེ་བ་གཙིགས།། ཕ་རོལ་འཇོམས་པའི་སྤྱན་རྩ་གླག་ལྟར་འཁྱུག །པ་སྤུ་དུས་མཐའི་མེ་ཆེན་འབར་བ་ཡིས།། མ་ལུས་བགེགས་དཔུང་བསྲེག་པ་ཁྱོད་ལ་བསྟོད།། ཙ་མུཎྜ་སོགས་མ་མོ་ཀུན་གྱི་བདག །ཚ་ཟེར་རབ་ཏུ་རྒྱས་པའི་གཟི་བརྗིད་ཅན།། ཛ་ཞེས་འཕྲིན་ལས་བསྒྲུབ་ལ་བོས་བའི་ཚེ།། ཝ་སྐྱེས་ལྟ་བུའི་བགེགས་འཇོམས་ཁྱོད་ལ་བསྟོད།། ཞ་ལྟར་འབྱུང་བོ་ཀུན་གྱིས་སྤྱི་བོས་བསྟེན།། ཟ་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང་།། འ་འུར་དར་དིར་སྒྲོག་པས་ས་ཆེན་གཡོ།། ཡ་ལས་སྐྱེས་པའི་ཐོད་དབྱུག་འཛིན་ལ་བསྟོད།། རྭ་དང་རྨིག་པ་རྣོ་བའི་མ་ཧེ་དང་།།ལ་ལ་རླུང་ནག་ཚུབ་མ་ཞོན་པའི་འཁོར།། ཤ་ཀ་ལི་དང་གཤིན་རྗེ་འབེབས་མ་སོགས།། ས་གསུམ་འབྱུང་བོའི་འཁོར་གྱིས་བསྐོར་ལ་བསྟོད།། ཧ་ཧ་དྲག་ཏུ་བཞེད་པའི་དཔལ་ཡོན་ཅན།། ཨརྒྷཾ་ལ་སོགས་མཆོད་པ་བཞེས་ནས་ཀྱང་།། དཔལ་ལྡན་གཤིན་རྗེའི་གཤེད་ཀྱི་སྤྱན་སྔ་རུ།། ཞལ་བཞེས་དམ་བཅའ་གཡེལ་བ་མེད་པར་མཛོད།།

བྷྱོཿ མ་སྐྱེས་མི་འགག་ཆོས་དབྱིངས་ཀློང་ཡངས་ནས།། མ་ཧཱ་ཀཱ་ལེ་སྲིན་མོ་ཁྲོས་པའི་སྐུ།། མ་རུངས་འདུལ་ཕྱིར་རྩེ་གསུམ་ཐོད་ཁྲག་འཛིན།། མ་མོ་ཆེན་མོ་ཙ་མུཎྜི་ལ་བསྟོད།། མ་ཧེའི་གདོང་ཅན་གཤིན་རྗེའི་དགའ་མ་ཁྱོད།། མ་རུངས་དགྲ་ལ་ཁ་གདངས་མཆེ་བ་གཙིགས།། མ་ལུས་བདུད་ཀྱི་སྲོག་གཅོད་བཤན་པ་མོ།། མ་ཡེངས་བསྟན་པའི་བསྲུང་མ་ཁྱོད་ལ་བསྟོད།། མ་གཅིག་འདོད་པའི་ཁམས་ལ་དབང་བསྒྱུར་མ།། མ་མོ་མཁའ་འགྲོ་སྡེ་བརྒྱད་འཁོར་དང་བཅས།། མ་མོའི་དལ་ཡམས་ལ་སོགས་ཆོ་འཕྲུལ་གྱིས།། མ་དུལ་གདུལ་དཀའ་འཇོམས་པ་ཁྱོད་ལ་བསྟོད།། མ་བཅོས་རང་བཞིན་དག་པའི་ཆོས་ཀྱི་དབྱིངས།། མ་གཏོགས་བདུད་ཀྱི་ཆོ་འཕྲུལ་ཅི་བྱུང་ཡང་།། མ་ཆེན་ཁྱོད་ཀྱི་མིང་ནས་བོས་པའི་ཚེ།། མ་གཡེལ་མྱུར་དུ་བྱོན་ལ་མཐུ་རྩལ་སྐྱེད།། མ་རུངས་རྣམས་ལ་རབ་ཏུ་ཁྲོས་གྱུར་ཀྱང་།། མ་ལྟར་བརྩེ་བས་བསྟན་འཛིན་སྐྱོང་བ་ཁྱོད།། མ་སྲིང་ཆུང་མ་བྲན་མོའི་ཚུལ་བཟུང་ནས།། མ་བསྐུལ་བར་ཡང་མཐུན་པའི་ལས་ཀུན་སྒྲུབས།། མ་ནོར་ལམ་མཆོག་སྟོན་པའི་བླ་མ་དང་།། མ་རིག་མུན་སེལ་རྒྱལ་བའི་བསྟན་པ་ལ།། མ་དད་ལོག་པར་བསྒྲུབ་པའི་གདོན་དང་བགེགས།།མ་བསྒྲལ་བ་རྣམས་ཆོས་ཀྱི་དབྱིངས་སུ་སྒྲོལ།། མ་ལུས་འགྲོ་བའི་དོན་དུ་རྣལ་འབྱོར་པས།། མཉྫུ་གྷོ་ཥའི་ཁོ་འཕང་དམ་པ་དེ།། མ་ཐོབ་དེ་སྲིད་ནག་མོ་ཆེན་མོ་ཁྱོད།། མ་གཡེལ་མ་གཡེལ་འཕྲིན་ལས་ཚུལ་བཞིན་སྒྲུབས།། མ་མོ་ཆེན་མོ་བསྟོད་ཅིང་བསྐུལ་བས་བདག།མ་རིག་འཁྲུལ་བས་བསྐྱེད་པའི་འཁོར་བ་འདི།། མ་སྟོངས་བར་དུ་བསྟན་པ་འཛིན་པ་ལ།། མ་ཧཱ་ཀཱ་ལིས་རྟག་ཏུ་གྲོགས་བྱེད་ཤོག ། 

 

༄༅།། དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྐང་གསོ་བསྡུས་པ།  རང་ཉིད་རྡོ་རྗེ་འཇིགས་བྱེད་གསལ་བའི་མདུན།། ཁྲག་ཞག་འཁྲུགས་པའི་རྒྱ་མཚོ་ཆེན་པོའི་དབུས།། རླུང་ནག་འཚུབ་མ་འཚུབ་མའི་གུར་གྱི་ནང་།། མྱུར་མགྱོགས་དྲེའུ་རྐྱང་སེར་གྭ་པའི་སྟེང་།། བྷྱོཿལས་དཔལ་ལྡན་གཉན་གྱི་རེ་མ་ཏཱི།། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ།། ཕྱག་གཡས་བེ་ཅོན་གཡོན་པས་ནལ་ཐོད་འཛིན།། ཞལ་གདངས་མཆེ་གཙིགས་མི་རོ་རངས་པོ་ཟ། སྤྱན་གསུམ་དམར་ཞིང་ཟླུམ་པ་གློག་ལྟར་འཁྱུག །སྙན་གཡས་སེངྒེ་གཡོན་པ་སྦྲུལ་གྱིས་བརྒྱན།། ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང་།། སྐྲ་སེར་གྱེན་བརྫེས་དབུ་ལ་རྨ་བྱའི་གདུགས།། སྤྱི་བོར་ཟླ་བ་ལྟེ་བར་ཉི་མས་བརྒྱན།། སྐུ་ལ་ཞག་གི་སོར་རིས་ཐལ་ཆེན་གྱི།། ཚོམ་བུས་བྱུགས་ཤིང་ཁྲག་གི་ཐིག་ལེས་བརྒྱན།། དར་ནག་ལྷབ་ལྷུབ་མི་ལྤགས་གཡང་གཞི་དང་།། རེ་ནག་གོས་གྱོན་སྐུ་སྨད་སྟག་ཤམ་འཕྱང་།། སྐེད་ལ་ཁྲམ་ཤིང་ཞབས་ལ་ལྕགས་སྒྲོག་བརྒྱན།། ནད་རྐྱལ་ཚོན་དྲུ་ཤོ་རྡེའི་དཀར་ནག་སོགས།། བསྟན་དགྲ་འཇོམས་པའི་ཆ་ལུགས་ཡོངས་སུ་རྫོགས།། འཁོར་དུ་གདོང་ཅན་གཉིས་དང་ལྷ་མོ་བཞི།། ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་སོགས།། ལས་བྱེད་གདུག་པའི་འཁོར་ཚོགས་རྒྱ་མཚོར་བཅས།། གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར།། བདག་མདུན་གཉིས་ཀའི་ཐུགས་ཀའི་ཧཱུཾ་ཡིག་ལས།། ལྕགས་ཀྱུ་ལྟ་བུའི་འོད་ཟེར་རབ་འཕྲོས་པས།། བྱང་ཤར་མུ་ལེ་དིང་གི་རྒྱ་མཚོའི་ནང་།། བསེ་མཁར་སྨུག་པོ་གྲུ་བཞིའི་གཞལ་ཡས་ནས།། དཔལ་ལྡན་དམག་ཟོར་རྒྱལ་མོ་རེ་མ་ཏཱི།། བཀའ་སྡོད་དམ་ཅན་འཁོར་ཚོགས་བྱེ་བ་འབུམ།། བསྟན་པ་བསྲུང་ཕྱིར་གནས་འདིར་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿཀ་མ་ལ་ཡེ་སྟཱཾ། བྷྱོཿ དངོས་བཤམ་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི།། ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་རིན་ཆེན་བདུན།། བཀྲ་ཤིས་རྫས་རྟགས་སྨན་རག་གཏོར་མ་བཅས།། འབུལ་ལོ་བཞེས་ནས་བསྟན་དགྲ་བརླག་པར་མཛོད།།

བཤགས་པ་ནི། བྷྱོཿ རྡོ་རྗེ་འཆང་དང་ལྭ་བ་དམར་པོ་སོགས།། རྩ་བ་བརྒྱུད་པའི་བླ་མ་དགོངས་སུ་གསོལ།། སངས་རྒྱས་དངོས་ཀྱི་བླ་མ་ཁྱེད་རྣམས་ལ།། མ་རིག་དབང་གིས་ལོག་ལྟ་བགྱིས་རྣམས་བཤགས།། བདག་ཅག་གསང་སྔགས་ཐེག་པའི་རྒྱ་མཚོ་ཆེར།། བཤེས་གཉེན་དེད་དཔོན་བཀའ་དྲིན་ལ་བརྟེན་ནས།། སྐུ་གསུམ་ནོར་བུ་ལེན་ལ་རབ་ཞུགས་ཏེ།། དེ་ཡི་བགེགས་གྱུར་དམ་ཚིག་ཉམས་ཆག་བཤགས།། མ་ཉམས་ཁྱད་པར་འཕགས་པའི་དམ་རྫས་དང་།། རྩེ་གཅིག་མོས་པའི་གདུང་ཤུགས་དྲག་པོ་ཡིས།། དཔལ་ལྡན་ལྷ་མོ་འཁོར་དང་བཅས་རྣམས་ལ།། བཟླས་སྒྲུབ་ཚུལ་བཞིན་མ་བྱས་མཐོལ་ལོ་བཤགས།། བདག་ནི་སྔོན་ཆད་མ་རིག་དབང་གྱུར་པས།། སྒོ་གསུམ་སྒོ་ནས་ཉེས་ཚོགས་ཅི་བགྱིས་པ།། སྐུ་གསུམ་ལྷུན་གྲུབ་ཁྱེད་ཀྱི་སྤྱན་སྔ་རུ།། ལུས་ངག་ཡིད་གསུམ་བསམ་པ་ཐག་པས་བཤགས།། ཐུགས་རྗེའི་གཏེར་གྱུར་ལྷ་མོ་འཁོར་བཅས་ཀྱིས།། སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ།། རྣལ་འབྱོར་བདག་ཅག་གཡེལ་མེད་བསྐྱངས་པ་ལ།། གཏང་རག་དུས་སུ་མ་ཐོངས་མཐོལ་ལོ་བཤགས།། བླ་མའི་སྐུ་དགྲ་སངས་རྒྱས་བསྟན་པའི་དགྲ།། བསྟན་འཛིན་རྣམས་དང་སྐྱེ་འགྲོ་ཡོངས་ལ་འཚེ།། དམ་ཉམས་སྡིག་ཅན་དགྲ་བགེགས་དེ་དག་ལ།། དབང་བསྐུར་བྱམས་ཀྱིས་བསྐྱངས་པ་མཐོལ་ལོ་བཤགས།། མདོར་ན་བདག་ཅག་མ་རིག་དབང་གྱུར་པས།། མཆོད་རྫས་དམ་ཉམས་རྫས་ཀྱིས་སྦགས་པ་སོགས།། ཁྱེད་ཀྱི་སྐུ་གསུང་ཐུགས་དང་འགལ་བགྱིས་པ།། ཐམས་ཅད་བསམ་པ་ཐག་པས་མཐོལ་ལོ་བཤགས།། བཤགས་དང་བཤགས་བྱ་བདེན་པར་མི་དམིགས་ཀྱང་།། བདེན་འཛིན་རྣམ་རྟོག་དྲི་མ་དག་བྱའི་ཕྱིར།། དཔལ་ལྡན་ལྷ་མོ་འཁོར་བཅས་རྣམས་ལ།། བཤགས་པས་ཉམས་སྒྲིབ་མ་ལུས་བྱང་གྱུར་ཅིག །

བསྐང་བ་ནི། བྷྱོཿ སྲིད་གསུམ་དབང་བསྒྱུར་དཔལ་ལྡན་རེ་མ་ཏཱི།། བཀའ་ཉན་མངག་གཞུག་བྲན་འཁོར་སྤྱན་ལམ་དུ།། འཛད་མེད་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན།། སྔགས་རྒྱ་ཏིང་འཛིན་གྱིས་སྤེལ་ཐུགས་དམ་བསྐང་།། ལང་ལོང་ཁོལ་བའི་ཁྲག་གི་ཨརྒྷཾ་ཕྲེང་།། འཕྲལ་བསད་དབང་པོའི་མེ་ཏོག་འཁྲིག་ཅིང་གཡོ།། བམ་སྲེག་དུད་སྤྲིན་ཁམ་ནག་འཐུལ་བ་འདིས།། དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་བསྐང་།། ཚིལ་ཆེན་ལ་སྦར་མེ་ལྕེ་སྲིད་རྩེར་སྙེག །ཁྲག་མཁྲིས་དྲི་ཆབ་དབྱར་མཚོའི་རླབས་ལྟར་འཁྲུག །ཤ་རུས་རོ་བདའི་ལྷ་བཤོས་སྤུངས་པ་འདིས།། དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་བསྐང་།། རྐང་གླིང་རོལ་མོ་སྣ་ཚོགས་འབྲུག་བཞིན་ལྡིར།། སྤྱན་འདྲེན་བརྡ་ཡི་དར་ནག་བ་དན་གཡོབ།། མྱུར་མགྱོགས་ཤུགས་སྤྱོན་ཁྲག་ཆང་ཞལ་སྐྱེམས་འདིས།། དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་བསྐང་།། སྒ་སྲབ་རྒྱན་སྤྲསརྟ་མཆོག་སྟོང་གསུམ་མྱུལ།། འབྲོང་གཡག་ཞོལ་མོ་ཆར་སྤྲིན་ལྟབུར་རྒྱུ།། རྭ་བཞི་འཁྱིལ་ལུག་འདབ་ཆགས་བྱ་ནག་གིས།། དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་བསྐང་།། ཁྱི་ནག་གཏུམ་པོ་ཅེ་སྤྱང་བཞིན་དུ་འཕྱོ།། སྲིན་པོའི་མགོ་ལྤགས་སྦྲུལ་རྒྱན་རྐྱང་སེར་དྲེལ།། བེ་ཅོན་ནལ་ཐོད་མི་ལྤགས་སྟག་ཤམ་གྱིས།། དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་བསྐང་།། སྐམ་རློན་ཕྲེང་བ་རུས་རྒྱན་བྱུགས་རྫས་གསུམ།། རེ་ནག་གོས་དང་སྙན་རྒྱན་སེངྒེ་སྦྲུལ།། ནད་རྐྱལ་ཁྲམ་ཤིང་ཚོན་དྲུ་དཀར་ནག་བཤོས།། དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་བསྐང་།། རྨ་བྱའི་གདུགས་དང་ཉིམ་ཟླ་བའི་རྒྱན།། རླུང་ནག་འཚུབ་གུར་ནད་ཀྱི་རྫིང་བུ་དང་།། སྲབའི་གོ་ཆ་རྣོ་བའི་མཚོན་རྣོན་གྱིས།། དམག་ཟོར་རྒྱལ་མོ་འཁོརབཅས་ཐུགས་དམ་བསྐང་། དམ་རྫས་གཏོར་མ་རི་བོ་ལྟ་བུར་སྤུངས།། སྨན་རག་བཏུང་བ་རྒྱ་མཚོ་བཞིན་དུ་འཁྱིལ།། ལྷ་མིའིདཔལ་འབྱོར་མ་ཚང་མེད་པ་ཡིས།། དམག་ཟོར་རྒྱལ་མོ་འཁོརབཅས་ཐུགས་དམ་བསྐང་།། བྱ་རོག་ནལ་བུའི་གསོབ་སྙིང་སྔགསའཁོར་རྫས།། ལེགས་བལྟམས་དབྱངས་ཅན་ལྷ་མོར་ངེས་རྙེད་པའི། ཕྱི་ནང་གསང་བ་དེ་ཉིད་རྟེན་མཆོག་གིས།། དམག་ཟོར་རྒྱལ་མོའཁོར་བཅས་ཐུགས་དམ་བསྐང་།། གཞན་ཡང་དཔལ་ལྡན་ལྷ་མོ།། བསྟན་པ་བསྲུང་བའི་ཆ་རྐྱེན་དུ།། དགོས་པའི་ཡོ་བྱད་ཐམསཅད་འབུལ།། བསྟན་པ་བསྲུང་ལ་མ་གཡེལ་ཞིག །དམ་ཉམས་སྡིག་ཅན་སྒྲོལ་བ་དང་།། དགོན་གནས་བསྲུང་བའི་ཆ་རྐྱེན་དུ།། དགོས་པའི་ཡོ་བྱད་ཐམས་ཅད་འབུལ།། དགོན་གནས་འདི་ལ་གནོད་པ་ཡི།། སེམས་འཆང་དགྲ་དང་བགེགས་རྣམས་ཀུན།། སྐད་ཅིག་ཉིད་ལ་བརླག་པར་མཛོད།། དཔོན་སློབ་དགོན་གནས་བཅས་པ་ལ།། དགོས་པའི་ཡོ་བྱད་ཅི་བྱུང་ཡང་།། དཔལ་ལྡན་ལྷ་མོའི་འཕྲིན་ལས་ཀྱིས།། འབད་མེད་ལྷུན་གྱིས་གྲུབ་པར་མཛོད།།  བྷྱོཿ ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས།། འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི།། དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་འབུལ་གྱི།། རྒྱལ་བའི་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ།། བཞེས་ནས་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི།། རྐྱེན་ངན་བར་ཆད་ཀུན་སེལ་མཐུན་རྐྱེན་སྒྲུབས།། དགེ་འདུན་སྡེ་སྐྱོངས་བསྟན་འཛིན་འཕྲིན་ལས་སྤེལ། འགྲོ་བའི་བདེ་སྐྱིད་ཐུབ་བསྟན་དར་རྒྱས་མཛོད།

གསེར་སྐྱེམས་ནི།  བྷྱོཿ རྣམ་འདྲེན་བསྟན་པ་སྲུང་བའི་ཆོས་སྐྱོང་མཆོག །རྣལ་འབྱོར་བུ་བཞིན་སྐྱོང་མཛད་མཐུ་རྩལ་ཅན།། འདོད་ཁམས་བདག་མོ་དཔལ་གྱི་ལྷ་མོ་ལ།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། དོན་དམ་ཞི་བའི་ངང་ལས་མ་གཡོས་ཀྱང་།། བསྟན་དགྲ་འདུལ་ཕྱིར་དྲག་མོའི་སྐུར་བཞེངས་པ།། མ་གཅིག་དཔལ་ལྡན་སྲིད་གསུམ་རྒྱལ་མོ་ཁྱོད།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། སྲིན་མོ་དྲུག་ཏུ་ཁྲོས་པའི་རྣམ་འགྱུར་གྱིས།། གཙོ་མོའི་སྔ་ཕྱིར་རྒྱུག་པའི་ལས་མཁན་ཟུང་།། ཆུ་སྲིན་སེངྒེའི་གདོང་ཅན་རྣམ་གཉིས་ལ།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། ཞལ་གྱི་ཁྲོ་གཉེར་དྲག་པོའི་སྤྲིན་ནག་བཞིན།། རབ་འཁྲུག་གློང་ནས་སྤྱན་གསུམ་གློག་ལྟར་འཁྲུག །ཁྲོས་འཁྲུག་རྔམས་བརྗིད་དུས་བཞི་ལྷ་མོ་ལ།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། བཀྲ་ཤིས་ཚེ་རིང་མཐིང་གི་ཞལ་བཟང་མ།། མི་གཡོ་བློ་བཟང་ཅོད་པན་མགྲིན་བཟང་མ།། གཏད་དཀར་འགྲོ་བཟང་མཁའ་འགྲོ་མཆེད་ལྔ་ལ།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། རྡོ་རྗེ་ཀུན་གྲགས་ལ་སོགས་བདུད་མོ་བཞི།། རྡོ་རྗེ་སྤྱན་གཅིག་ལ་སོགས་གནོད་སྦྱིན་བཞི།། ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞིར།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི།། ལྷ་ཆེན་ཚངས་པ་ཡུམ་སྲས་བློན་པོ་བཅས།། སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་རྣམས་ལ།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། གཞན་ཡང་ས་གཞི་བར་སྣང་ཁྱོན་གང་བའི།། ལྷ་ཀླུ་གནོད་སྦྱིན་སྲིན་མོའི་གཟུགས་འཛིན་པ།། བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་ཚོགས་རྣམས་ལ།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། ཆོས་འཁོར་བཀའ་སྲུང་ཀླུ་བཙན་དབང་གི་མདོག །ཀོག་མ་གྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ།། བཙན་འཁོར་སུམ་བརྒྱ་དྲུག་ཅུར་བཅས་པ་ལ།། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། 

བསྟོད་པ་ནི།  བྷྱོཿ ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དམ་པ་ནས།། གདུག་པ་འདུལ་ཕྱིར་དྲག་མོའི་སྐུ་བསྟན་ཡང་།། དངོས་གྲུབ་རིན་ཆེན་འདོད་དགུའི་ཆར་འབེབས་མ།། དམག་ཟོར་རྒྱལ་མོའི་ཞབས་ལ་ཕྱག་འཚལ་ལོ།། གདོད་ནས་སྟོང་ཡང་གཟུགས་སྐུ་ཅིར་ཡང་འཆར།། ཆོས་སྐུ་ཞི་ཡང་སྲིན་མོ་ཁྲོས་པའི་གར།། ཐུགས་རྗེས་བརླན་ཡང་བསྟན་དགྲའི་རྩ་ལག་བསྲེགས།། ཁྱོད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།། ཟག་མེད་བདེ་སྟེར་རྒྱལ་ཀུན་གསང་བའི་ཡུམ། རྣལ་འབྱོར་བདག་ལ་བརྩེ་བའི་སྲིང་གཅིག་མ།། བསྟན་དགྲའི་སྲོག་ཟ་བསྟན་འཛིན་ཡོངས་ཀྱི་མ།། བསྟན་པའི་སྲོག་ཤིང་ཁྱོད་ལ་བདག་བསྟོད་དོ།། རྐྱེན་ངན་བར་ཆད་མུན་འཇོམས་རྟ་ལྗངས་ཟེར། ཅི་འདོད་རེ་སྐོངས་བསམ་འཕེལ་དབང་གི་རྒྱལ།། བརྟན་གཡོ་དབང་བསྡུས་ལས་ཀྱི་ཕོ་ཉ་སྟེ།། དགྲ་ཀླུ་ཟ་བྱེད་མཁའ་ལྡིང་དབང་པོར་བསྟོད།། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ནི།། གདོང་ཅན་གཉིས་དང་དུས་ཀྱི་ལྷ་མོ་བཞི།། ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་སོགས།། གདུག་པའི་འཁོར་ཚོགས་རྒྱ་མཚོར་བདག་བསྟོད་དོ།། བསྟན་པའི་ཆུ་གཏེར་དཔྱད་གསུམ་བསྲུབ་ཤིང་གིས།། བསྲུབ་པའི་སྙིང་བཅུད་བློ་བཟང་རྒྱལ་བའི་བསྟན།། སྲིད་མཐའི་བར་དུ་ཉམས་མེད་རྟག་འཕེལ་བའི།། དགེ་ལེགས་སྣང་བས་ཁྱོན་ཀུན་ཁྱབ་པར་མཛོད།། སྲིད་དང་ཞི་བའི་འདོད་དགུ་འབྱུང་བའི་བཅུད།། རྨད་བྱུང་དགེ་མཚན་དཔལ་ཡོན་མ་ལུས་པ།། པད་མའི་མཚོ་ལ་ངང་མོ་འདུ་བ་བཞིན།། གནས་འདིར་འདུ་ཞིང་རྒྱས་པའི་འཕྲིན་ལས་མཛོད།། རྒྱལ་ཀུན་འཕྲིན་ལས་ངོ་བོ་ལྷ་མོ་ཁྱོད།། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་།། བསླུ་མེད་སྐྱབས་གསུམ་ངོ་བོར་མངའ་གསོལ་ན།། རབ་འབྱམས་འཕྲིན་ལས་བསྒྲུབ་ལ་མ་གཡེལ་ཞིག །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ།། གསང་བའི་ལྷ་མོ་ཁྱོད་དང་མི་འབྲལ་ཞིང་།། བར་ཆད་བགེགས་ཀྱི་མཚན་མ་ཅི་བྱུང་ཡང་།། དེ་ཀུན་ལྷ་མོ་ཁྱོད་ཀྱིས་བཟློག་པར་མཛོད།། ཅེས་པ་འདི་ནི་ཆབ་དགོན་མཁན་མིང་བྱམས་པ་ཆོས་གྲགས་ཀྱིས་སྦྱར་བའོ།།

ལྷ་མོའི་བསྟོད་པ་སེམས་ཉིད་འཕྲིན་ལས་མ། བྷྱོཿ སེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི།། སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད།། དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད།། རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས།། མཐུན་པར་བསྟན་པ་ཞི་བའི་དཔལ་ལྷ་མོ།། ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན།། ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།། རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་དྭངས།། ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ།། བདག་གི་ནད་གདོན་བར་ཆད་ཞི་བར་མཛོད།། བྷྱོཿ སེམས་ཉིད་༝༝༝། སེམས་ཉིད་༝༝༝།། དོན་དམ་༝༝༝།། རྫུ་འཕྲུལ་༝༝༝།། མཐུན་པར་བསྟན་པ་རྒྱས་པའི་དཔལ་ལྷ་མོ།། རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན།། རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།། རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད།། ཀུན་ཏུ་རྒྱས་མཛད་མ་ལ་ཕྱག་འཚལ་ལོ།། བདག་གི་ཚེ་དང་བསོད་ནམས་རྒྱས་པར་མཛོད།། བྷྱོཿ སེམས་ཉིད་༝༝༝།། སེམས་ཉིད་༝༝༝།། དོན་དམ་༝༝༝།། རྫུ་འཕྲུལ་༝༝༝།། མཐུན་པར་བསྟན་པ་དབང་གི་དཔལ་ལྷ་མོ།། དབང་མཛད་དབང་བསྒྱུར་དབང་གི་ངང་ཚུལ་ཅན།། དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།། རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་ཆགས།། ཀུན་ཏུ་དབང་མཛད་མ་ལ་ཕྱག་འཚལ་ལོ།། ཁམས་གསུམ་སེམས་ཅན་ཐམས་ཅད་དབང་དུ་སྡུས།། བྷྱོཿ སེམས་ཉིད་༝༝༝།། སེམས་ཉིད་༝༝༝།། དོན་དམ་༝༝༝།། རྫུ་འཕྲུལ་༝༝༝།། མཐུན་པ་བསྟན་པ་དྲག་པོའི་དཔལ་ལྷ་མོ།། དྲག་མཛད་དྲག་འགྱུར་དྲག་པོའི་ངང་ཚུལ་ཅན།། དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།། རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་རྔམས།། ཀུན་ཏུ་དྲག་མཛད་མ་ལ་ཕྱག་འཚལ་ལོ།། བདག་གི་ནད་གདོན་དགྲ་བགེགས་དྲག་པོ་སྒྲོལ།། བྷྱོཿ ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ཀྱང་།། འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ཡིས།། འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལ།། བདག་གིས་བསྒྲིམས་ཏེ་རབ་ཏུ་བསྟོད་བགྱིད་ན།། བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་སྟེ།། ཁྱོད་ལྟར་འགྲོ་བའི་དོན་ལ་བརྩོན་པར་ཤོག །

རྣམ་སྲས་ཀྱི་བཤགས་པ། བཻ། བྱང་ཕྱོགས་སྐྱོང་བ་གསེར་ལྟར་མཛེས་པའི་སྐུ།། དྲི་མེད་ཉི་ཟླ་ལྟ་བུའི་འོད་ཟེར་འཕྲོ།། སྒྲུབ་མཆོག་བསྐྱང་ཕྱིར་རྒྱལ་མཚན་ནེའུ་ལེ་འཛིན།། བསྟན་སྲུང་གནོད་སྦྱིན་འཁོར་དང་བཅས་ལ་འདུད།། རྒྱལ་པོ་ཁྱོད་ཀྱི་སྐུ་ཆ གསུང་ཐུགས་དང་ནི།། སྤང་ཞིང་བླང་བའི་དམ་ཚིག་བསྲུང་མཚམས་ལས།། རྣལ་འབྱོར་མི་བརྩོན་དབང་གིས་འདས་སྲིད་ན།། བཟོད་པ་བཞེས་ཤིང་བུ་བཞིན་སྐྱོང་བར་མཛོད།། དང་པོ་སྤང་བར་བྱ་བའི་དམ་ཚིག་ལས།། རོ་ལ་འཇུས་ཤིང་རོ་གོས་གྱོན་པ་དང་།། རྟ་ནག་ཞོན་ཅིང་རེ་ནག་བཏིང་བ་དང༌།། ཞྭ་ནག་གོས་ནག་གྱོན་པ་མཐོལ་ལོ་བཤགས།། རྟ་བོང་ཤ་ཁྲག་ཟོས་ཤིང་འཐུང་པ་དང་།། ཡུག་མོས་བཅོས་པའི་ཁ་ཟས་ཟོས་པ་དང་།། གས་ཤིང་ཆག་པའི་སྣོད་དུ་ཟོས་པ་རྣམས།། རྒྱལ་ཆེན་ཁྱེད་ཀྱི་སྐུ་ལ་བཟོད་པར་གསོལ།། དང་དུ་བླང་བའི་དམ་ཚིག་ལས་འདས་ཏེ།། བསྙེན་པ་མ་ཐེངས་གནད་ལ་བོར་བ་དང་།། སྦྱིན་པ་མ་བཏང་འདོད་ཆེན་ནོར་བླངས་དང་།། དུས་སུ་མཆོད་གཏོར་མ་བྱས་བཟོད་པར་གསོལ།། ཁྱོད་ཀྱི་རྟེན་མཆོག་འཆང་བར་དམ་བཅས་ནས།།  ཕྱི་ནང་གསང་བའི་རྟེན་གསུམ་མ་རྙེད་དང་།། རྙེད་ཀྱང་ལུས་ལ་མ་བཅངས་བྲལ་བ་དང་།།  ལུང་ཐང་ཕྲེང་བས་མ་བགྲངས་བཟོད་པར་གསོལ།། མདོར་ན་ཆོས་སྐྱོང་ཁྱོད་ཀྱི་དམ་ཚིག་ལས།། འགལ་ཞིང་ཉམས་པར་གྱུར་པ་ཅི་མཆིས་པ།། གནོད་སྦྱིན་ཁྱེད་ལ་བཟོད་པར་གསོལ་ལགས་ཀྱི།། ཚངས་པ་སྩལ་ནས་གྲུབ་མཆོག་སྩལ་དུ་གསོལ།། 

 

རྣམ་སྲས་བསྐང་བ།  བཻ། རིན་ཆེན་མང་སྤྲུལ་རྒྱལ་པོ་ཆེན་པོ་སྟེ།། བདེ་མཛད་སྲིད་གསུམ་ཕོངས་དང་རྒུད་པ་ལས།། མྱུར་སྐྱོབ་བཀྲ་ཤིས་དཔལ་འབར་བདེ་སྟེར་བ།། མགོན་པོ་སིདྡྷིའི་གཏེར་མཆོག་ཐུགས་དམ་བསྐང་།། གོས་སྔོན་ལུང་ཐང་ཕྲེང་བ་ཅང་ཤེས་རྟ།། འདོད་འཇོའི་བ་དང་གཏེར་བུམ་དཔག་བསམ་ཤིང་།། ཁྲུས་ཀྱི་རྫིང་བུ་གཙུག་ལག་ཁང་ཆེན་དང་།། གསང་ཆེན་བྲིས་སྐུ་དམ་པས་ཐུགས་དམ་བསྐང་།། དོན་དམ་སྤྲོས་བྲལ་སྐྱེ་འགག་གནས་གསུམ་བྲལ།། རྡོ་རྗེ་འཛིན་དང་རྒྱལ་པོ་ཆེན་པོ་ཡང་།། ཏིང་འཛིན་འཇའ་ཚོན་ལྟ་བུར་དུས་ཀུན་སྤྱོད།། ལྟ་སྒོམ་སྤྱོད་པ་ཟབ་མོས་ཐུགས་དམ་བསྐང་།། གསང་སྔགས་བསྙེན་སྒྲུབ་ཐུན་མོང་ཁྱད་པར་དང་།། སྐུ་གསུང་ཐུགས་དང་བྱེ་བྲག་སྤྱི་རྣམས་ཀྱི།། དམ་ཚིག་གཙང་མའི་དགེ་བ་ཅི་མཆིས་པས།། མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་བསྐང་།། རྟག་གཏོར་རྒྱུན་གཏོར་དུས་གཏོར་གཉན་པོ་དང་།། མཆོད་པ་ལྔ་དང་འདོད་ཡོན་རྣམ་ལྔ་དང་།། རིན་ཆེན་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱིས།། མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་བསྐང་།། ནས་འབྲས་གྲོ་སྲན་ཏིལ་དང་འབྲུ་ཡི་ཚོགས།། ཛཱ་ཏི་གུར་ཀུམ་ཙན་དན་ག་བུར་དང་།། གླ་རྩི་དྲི་ལྔ་འབྲུ་སྣ་ལྔ་དང་ནི།། བྱི་དྲི་སིང་དྲི་ཧ་སི་དེ་བ་དང་།། ཀར་ནི་ཀ་དང་སྨན་མཆོག་རྣམ་ལྔ་དང༌།། ཆུ་ཡི་སྙིང་པོ་ལན་ཚྭ་རྩི་ཐོག་དང༌།། ཤིང་ཐོག་བུ་རམ་སྦྲང་རྩི་ཏིལ་མར་དང་།། སྨན་སྣ་སྙིང་པོ་ལྔ་ཡིས་ཐུགས་དམ་བསྐང་།། ལུས་འཕགས་པོ་དང་འཛམ་གླིང་བ་ལང་སྤྱོད།། སྒྲ་མི་སྙན་དང་གླིང་ཕྲན་བརྒྱད་པོ་དང་།། ཉི་ཟླ་རི་རབ་ཀུན་བཟང་མཆོད་པའི་སྤྲིན།། མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་བསྐང་།། ཐུགས་དམ་གཉེན་པོ་དབྱིངས་སུ་བསྐང་གྱུར་ནས།། བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།།

བསྟོད་བསྡུས།  བཻ། མི་འཇིགས་སེང་གེའི་གདན་སྟེང་ན།། བེ་ལས་བྱུང་བའི་མགོན་པོ་ནི།། ངལ་བསོ་དགེ་བ་སྟོབས་པོ་ཆེ།། ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད།། བཙུན་མོ་བཞི་དང་སྲས་བཞི་དང་།། ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད།། ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད།། ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། དགྲ་བགེགས་མ་ལུས་གཞོམ་པ་དང་།། འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤིང་།། འདོད་དགུ་ཡིད་བཞིན་འགྲུབ་པ་དང་།། གཞན་དོན་ལྷུན་གྱིས་གྲུབ་པར་མཛོད།། ༈ །།ཕོ་བྲང་ལྕང་ལོ་ཅན་གྱི་གནས་མཆོག་ནས།། སྒྲུབ་པ་པོ་ལ་རེ་བ་བསྐང་མཛད་ཅིང་།། གཡེལ་བ་མེད་པར་དངོས་གྲུབ་མཆོག་སྩོལ་བའི།། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་བཀྲ་ཤིས་ཤོག །

དེ་དཀོར་གཏོར་འབུལ་བཞུགས་སོ།།  བྷྱོཿ རབ་འབྱམས་རྒྱལ་བ་ཀུན་གྱི་འཕྲིན་ལས་ལ།། དམར་ཟོར་རྒྱལ་མོ་ཞེས་བྱར་མཚན་གསོལ་བ།། རྩེ་གཅིག་མོས་པའི་དབང་གིས་སྤྱན་འདྲེན་ན།། ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ།། མདུན་གྱི་ནམ་མཁར་རླུང་ནག་འཚུབ་མའི་དབུས།། བེ་ཅོན་ཐོད་ཁྲག་འཛིན་པ་སྲིན་མོའི་གཟུགས།། དྲེའུ་སྟེང་བཞུགས་གདུག་པ་ཚར་གཅོད་སྐུ།། ཇི་སྲིད་དྲན་པ་དེ་སྲིད་རྟག་ཏུ་བཞུགས།། ཕྱི་ཡི་སྤྱན་གཟིགས་ནམ་མཁའི་ཁྱོན་བཀང་སྟེ།། ནང་གི་དམ་རྫས་ས་གཞི་མ་ལུས་ཁྱབ།། ཡིད་ཀྱི་སྤྲུལ་པའི་མཆོད་སྤྲིན་ཞིང་ཁམས་ཀུན།། དགྱེས་པར་འགེངས་པ་འཁོར་དང་བཅས་ལ་འབུལ།། དཔལ་ལྡན་ཐུབ་པའི་བཀའ་སྲུང་མཐུ་རྩལ་ཅན།། ཁྱོད་ཉིད་བསྟེན་ཅིང་སྒྲུབ་ལ་རྩེ་གཅིག་ཏུ།། གསོལ་བ་བཏབ་པས་རྣལ་འབྱོར་དཔོན་སློབ་ཀྱི།། འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་མ་ལུས་སྒྲུབས།། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས།། འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི།། དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་འབུལ་ལོ།། རྒྱལ་བའི་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ།། སྐུ་གསུམ་ལྷུན་གྲུབ་ཐུགས་རྗེ་མཐར་ཕྱིན་ཡང་།། སྲིད་གསུམ་གདུག་པ་འདུལ་ཕྱིར་དྲག་མོའི་སྐུ།། དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེན་མོ་ལ།། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།། བདག་སོགས་རྣམས་ཀྱི་ཆོས་དང་མཐུན་པའི་དོན།། ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་།། ནད་གདོན་བགེགས་སོགས་བར་དུ་གཅོད་པའི་ཚོགས།། ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ན།། ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང་།། དམག་ཟོར་རྒྱལ་མོ་ལ་སོགས་སྲུང་མའི་ཚོགས།། གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །  

བྷྱོཿ ལྷུན་གྲུབ་བདེ་བ་ཆེན་པོའི་ངང་།། སྲིན་མོ་ཁྲོས་པའི་དྲག་ཤུལ་ཅན།། ཁམས་གསུམ་དབང་སྡུད་རེ་མ་ཏི།། འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས།། པད་དཀར་འཆང་བ་རིམ་བྱོན་སོགས།། སྔོན་གྱི་དམ་ཚིག་རྗེས་དགོངས་ལ།། བསྟན་དང་བསྟན་འཛིན་སྐྱོང་བ་དང་།། ཆོས་ལྡན་འཕྲིན་ལས་འགྲུབ་པར་མཛོད།། ཁྱད་པར་འབྲུམ་ཆེན་དཀར་ནག་དང་།། གག་ལྷོག་བད་ཀན་རྒྱུ་གཟེར་སོགས།། ཡུལ་ཕྱོགས་ནད་ཡམས་མ་ལུས་པ།། ཞི་ཞིང་བཟློག་པའི་འཕྲིན་ལས་མཛོད།།

བྷྱོཿ རང་བཞིན་རྣམ་པར་དག་པའི་གངས་ཕུག་ནས།། རྡོ་རྗེ་བོད་ཁམས་སྐྱོང་བའི་ལྷ་བཙུན་མ།། འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ།། རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།། ལན་གསུམ། ཨོཾ་བཛྲ་མཧཱ་མ་ཏྲི་དུང་དུང་ཏྲེ་ཛྙ་ས་པ་ར་ཝ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁྭ་ཧི་ཁྭ་ཧི། ལན་གསུམ། མཆོད་བྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཀོང་བཙུན་དེ་མོ་ཕྱི་ནང་གསང་གསུམ་འཁོར་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ལ་བསྔོའོ།། འབུལ་ལོ།། གསོལ་ལོ།། མཆོད་དོ།། བཞེས་ཤིང་ཚིམས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། དཀར་པོའི་ཆོས་དང་མཐུན་པའི་སྡོང་གྲོགས་འཕྲིན་ལས་རྒྱབ་རྟེན་རྒྱ་ཆེན་པོ་མཛད་དུ་གསོལ།།

བྷྱོཿ རྗེ་བཙུན་སྒྲོལ་མའི་ཐུགས་ཀྱི་སྤྲུལ་པ་ལས།། བོད་ཁམས་བསྟན་པ་སྐྱོང་བའི་འཕྲིན་ལས་མ།། འཁོར་དང་བཤད་སྒྲུབ་འབྱོར་པ་རྒྱས་པ་དང་།། མི་མཐུན་སྐྱེ་བོའི་གདུག་རྩུབ་ཞི་བར་མཛོད།། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་།། རྡོ་རྗེ་སློབ་དཔོན་པདྨའི་བཀའ་ལ་ཉོན།། རྣལ་འབྱོར་བདག་གི་རེ་བ་མ་བཅག་པར།། ད་ལྟ་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།། 

ཞང་པཎ་གསལ་གདབ་ཅིང་སྤྱན་འདྲེན་པ་ནི། ཧཱུཾ༔ རང་ཉིད་ཡི་དམ་ལྷ་སྐུར་གསལ་བའི་མདུན།། མེད་བཞིན་སྣང་བ་ནམ་མཁའི་འཇའ་ཚོན་བཞིན།། ཤུགས་དྲག་རླུང་གིས་བསྐྱོད་པའི་མེ་དཔུང་དབུས།། རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་།། མི་ཟད་ནོར་གྱི་ཕུང་པོ་སྤུངས་པའི་དབུས།། ནོར་བདག་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ།། སྐུ་མདོག་དམར་སྨུག་རྔམ་པའི་ཁྲོ་གཉེར་ཅན།། ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་ཁྲག་འཛིན།། དབུ་ལ་བསེ་ཐེབ་དར་དམར་ན་བཟའ་གསོལ།། རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་སྟེང་ན་འགྱིངས།། ལས་བྱེད་སྤྲུལ་པའི་འཁོར་ཚོགས་རྒྱ་མཚོ་བཅས།། གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར།། བདག་མདུན་གཉིས་ཀྱི་ཐུགས་ཀའི་ཧཱུཾ་ཡིག་ལས།། ལྕགས་ཀྱུ་ལྟ་བུའི་འོད་ཟེར་རབ་འཕྲོས་པས།། བསྟན་སྲུང་ལས་ཀྱི་ཕོ་ཉ་འཁོར་བཅས་རྣམས།། སྐད་ཅིག་ཉིད་ལ་གནས་འདིར་ས་མ་ཛ།། 

ཧཱུཾཿ ཆོས་ཀུན་གདོད་ནས་སྤྲོས་བྲལ་ནམ་མཁའ་ཀློང།། འགྲོ་འོང་བྲལ་ཡང་སྣ་ཚོགས་གཟུགས་ཀྱི་སྐུ།། ཅི་ཡང་འཆར་བ་སྒྱུ་འཕྲུལ་དྲ་བའི་གར།། ཐོགས་མེད་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ།། རྒྱ་གར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་།། སྲུང་ཞིང་སྐྱོང་བའི་དཔའ་བོ་གནས་འདིར་གཤེགས།། ཀོང་པའི་ཡུལ་དུ་ལྟོ་འགྲོ་རྒྱུ་བའི་ས།། ཕ་བོང་གནམ་ལྕགས་འབར་བའི་གནས་ནས་གཤེགས།། ཕྱི་ནང་གསང་བའི་ལྷ་ཚོགས་གནས་འདིར་བྱོན།། ལས་བྱེད་སྤྲུལ་པའི་དམག་ཚོགས་གནས་འདིར་བྱོན།། དམ་ཅན་དུས་ལས་མ་གཡེལ་གནས་འདིར་བྱོན།། སྐད་ཅིག་ཉིད་ལ་ཐོགས་མེད་གནས་འདིར་བྱོན།། ཛཿཧཱུཾ་བཾ་ཧོ་གཉིས་སུ་མེད་པར་གྱུར།། སླར་ཡང་ཐུགས་ཀའི་ཧུཾ་ལས་འོད་འཕྲོས་པས།། རིགས་ལྔ་སྤྱན་དྲངས་དབང་བསྐུར་སྡིག་སྒྲིབ་སྦྱངས།། སྤྱི་བོ་བདེ་ཆེན་རྡོ་རྗེས་མཚན་པར་གྱུར།། ཕུན་ཚོགས་ནོར་བུའི་གཏེར་གྱིས་ཡོངས་གང་ཞིང་།། སྣ་ཚོགས་ནོར་བུའི་ཏོག་འབར་གཞལ་མེད་ཁང་།། སྤྲིན་གྱི་ཤུགས་འཆང་རྟ་མཆོག་མཛེས་པའི་སྟེང་།། ཞབས་སེན་འོད་ཆགས་བརྟན་པར་བཞུགས་སུ་གསོལ།། 

ཞང་པཎ་གྱི་བཤགས་པ་ནི། ཧཱུཾ༔ རྡོ་རྗེ་འཆང་དང་སློབ་དཔོན་པདྨ་འབྱུང་།། སྐྱབས་གསུམ་ཀུན་འདུས་རྒྱལ་བ་འཕགས་པ་ལྷ།། མི་བསྐྱོད་རྡོ་རྗེ་རྒྱལ་བ་རྒྱ་མཚོ་སོགས།། རྩ་བརྒྱུད་བླ་མ་བདག་ལ་དགོངས་སུ་གསོལ།། བྱིན་རླབས་རྩ་བ་དཔལ་ལྡན་བླ་མ་རྣམས།། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་ལས།། ཆོས་སྐུར་མ་ངེས་ཉེས་སྐྱོན་སྣང་བ་སོགས།། ཉམས་ཆག་ནོངས་པའི་ཚོགས་རྣམས་མཐོལ་ལོ་བཤགས།། རྒྱུད་སྡེ་ཆེན་པོ་བཞི་དང་ཡོངས་འབྲེལ་བའི།། ཡི་དམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ།། རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་རྣམས།། ནོངས་ཤིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས།། ཆོས་བཞིན་སྐྱོང་བའི་སྲུང་མ་ཐམས་ཅད་དང་།། ཁྱད་པར་འཕགས་པའི་བཀའ་སྲུང་ནོར་གྱི་བདག །རྣལ་འབྱོར་བསམ་དོན་བསྒྲུབ་ཕྱིར་གཙུག་ན་དཔལ།། ཕྱི་ནང་གསང་བའི་ལྷ་ཚོགས་བདག་ལ་དགོངས།། བདག་ནི་མ་རིག་འཁྲུལ་བའི་དབང་གྱུར་ཏེ།། ཁྱོད་ཀྱི་སྐུ་གསུང་ཐུགས་དང་འགལ་བ་སོགས།། ཕོག་ཐུག་ཉམ་ཆག་ནོངས་པ་ཅི་མཆིས་པ།། རབ་ཏུ་བཤགས་པས་བདག་ཅག་འཁོར་བཅས་རྣམས།། གཡེལ་བ་མེད་པར་བསྲུང་ཞིང་སྐྱོང་བ་དང་།། འཕྲིན་ལས་རྣམ་བཞི་རྟག་ཏུ་འགྲུབ་པ་དང་།། དགོས་འདོད་ལོངས་སྤྱོད་ཆར་ལྟར་འབེབས་པ་དང་།། བསམ་དོན་ཐམས་ཅད་གེགས་མེད་མྱུར་འགྲུབ་མཛོད།། བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་འགྲུབ་པ་དང་།། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་མཛོད།། བཤགས་པའི་འཁོར་གསུམ་བདེན་པ་མི་དམིགས་ཀྱང།། ཉམས་གྲིབ་དག་ཅིང་འདོད་དོན་འགྲུབ་གྱུར་ཅིག །

ཞང་པཎ་གྱི་གཏོར་འབུལ་བསྡུས་པ་ནི། ཧཱུཾ༔ ཁྱོད་ལ་མཐུན་པའི་མཆོད་གཏོར་འབུལ་ལགས་ན།། ཧཱུཾ༔ཡིག་ལས་སྐྱེས་ལྗགས་ཀྱི་དབང་པོ་ནི།། རྩེ་གཅིག་རྡོ་རྗེའི་འོད་ཀྱི་སྦུ་གུ་ཡིས།། ལེགས་པར་དྲངས་ཏེ་དགྱེས་པར་རོལ་དུ་གསོལ།། རབ་ཡངས་ཐོད་པའི་སྣོད་དུ་དགྱེས་པའི་རྫས།། གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཤ་དང་ཁྲག།། རོ་བརྒྱ་ལྡན་པའི་དམར་ཆེན་གཏོར་མ་འདི།། དཔའ་བོ་ཆེན་པོའི་ཞལ་དུ་ཁཱ་རཾ་ཁཱ་ཧི།། ཕྱི་ཡི་དབང་པོ་རྣམ་ལྔ་ཁཱ་རཾ་ཁཱ་ཧི།། ནང་གི་དོན་སྙིང་རྣམ་ལྔ་ཁཱ་རཾ་ཁཱ་ཧི།། གསང་བ་བླ་ཚེ་སྲོག་གསུམ་ཁཱ་རཾ་ཁཱ་ཧི།། སྙིང་ཁྲག་དྲོན་མོ་ཞལ་དུ་ཁཱ་རཾ་ཁཱ་ཧི།། ཡིད་འོང་ཟབ་ཡངས་རིན་ཆེན་སྣོད་ཡངས་སུ།། ཇ་ཆང་ཕུད་དང་སྨན་རག་བདུད་རྩིའི་ཚོགས།། རྒྱ་མཚོ་ལྟ་བུ་ཕྱོགས་བཅུར་བསྐྱིལ་བ་འདི།། ནོར་བདག་ཆེན་པོ་འཁོར་དང་བཅས་ལ་འབུལ།། གཞན་ཡང་ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ།། རྒྱལ་སྲིད་རིན་ཆེན་བདུན་དང་བཀྲ་ཤིས་རྫས།། ལྷ་མིའི་དཔལ་འབྱོར་མ་ཚང་མེད་པ་འདི།། ནོར་བདག་ཆེན་པོ་འཁོར་དང་བཅས་ལ་འབུལ།། ཟད་མེད་ནོར་གྱི་བང་མཛོད་སྣ་ཚོགས་དང་།། རབ་མཛེས་རྒྱན་གྱིས་སྤྲས་པ་རྟ་ཡི་མཆོག །རྫུ་འཕྲུལ་ཤུགས་ལྡན་དམར་ནག་དཀར་བའི་རིགས།། མྱུར་མགྱོགས་ལས་ཀྱི་ཕོ་ཉ་ཁྱེད་ལ་འབུལ།། ཕ་རོལ་གཡུལ་ལས་རྒྱལ་བའི་གོ་ཁྲབ་དང་།། དགྲ་སྡེའི་སྲོག་འཕྲོག་མཚོན་ཆ་འབར་བའི་རིགས།། རུ་མཚོན་ནག་པོ་དཀར་དམར་ཤ་རུས་སོགས།། མ་ཚང་མེད་པའི་རྟེན་རྫས་ཁྱེད་ལ་འབུལ།།

གཞི་བདག་གཏོར་འབུལ་ནི། ཨོཾ་བཛྲ་ཨ་མྲི་ཏ་ཀུནྜལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭབྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭབྷཝ་ཤུདྡྷོ་ཉ

ཧཾ། སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་།

ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱྃ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུཾ། ལན་གསུམ་གྱིས་བསྔོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ།། ཞེས་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། བདུད་རྩི་རྒྱ་མཚོའི་གཏོར་མ་འདི་ཉིད་ས་བདག་ས་ཡི་ལྷ་མོ་འཛམ་གླིང་སྐྱོང་བ་སྤྱི་དང་། ཁྱད་པར་བོད་ཁམས་སྐྱོང་མཛད་བསྟན་མ་བཅུ་གཉིས་ཡུལ་ལྷ་བཞི་བདག ། སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག །བར་དབུས་གཙང་རུ་བཞི། ས་ཕྱོགས་ཡུལ་ཕྱོགས་དགོན་གནས་འདི་ཉིད་ལ་གནས་པའི་གཞི་བདག་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ལ་འབུལ་ལོ།། བཞེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་དམ་པའི་ཆོས་སྒྲུབ་པ་ལ་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། བསམ་པའི་དོན་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་འཕྲིན་ལས་དང་གདོང་གྲོགས་རྒྱབ་རྟེན་རྒྱ་ཆེན་པོ་གནང་བ་མཛད་དུ་གསོལ། བདག་གི་བསམ་པའི་སྟོབས་དངནི།། དེ་བཞིན་གཤེགས་པའི་བྱིན་སྟོབས་དང་།། ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།། དོན་རྣམས་གང་དག་བསམ་པ་ཀུན།། དེ་དག་ཐམས་ཅད་ཅི་རིགས་པར།། ཐོགས་པ་མེད་པར་འབྱུང་གྱུར་ཅིག །

ཞང་པཎ་གྱི་གསེར་སྐྱེམས་ནི། རཾ་ཡཾ་ཁཾ། ཨོཾ་ཨཱ་ཧཱུཾ་གིས་ལན་གསུམ་བྱིན་གྱིས་བརླབས། དངོས་གྲུབ་ཀུན་སྩོལ་གསུམ་ལྡན་བླ་མ་དང་།། འཇམ་དཔལ་གཤིན་རྗེ་བཅོམ་ལྡན་ཧེ་རུ་ཀ །ཡི་དམ་དཀོན་མཆོག་མཁའ་འགྲོ་བསྟན་སྲུང་རྣམས།། གསེར་སྐྱེམས་འདི་བཞེས་བསམ་དོན་འགྲུབ་པར་མཛོད།། མཁའ་འགྲོ་རྒྱ་མཚོའི་གཙོ་མོ་ཀོང་བཙུན་མ།། སྲིད་གསུམ་ཁྲོ་བོའི་མཐུ་སྟོབས་ནུས་པའི་དཔལ།། གཅིག་བསྡུས་བསྟན་སྲུང་བདུད་འཇོམ་རྡོ་རྗེ་ཆེ།། གསེར་སྐྱེམས་འདི་བཞེས་བསམ་དོན་འགྲུབ་པར་མཛོད།། རྣམ་བཞིའི་འཕྲིན་ལས་སྒྲུབ་པའི་ལྷ་ཚོགས་དང།། ཕྱི་ནང་གསང་བ་ཡང་སྤྲུལ་ལས་བྱེད་འཁོར།། ཡུལ་གཞིའི་གནས་བདག་དམིགས་ཡུལ་ལྷ་ཆེན་རྣམས།། གསེར་སྐྱེམས་འདི་བཞེས་བསམ་དོན་འགྲུབ་པར་མཛོད།།འཕྲིན་ལས་བཅོལ་བ་ནི། ཧཱུཾ༔ ཟག་མེད་ཡེ་ཤེས་བདེ་ཆེན་གྱི།། རྣམ་རོལ་ལས་བྱུང་སྟོང་གསུམ་ཁྱོན།། བཀང་བའི་གསེར་སྐྱེམས་འདི་བཞེས་ལ།། དེ་རིང་བཅོལ་བའི་འཕྲིན་ལས་མཛོད།། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན།། བྱུང་བའི་མི་འདོད་ཉེར་འཚེ་ཀུན།། ཞི་ཞིང་ཚེ་དང་བསོད་ནམས་དང་།། འཁོར་དང་བསྟན་པ་རྒྱས་པར་མཛོད།། འཇིག་རྟེན་གསུམ་ན་གནས་པ་ཡི།། ཟས་ནོར་ལོང་སྤྱོད་ཐམས་ཅད་དང་།། དྲེགས་ལྡན་སྐྱེ་བོ་མ་ལུས་པ།། སྐད་ཅིག་ཉིད་ལ་དབང་དུ་བསྡུས།། ལོག་པར་སེམས་པའི་དགྲ་དང་བགེགས།། ཕྱོགས་དང་མཚམས་སུ་གནས་པ་རྣམས།། རྡུལ་ཕྲན་ཙམ་ཡང་མ་ལུས་པ།། སྐད་ཅིག་ཉིད་ལ་ཚར་ཆོད་ལ།། དུས་གསུམ་རྒྱལ་བའི་བསྟན་པ་སྲུངས།། དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས།། དགེ་འདུན་སྡེ་དང་བཅས་པ་རྣམས།། ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད།། དུང་དུང་སྙིང་ནས་མི་ཕྱེད་གསོལ་འདེབས་ཤིང་།། ཡང་ཡང་མཆོད་ཅིང་བསྟོད་ན་བདག་སོགས་ཀུན།། འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་ཏེ།། འཛུམ་འཛུམ་དགྱེས་པའི་སྒོ་ནས་དངོས་གྲུབ་སྩོལ།། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་།། འདོད་པའི་དངོས་གྲུབ་སྩོལ་བར་མཛད་པ་ཡི།། ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས།། བདག་སོགས་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད།། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།། བདག་སོགས་གང་ན་གནས་པའི་ས་ཕྱོགས་དེར།། ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། 

འཕྲིན་ལས་བསྐུལ་བ་ནི། ཧཱུཾ༔ སྔར་བཅོལ་ལེགས་པས་བཏང་རག་གཏོང་།། ཕྱི་མར་ཞུ་བའི་རྟེན་དུ་འབུལ།། ད་ལྟ་མཐུན་པའི་མཆོད་གཏོར་འབུལ།། རྟག་ཏུ་བཀའ་སྲུང་ཁྱོད་གསོལ་ལོ།། རྒྱུན་དུ་ཆོས་སྐྱོང་ཁྱོད་མཆོད་དོ།། སྒྲུབ་བོ་མགོན་པོ་ཁྱོད་བསྒྲུབ་བོ།། སྐང་ངོ་ཞང་པཎ་ཁྱོད་བསྐང་ངོ་།། བསྟེན་ནོ་བདུད་འཇོམས་ཁྱོད་བསྟེན་ནོ།། བསྟོད་དོ་དཀར་བདག་ཁྱོད་བསྟོད་དོ།། གསོལ་ལོ་དྲག་པོ་ཁྱོད་གསོལ་ལོ།། རྦད་དོ་ཕོ་ཉ་ཁྱོད་རྦད་དོ།། སྐུལ་ལོ་དམ་ཅན་ཁྱོད་བསྐུལ་ལོ།། མི་ལ་ན་ཚད་མ་གཏོང་ཞིག ཕྱུགས་ལ་གོད་ཁ་མ་གཏོང་ཞིག རྣལ་འབྱོར་བདག་གི་བསྟན་པ་སྲུངས།། ཆོས་དང་མཐུན་པའི་སྡོང་གྲོགས་མཛོད།། 

བསྟོད་ཅིང་བསྐུལ་བ་ནི། ཧཱུཾ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང།། ཐུགས་རྗེས་གདུག་པ་འདུལ་ཕྱིར་དྲག་པོའི་སྐུ།། རྣམ་པ་ཅི་ཡང་སྟོན་པའི་མཐུ་རྩལ་ཅན།། དཔའ་བོ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ།། མ་རུངས་འདུལ་ལ་ཁྲོ་རྒྱལ་བགེགས་ཀྱི་གཙོ།། དངོས་གྲུབ་མཆོག་སྩོལ་ནོར་ལྷ་གཏེར་བདག་མཆོག །རྒྱལ་བ་འཕགས་པའི་བཀའ་སྲུང་དམ་ཚིག་ཅན།། སྤྲུལ་པའི་ཆོས་རྒྱལ་ཆེན་པོར་བདག་བསྟོད་དོ།། སྔོན་ཚེ་ཁྱེད་ནི་རྒྱ་གར་འཕགས་ཡུལ་དུ།། སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝ་ཡིས།། བཀའ་བགོས་དམ་གཞག་བསྟན་པའི་གཉེར་ཀ་གཏད།། དམ་ཅན་དུས་ལས་མ་གཡེལ་འཕྲིན་ལས་སྒྲུབས།། ཀོང་སྟོང་ཕ་བོང་གནམ་ལྕགས་འབར་བ་ནས།། ཁྱབ་བདག་བདེ་ཆེན་རྡོ་རྗེའི་སྤྱན་སྔ་རུ།། སྲོག་སྙིང་ཕུལ་ནས་ཇི་ལྟར་ཁས་བླངས་བཞིན།། མ་གཡེལ་དྲན་པར་མཛོད་ལ་འཕྲིན་ལས་སྒྲུབས།། 

དྲག་ཏུ་བསྐུལ་བ་ནི། ཧཱུཾ༔ རེས་འགའ་དཀར་པོ་ལྷ་ཡི་ཚུལ།། ཞི་ཞིང་བྱམས་པས་རྣལ་འབྱོར་བསྐྱངས།། རེས་འགའ་ནོར་ལྷ་ཕྱུགས་བདག་གཟུགས།། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།། རེས་འགའ་རྒྱལ་པོ་བསེ་ཐེབ་ཅན།། དམ་ཉམས་དགྲ་ལ་སྨྱོ་འབོགས་བཀྱེས།། རེས་འགའ་ཟུང་ཞལ་པཎ་ཞུ་ཅན།། ཆོས་ཀྱི་ང་རོས་ཕས་རྒོལ་འཇོམས།། རེས་འགའ་ཁྲག་མདོག་ཁྲོ་གཉེར་ཅན།། ཙི་ཙི་ཛྭ་ལས་དགྲ་བགེགས་འཇོམས།། རེས་འགའ་ནག་པོ་བདུད་ཀྱི་གཟུགས།། བསད་བསྐྲད་རེངས་པས་དགྲ་བགེགས་འཇོམས།། རེས་འགའ་དམག་དཔོན་རུ་མཚོན་ཅན།། སྡེ་བརྒྱད་དྲེགས་པའི་དམག་དཔུང་འདྲེན།། སྤྲུལ་པ་ཡང་སྤྲུལ་ས་མཱ་ཡ།། བྱེ་བ་འབུམ་སྡེའི་དམག་ཚོགས་རྣམས།། དམ་རྫས་མཆོད་གཏོར་འདི་བཞེས་ལ།། སྤྱི་ཡི་སངས་རྒྱས་བསྟན་པ་སྲུངས།། ཡང་སྒོས་རྒྱལ་བ་འཕགས་པ་ལྷའི།། བསྟན་པ་དགོན་གནས་སྡེ་དང་བཅས།། ཆོས་དང་དཔལ་འབྱོར་རྒྱས་པ་དང་།། འགལ་རྐྱེན་བར་ཆད་ཞི་བར་མཛོད།། ཁྱད་པར་རྣལ་འབྱོར་བདག་ཅག་ལ།། གནོད་ཅིང་འཚེ་བའི་དགྲ་བགེགས་རྣམས།། ལོ་ཟླ་ཞག་ཟུར་མ་འགྱང་པར།། ད་ལྟ་ཉིད་དུ་བསྒྲལ་བར་མཛོད།། 

ཟློག་སྒྱུར་ནི། ཧཱུཾ༔ ཆོས་སྐུ་ཡངས་པའི་ཕོ་བྲང་ནས།། ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱིས།། མཐུན་པའི་དམ་རྫས་འདི་བཞེས་ལ།། རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ།། གཞན་གྱིས་བསམ་སྦྱོར་ངན་པ་དང་།། ཚེ་ཟོར་ཡུང་ཟོར་འཕེན་པ་བཟློག །།འབྱུང་པོའི་ཐོད་ཟོར་འཕེན་པ་བཟློག །།གཤིན་རྗེའི་འཁོར་ལ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ཁ་འདེབས་པ་བཟློག །མ་མོའི་ཁྲག་ཟོར་འཕེན་པ་བཟློག །ཞང་ཞུང་གཙོད་དམར་འཕེན་པ་བཟློག །སུམ་པའི་གླང་ཟོར་འཕེན་པ་བཟློག །བན་དྷེའི་སྔགས་ཟོར་འཕེན་པ་བཟློག །བོན་པོའི་གཏོར་ཟོར་འཕེན་པ་བཟློག །སྔགས་པའི་སྒོང་ཟོར་འཕེན་པ་བཟློག །སྐྱེས་པའི་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་འཕེན་པ་བཟློག །མུ་སྟེགས་བར་ཆད་བྱེད་པ་བཟློག །ངག་སྔགས་གདུག་པའི་རྦོད་གཏོང་བཟློག །ཀླུའི་བྱད་དུ་འཇུག་པ་བཟློག །ཐེའུ་རང་སྲི་ལ་རྐུ་བ་བཟློག །རྒྱལ་པོའི་སྨྱོ་འབོགས་གཏོང་བ་བཟློག །།དྲང་སྲོང་གཟའ་ཡི་ཀིམ་ཀང་བཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཟློག །རྨི་ལམ་ངན་དང་མཚན་མ་ངན།། ལོ་སྐག་ཟླ་སྐག་ཞག་སྐག་དང་།། ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །མཁའ་འགྲོ་མ་དང་རོ་ལངས་དང་།། རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས།། ཐམས་ཅད་སྡང་བའི་དགྲ་ལ་བྷྱོ།། ཐམས་ཅད་གནོད་པའི་བགེགས་ལ་བྷྱོ།། འདོད་གསོལ་ནི། ཧཱུཾ༔ མཐུན་པའི་དངོས་གྲུབ་མ་ལུས་པ།། དེང་འདིར་བདག་ལ་སྩལ་དུ་གསོལ།། འཁོར་དང་བསྟན་པ་ལོངས་སྤྱོད་རྣམས།། རྒྱས་པར་མཛོད་ཅིག་སྲུང་མའི་ཚོགས།། མངའ་གསོལ་ནི། ཧྲཱི༔ གྲངས་མེད་བསྐལ་པའི་སྔ་རོལ་ནས།། གཡེངས་མེད་ཚོགས་གཉིས་བསགས་པའི་མཐུས།། འབད་མེད་དོན་གཉིས་ལྷུན་གྱིས་གྲུབ།། ཡེ་ཤེས་མངའ་བ་མངའ་གསོལ་ལོ།། བསྟན་འཛིན་དཔོན་སློབ་འཁོར་བཅས་ཀྱི།། མི་ནོར་ལོངས་སྤྱོད་བསྲུང་བའི་ཕྱིར།། བྱང་སེམས་དཀོར་བདག་ཚུལ་བསྟན་པ།། ཆོས་སྐྱོང་ཆེན་པོ་མངའ་གསོལ་ལོ།། བསྐལ་མང་སྦྱིན་པ་བྱིན་པའི་མཐུས།། ནམ་མཁའ་མཛོད་ལ་མངའ་བརྙེས་པས།། གང་གིས་ཁྱེད་ལ་མཆོད་བྱེད་ན།། ལོངས་སྤྱོད་འབྱུང་བ་མངའ་གསོལ་ལོ།། རྒྱལ་བ་འཕགས་པའི་སྤྱན་སྔ་རུ།། བསྟན་དགྲ་བསྒྲལ་བར་ཞལ་གྱིས་བཞེས།། དྲག་པོའི་ལས་ལ་དབང་བསྒྱུར་བ།། ཕོ་ཉ་ལས་མཁན་མངའ་གསོལ་ལོ།། སྙིང་རྗེའི་དབང་གིས་སེམས་ཅན་སྐྱོངས།། དམ་ཚིག་དབང་གིས་བསྟན་པ་སྲུངས།། ཁྱད་པར་རྣལ་འབྱོར་བདག་ཅག་གི།། མི་ནོར་བསྲུང་ལ་སྡོང་གྲོགས་མཛོད།། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི།། ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་།། དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས།། དཔལ་འབྱོར་གྱིས་སྐྱོང་ཡུན་རིང་ཞབས་བརྟན་ཤོག ། མངྒ་ལཾ། །

 

 

 

No comments:

Post a Comment