Wednesday 14 June 2023

༄༅། །ཆོས་སྐྱོང་ཞང་པཎ་གྱི་གཏོར་ཆོག་བསྐང་གསོ་རྒྱས་པ་བཞུགས་སོ།།

བླ་མ་དང་བདེ་མཆོག་འཁོར་ལོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །འདིར་དགེ་བསྙེན་ཆེན་པོ་ཞང་པཎ་འདབ་ལ་དབང་དྲག་གི་འཕྲིན་ལས་བཅོལ་བའི་ཚུལ་མདོར་བསྡུས་པ་ཞིག་བྲི་བར་བྱའོ། །དེ་ཡང་གང་དུ་དབེན་པའི་གནས་དེར་བླ་མ་ཡི་དམ་ལ་མཆོད་གཏོར་རྒྱ་ཆེན་པོ་བཤམས། ཁྱད་པར་བཀའ་སྲུང་འདི་ཉིད་ཀྱི་ཕྱི་ནང་གི་རྟེན་རྫས་དང་། མཆོད་གཏོར་སྤྱན་རག་སྤྱན་གཟིགས་སོགས་མ་ཚང་བ་མེད་པ་བཀྲམས། རང་ཉིད་ཡི་དམ་གྱི་བདག་བསྐྱེད་བདེ་མཆོག་གམ་འཇིགས་བྱེད་ཀྱི་བདག་བསྐྱེད་རྒྱས་པའམ། བསྡུ་ན།རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱི་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝྺ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝྺ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ།

དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷྲཱུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཱཾཿལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ།ནུབ་དུ་ཛྲིཾ་ལས་བྱུང་བའི་གླང་བོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་བཾ་ལས་བྱུང་བའི་བྱང་སེམས་དཀར་བོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་བོ། ཨཱཿདམར་བོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་རླབས། མཆོད་པ་བྱིན་གྱིས་རླབས་པ་ནི། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། དྲི། མེ་ཏོག བདུག་སྤོས། མར་མེ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་བོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ།ཨོཾ་པཱདྱཾ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿཧཱུཾ། ཨོཾ་པུཥྤེ་ཨཱཿཧཱུཾ། ཨོཾ་ངྷཱུ་པེ་ཨཱཿཧཱུཾ། ཨོཾ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་ནི་ཝི་དྱ་ཨཱཿཧཱུཾ། ཨོཾ་ཤཔྟ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿ ཧཱུཾ། ཨོྃ་ར་ས་ཨཱཿཧཱུཾ། ཨོཾ་སྤརྴ་ཨཱཿཧཱུཾ། 

གཏོར་མ་བྱིན་རླབས་ནི། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝྺ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝྺ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། ཞེས་པ་ནས་གོང་བཞིན། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་རླབས། བསྐངས་རྫས་རྣམས། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝྺ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝྺ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བསྐངས་རྫས་རྣམས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་བླ་མ་ཡི་དམ་བཀའ་སྲུང་ཆེན་པོ་འཁོར་དང་བཅས་པ་རྣམས་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་ཡི་དམ་བཀའ་སྲུང་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨཱུ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུཏྤནྣ་ཏོཏྟ། ན་མཿ་སརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ཧཱུཾ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སདྡྷི་ལོ་ཙ་ན་སརྦ་ཨརྠ་སདྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི།། དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིག་པ། །ཐོག་པ་མེད་པ་འབྱུང་གྱུར་ཅིག །མདུན་བསྐྱེད་བཀའ་སྲུང་འདི་ཉིད་ཐུགས་དམས་རྒྱུད་བསྐུལ་ཞིང་དབང་དྲག་གིས་འཕྲིན་ལས་བཅོལ་བའི་ཚུལ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྟོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གི་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ་མེ་རི་དང་བཅས་པ་ཡོངས་སུ་རྫོགས་པར་གྱུར་པའི་དབུས་སུ་༼བདག་ཉིད་དཔལ་ཆེན་པོ་དྲག་པོ་གསལ་བའི་ཐུགས་ཀ་ནས་ཨེ་མཐིང་ནག་གཅིག་འཕྲོས་པ་ཡོངས་སུ་གྱུར་པ་ལས། གནམ་ལྕགས་ལས་གྲུབ་པའི་དྲག་བོའི་བརྩོན་ཁང་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རབ་ཏུ་འབར་བ། གཏིང་ཟབ་ལ་ཡངས་ཤིང་རྒྱ་ཆེ་བ། ངོས་ལ་ཞེ་སྡང་གི་མེ་འབར་ཞིང་། འོག་ཏུ་འདོད་ཆགས་ཀྱི་ཆུ་འཁྲུག་པ། སྟེང་ན་གཏི་མུག་གི་མུན་པ་འཁྲིགས་པ། བཤན་པའི་གྲོང་ཁྱེར་བདུད་ཀྱི་བརྩོན་ཁང་སྲིད་པ་རྔམ་པའི་གཞལ་མེད་ཁང་ཆེན་པོ། དགྲ་བོ་ཕྱིན་མ་ཐག་ནམ་ལྷ་དང་ཕྲལ་ཞིང་། རང་གཤེད་རང་ལ་དབབ་པ། ལས་ངན་ཐམས་ཅད་སྨིན་པར་བྱེད་པའི་བརྩོན་ཁང་སྒོ་མེད་གཅིག་ཏུ་གྱུར། དེ་ནས་མདུན་བསྐྱེད་ཆོ་ག་ནི། དེའི་ནང་དུ་ཏྲི་ནག་བོའམ། ཎྲི་སྔོ་སྐྱ་ཡོངས་སུ་གྱུར་པ་ལས་བསྟན་ལ་སྡང་ཞིང་སེམས་ཅན་ལ་འཚེ་བ་བདག་ཅག་སྒྲུབ་པ་པོ་ལ་སྙིང་ཐག་པ་ནས་དོ་བསྡོ་བར་བྱེད་པའི་དམ་ཉམས་པའི་དགྲ་དགེགས་སྤྱི་དང་། ཁྱད་པར་ཡང་ཆེ་གེ་མོ་འདི་ཉིད་ཀྱི་ལུས་སྔོ་ལ་ཧམ་པ། སྐྱ་ལ་རིད་ཅིང་མྱ་ངན་གྱི་ཕྱག་རྒྱ་ཅན། དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནམ་རྣག་ཁྲག་དང་ཆུ་སེར་གྱིས་རྒྱུན་འབབ་ཅིང་། ཁ་ནས་དགེ་བསྙེན་ཆེན་པོ་ང་ལོང་ཞེས་འབོད་པ། ཡན་ལག་རྣམས་ལྕགས་སྒྲོག་གི་བཅིངས་ཏེ་གན་རྐྱལ་དུ་གནས་པར་གྱུར། དེའི་སྟེང་དུ་རླང་ཆེན་གྱི་ཁྲིའི་བཏེགས་པར་གྱུར་པའི་དབུས་སུ་སླ་ང་བདུད་ཀྱི་བརྩོན་ཁང་ནག་པོའི་ནང་དུ་དབུས་ཀྱི་དཔལ་བཤོས་ཡོངས་སུ་གྱུར་པ་ནི། ༽ ཧཱུཾ་ལས་དགེ་བསྙེན་ཆེན་པོ་སྐུ་མདོག་སྨུག་ནག་འཇིགས་པའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་གདུག་པའི་སྙིང་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ་དར་དམར་གྱི་ཤམ་ཐབས་དང་མནབ་གཟན་གསོལ་བ་ཞབས་ལ་སག་ལྷམ་དང་། དབུ་ལ་རྡོ་རྗེ་ཕྱེད་པས་མཚན་པའི་བསེ་ཐེབ་གསོལ་བ། རིན་པོ་ཆེའི་སྒ་སྲབ་ཀྱིས་མཛེས་པའི་རླུང་གི་ཤུགས་ཅན་རྟ་ནག་རྟིང་དཀར་ལ་ཆིབས་པ། དེའི་གཡས་སུ་ཞི་བའི་ལས་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཤཱ་བའི་རྭ་དྭར་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཆང་གི་གང་བའི་དངུལ་ཕོར་བསྣམས་པ། ཞི་ཞིང་འཛུམ་པ་སྐུ་ལ་དར་དཀར་གྱི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་བ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་གསོལ་ནས་ལྟ་གཡག་དཀར་པོ་ལ་ཞོན་པ། གཙོ་བོའི་རྒྱབ་ཏུ་རྒྱས་པའི་ལས་མཛད་ཕྱུག་བདག་ཆེན་པོ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་ཡིད་བཞིན་གྱི་ནོར་བུ་འབར་བ། གཡོན་གཏེར་གྱིས་གང་བའི་བུམ་པ་འཛིན་པ། སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་ལྷ་འབྲི་སྔོན་མོ་གཡང་གི་ཞོལ་ཅན་ལ་ཆིབས་པ། གཙོ་བོའི་གཡོན་དུ་སྤྲུལ་པ་ལས་ལ་འགྱེད་པ་དབང་གི་བདག་ཉིད་རྒྱལ་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ནོར་བུའི་མཚན་པའི་རྒྱལ་མཚན་དང་། གཡོན་ཟས་ནོར་སྣ་ཚོགས་ཀྱིས་གང་བའི་ལྷུང་བཟེད་བསྣམས་པ། ཟ་འོག་གི་བེར་གྱོན་ཅིང་དབུ་ལ་བསེ་ཐེབས་གསོལ་བ། སེངྒེ་དཀར་མོ་ལ་ཞོན་པ། གཙོ་བོའི་མདུན་དུ་དྲག་པོའི་ལས་མཛད་དམག་དཔོན་ཆེན་པོ་ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས་ཅན་དམར་ལ་ཟླུམ་པའི་སྤྱན་གསུམ་བསྒྲད་པ། ཞལ་ཡ་སོས་མ་མཆུ་མནན་ཅིང་རྣོ་ལ་དཀར་བའི་མཆེ་བ་ལན་ཕུར་ལྟར་གཙིག་པ། སྨ་ར་དང་སྨིན་མ་ཨོག་ཚོམ་མེ་ལྟར་འབར་བ། རལ་པ་ཁམ་ནག་ལྟག་པར་བཅིངས་པ། སྐུ་ལ་གསེར་ཁྲབ་དང་བསེ་རྨོག་གྱོན་ཞིང་། སྟག་རལ་གཡས་ལ་གཟིག་ཤུབས་གཡོན་དུ་བཏགས་པ། ཕྱག་གཡས་རལ་གྲི་མེ་འབར་བ་དགྲ་ལ་འཕྱར་ཞིང་། གཡོན་པས་རུ་མཚོན་དམར་པོས་མཚན་པའི་མདུང་དར་ཞགས་པ་ནག་པོ་འཛིན་ཅིང་བདུད་རྟ་ནག་པོ་ལ་ཞོན་ནས་རྒྱུག་པ། དེའི་གཡས་སུ་ཕྱི་སྒྲུབ་པཎྜི་ཏའི་ཆ་བྱད་ཅན་ཞལ་གཉིས་ཕྱག་གཉིས་ཀྱིས་གཡས་གསེག་ཤངས་དང་། གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དབུ་ལ་པཎ་ཞྭ་ངུར་སྨྲིག་དང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། ཆོས་ཀྱི་ང་རོས་ཕས་རྒོལ་འདུལ་བ། ཞབས་གཉིས་འདིངས་པའི་སྟེང་ན་མཉམ་པར་བཞེངས་པ། གཙོ་བོའི་རྒྱབ་ཀྱི་གཡས་ཟུར་དུ་ནང་སྒྲུབ་ནག་པོ་བདུད་ཀྱི་གཟུགས་ཅན་ཁྲོ་ཞིང་རྔམ་པ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་བདུད་ཀྱི་ཁྲམ་ཤིང་།གཡོན་གདུག་པའི་གློ་སྙིང་འཛིན་པ། སྐུ་ལ་དར་ནག་གི་བེར་དང་། མི་ལྤགས་ཀྱི་གཡང་གཞི་གྱོན་པ། རླུང་ནག་འཚུབ་མ་ལ་ཞོན་པ། གཙོ་བོའི་རྒྱབ་ཀྱི་གཡོན་ཟུར་དུ་གསང་སྒྲུབ་ཀླུ་བདུད་ནག་པོ་ཁྲག་གིས་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཀྱིས་དགྲ་ལ་སྦར་བ་བསྒྲད་པ་ཤིན་ཏུ་ཁྲོས་པའི་གཟུགས་ཅན་སྦྲུལ་ནག་གི་ལྤགས་པ་གོས་སུ་གྱོན་པ། ཞལ་དང་ཤངས་ནས་རྣག་ཁྲག་དང་ཆུ་སེར་གྱི་རྒྱུན་འབེབས་པ། དགྲ་བགེགས་རྣམས་ཀྱི་འདུས་པའི་ནད་རྣམས་ཁོང་ནས་བསླངས་བ། དུག་སྦྲུལ་གྱི་གོང་སྨད་དང་སྲབ་མཐུར་བྱས་པའི་བོང་བུ་ནག་པོ་ནད་ཀྱི་ཁ་རླངས་འཐུལ་བ་ལ་ཞོན་པ། གཙོ་བོའི་མདུན་གྱི་གཡོན་ཟུར་དུ་གཉིས་མེད་ཀྱི་སྤྲུལ་པ་སྲིན་པོའི་གཟུགས་ཅན། གང་ལ་གང་འདུལ་གྱི་སྤྲུལ་པ་ཡ་མ་ཟུང་དུ་མ་སྟོན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ལྕགས་ཀྱུ་དང་གཡོན་ནད་རྐྱལ་འཛིན་ནས་གླང་ཆེན་གྱི་སྟེང་དུ་རོལ་པ། དེ་དག་གི་འཁོར་དུ་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད། སྤྲུལ་པའི་རུ་འདྲེན་སྡེ་བཞི། ལས་བྱེད་ཀྱི་མཆེད་འཁོར་སུམ་བརྒྱ་དང་དྲུག་བཅུ། ཡང་སྤྲུལ་གྱི་ཕོ་ཉ་བདུན་བརྒྱ་དང་ཉི་ཤུ་པོ་ཐམས་ཅད་ཀྱང་ལ་ལས་ནམ་མཁའི་མཐོངས་སུ་བྱ་ལྟར་ལྡིང་ཞིང་ཉི་ཟླ་ཆ་ལང་སྡེབས་པ། ལ་ལས་རྒྱུ་སྐར་ཚོགས་སོར་འཕེན་ཞིང་གནམ་ལྕགས་ཐོག་སེར་འབེབས་པ། འགའ་ཞིག་བར་སྣང་ཁམས་སུ་འབྲུག་ལྟར་གྲགས་ལ་གློག་ལྟར་འཁྱུག་ཅིང་རླུང་འཚུབས་རྡུལ་གྱིས་འགེངས་པ། ལ་ལས་ནད་ཀྱི་ན་བུན་འགྱེད་ཅིང་མཚོན་ཆའི་བུ་ཡུག་བསྐྱིལ་བ། ལ་ལས་ས་གཞིའི་ངོས་ལ་བང་རྒྱུག་ནས་རི་རབ་དཔུང་པས་འདེབས་ཤིང་རྒྱ་མཚོ་ཧུབ་ཀྱིས་རྔུབས་པ། ལ་ལས་ཆུ་བོའི་གཞུང་ལ་ཉ་ལྟར་འཛུལ་ཞིང་སྟོང་གསུམ་ཡུད་ཀྱིས་བསྐོར་བ། ལ་ལས་གདུགས་པའི་གཅན་གཟན་རོལ་དུ་ཁྲིད་ཅིང་སྤྲུལ་པའི་དགྲ་ཡུལ་བགེངས་པ། ཐམས་ཅད་ཀྱང་སྒྲུབ་པ་པོ་ཡི་བཀའ་ལ་ཉན་ཅིང་དབང་དྲག་གི་འཕྲིན་ལས་སྒྲུབ་པ། བསྐུལ་ན་བང་མགྱོག་ཅིང་རྦད་ན་མཐུ་རྩལ་དང་ལྡན་པའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། 

ར་བསམ་ལ་རོལ་མོ་དབྱངས་དང་བཅས་པས་སྤྱན་འདྲེན་པ་ནི། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱི་རྒྱ་གར་རྡོ་རྗེ་གདན་ཀོང་སྟོད་ཕ་ཝང་གནམ་ལྕགས་འབར་བ་ལ་སོགས་པ་ནས་སྤྲུལ་པའི་བཀའ་སྲུང་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཧཱུཾ། སྔོན་ཚེ་བདེ་ཆེན་རྡོ་རྗེའི་སྤྱན་སྔ་རུ། །སྲོག་བདག་ཁྱོད་ཀྱིས་ཇི་ལྟར་བླངས་བཞིན། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །ཐོགས་མེད་རྫུ་་འཕྲུལ་དབང་གིས་གཤེགས་སུ་གསོལ། །དང་པོའི་བརྟེན་གནས་རྒྱ་གར་རྡོ་རྗེ་གདན། །བར་དུ་ཀོང་ཡུལ་མཐིལ་གྱི་དགྲ་ལྷ་མཛད། །ཐ་མའི་དུས་འདིར་གནས་འདིའི་སྲུང་མ་སྟེ། །དགེ་བསྙེན་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །འཇིག་རྟེན་དྲེགས་པ་ཀུན་གྱི་གཙོ་བོ་སྟེ། །བཀའ་ཉན་སྡེ་བརྒྱད་ཚོགས་རྣམས་ཕོ་ཉར་འགྱེད། །ལས་བཞིའི་སྤྲུལ་པ་ཕྱི་ནང་གསང་བ་བཅས། །མ་ཐོགས་རིངས་པའི་ཚུལ་གྱིས་གཤེགས་སུ་གསོལ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་བྱེ་བ་འབུམ། །ལས་ལ་མྱུར་ཞིང་དམ་ཚིགས་རྗེས་གཅོད་པའི། །མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿཛཿ  ཅེས་དར་ནག་གིས་གཡབ་ཤ་ཆེན་གུ་གུལ་བདུག་རོལ་མོའི་ཚམ་རྔམས་དྲག་ཏུ་བུས་ནས་སྤྱན་དྲངས་པ་ཐམས་ཅད་ནམ་མཁའ་ལ་སྤྲིན་གཏིབ་པ་ལྟར་འཐིབ་བྱུང་ནས་མདུན་བསྐྱེད་ཀྱི་ལྷ་དང་གཉིས་སུ་མེད་པར་ཐིམ་པར་བསམ་ལ། ཛཿཧཱུཾ་བཾ་ཧོཿ མདུན་བསྐྱེད་ཀྱིས་ལྷ་དང་གཉིས་སུ་མེད་པར་གྱུར། པར་བསམ།

གདན་འབུལ་བ་ནི། ཧཱུཾ། དྲག་པོ་གྲུ་གསུམ་དབང་གི་དཀྱིལ་འཁོར་འདིར། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེངས་སུ། །རྣལ་འབྱོར་དབང་དྲག་འཕྲིན་ལས་སྒྲུབ་པའི་ཕྱིར། །མི་གཡོ་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཅེས་པས་གདན་འབུལ་བས་དགྱེས་ཏེ་ཐམས་ཅད་གདན་ཐོག་ཏུ་གར་ལིང་ལིང་བྱེད་པར་བསམ་མོ། །དམ་བཞག་ནི། དམ་ཚིག་གཉེན་པོས་རྡོ་རྗེ་འདི། །ཧེ་རུ་ཀ་པའི་ཕྱག་ན་བསྣམས། །དེ་རིང་ཁྱོད་ཀྱི་སྤྱི་བོར་བཞག །དམ་ཚིག་འདི་ལས་མ་འདའ་ཞིག །དམ་ཚིག་འདི་ལས་འགལ་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲ་ས་མ་ཡ་ཧཱུཾ། དམ་ཚིག་གཉེན་པོ་རྡོ་རྗེའི་ཆུ། །ཁྱོད་ཀྱིས་རྟག་ཏུ་འདི་འཐུང་ལ། །མ་བསྲུང་བསྲེག་པར་བྱེད་པའི་དུག །བསྲུང་ན་དངོས་གྲུབ་འབྱུང་བ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །དམ་ཚིག་གཉེན་ལས་མ་འདའ་ཞིག །བཛྲ་ས་མ་ཡ་ཨུཏ་ད་ཀ་ཋ།

དེ་ནས་མཆོད་པ་འབུལ་བ་ནི། ཧཱུཾ། རིན་ཆེན་འབར་བའི་སྣོད་དུ་འཆི་མེད་ཀྱི། །བདུད་རྩིལ་ལ་འགྲན་སྣ་ཚོགས་བཏུང་བ་དང་། །དམ་རྫས་བརྒྱན་པའི་དམར་ཆེན་གཏོར་མ་དང་། །གདུག་པའི་སྙིང་ཁྲག་མཚོ་ལྟར་བསྐྱིལ་བ་དང་། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཕུད་དང་། འདོད་ཡོན་ལྔ་དང་ཉེར་སྤྱོད་རོལ་མོ་སོགས། །སྐུ་གསུང་ཐུགས་དང་ཕྱི་ནང་གསང་བའི་རྟེན། །མ་ཚང་མེད་པའི་དམ་རྫས་སྣ་ཚོགས་པ། །ཐོགས་མེད་བློ་ཡིས་སྤྲུལ་དང་དངོས་བཤམས་ནས། །བཀའ་སྲུང་ཆེན་པོ་འཁོར་དང་བཅས་ལ་འབུལ། །དགྱེས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། ། བྱོན་གཏོར་འབུལ་བ་ནི། བཀའ་སྲུང་ཆེན་པོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། པར་བསམ་ལ། ཨོཾ་གཙུག་ནཾ་དཔལ་དགེ་ས་པཱ་རི་ཝ་ར་ཨེ་དཾ་བ་ལིངྐ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་གོོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀེ་ནི་རི་ཏི་ལ་ཁཱ་ཧི། ཞེས་ལན་གསུམ། འཁོར་རྣམས་ལ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭཏྟ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ་བི་ཤོ་མུ་ཁེ་བྷྱཿ སརྦ་ཏ་ཨུརྒ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་བ་ལིང་པྲ་ཏཱི་ཙྪ་སྭཱ་ཧཱ། ལན་གསུམ། ཨོཾ་གཙུག་ན་དཔལ་དགེ་ས་པ་རི་ཝཱ་ར་ཨརྠ་པྲ་ཏི་ཙྪ་ཡེ་སྭ་ཧཱ། ཞེས་པ་ནས། ཤཔྟའི་བར་དང་། ཨོྃ་གཙུག་ན་དཔལ་དགེ་ས་པ་རི་ཝཱ་ར་རུ་པཱ་པྲ་ཏཱི་ཙྪ་ཡེ་སྭ་ཧཱ། ཞེས་པ་ནས། སྤརྴའི་བར་མཆོད། དེ་ནས་སྨན་རག་ནི། ཨོཾ་གཙུག་ན་དཔལ་དགེ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། མ་ཧཱ་པཉྩ་ཨ་མྲི་ཏ་མ་ཧཱ་བྷེ་ཥ་ཛུ། མ་ཧཱ་རཀྟ་ཡ། མ་ཧཱ་བ་ལིངྐ་ྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་མཆོད་ལ་བསྟོད་པ་ནི། ཧཱུཾ། ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་བཞེངས་པ། །གདུག་པ་འདུལ་ཕྱིར་ཁྲོ་ཆགས་ཞི་ལ་སོགས། །རྣམ་པ་ཅིར་ཡང་འཆར་བ་དྲྭ་བའི་གར། །སྟོན་མཛད་དགེ་བསྙེན་ཆེན་པོ་ཁྱོད་ལ་བསྟོད། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་རྒྱ་མཚོར་བཅས། །ཕྱི་ནང་གསང་བའི་ཚུལ་གྱིས་བསྟན་པ་སྲུང་། །ལས་མཛད་དྲེགས་པའི་གཙོ་བོ་ཁྱོད་ལ་བསྟོད། །ཁྱོད་ནི་འཇིག་རྟེན་འདས་ཀྱང་འཁོར་བར་གནས། །ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉའི་ཚུལ། །མ་བསྐུལ་བ་ཡང་བདག་གི་བྲན་བཞིན་དུ། །གཡེལ་མེད་འཕྲིན་ལས་སྒྲུབ་མཛད་ཁྱོད་ལ་བསྟོད། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པས། །དགྱེས་པར་བསྐྱེད་བྱེད་ཕྱི་ནང་གསང་བའི་རྟེན། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། རྣམ་དག་དགེ་འདུན་སྡེ་རྣམས་འཕེལ་ཞིང་རྒྱས། །བསྟན་འཛིན་རྣམས་ཀྱི་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །བདག་དང་རྒྱུ་སྦྱོར་སྐྱེན་ངན་བར་ཆད་སོལ། །གདོན་དགེགས་རིགས་དང་མི་མིན་འབྱུང་པོའི་རིགས། །སྦྱི་སྒོས་བསྟན་པའི་རུ་ཏྲ་སྡིག་ཅན་རྣམས། །དྲག་པོས་ཚར་གཅོད་ཤ་ཁྲག་ཚོགས་སུ་རོལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོྃ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་ས་ཏྭ་ཏྭེ་ནོ་པ་ཏཥྞི་དྲི་ཀྟོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ་བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཅེས་ཡིག་བརྒྱ་ལན་གསུམ།

བཤགས་པ་ནི། ཧཱུཾ། རྡོ་རྗེ་འཆང་དང་སློབ་དཔོན་པདྨ་འབྱུང་། །སྐྱབས་གསུམ་ཀུན་འདུས་རྒྱལ་བ་འཕགས་པ་ལྟ། །མི་བསྐྱོད་རྡོ་རྗེ་རྒྱལ་བ་རྒྱ་མཚོ་སོགས། །རྩ་རྒྱུད་བླ་མ་བདག་ལ་དགོངས་སུ་གསོལ། །བྱིན་རླབས་རྩ་བ་དཔལ་ལྡན་བླ་མ་རྣམས། །རྒྱལ་བ་ཀུན་གྱིས་ཐུགས་རྗེའི་རང་གཟུགས་ལས། །ཆོས་སྐུར་མ་ངེས་ཉེས་སྐྱོན་སྣང་བ་སོགས། །ཉམས་ཆགས་ནོངས་པའི་ཚོགས་རྣམས་མཐོལ་ལོ་བཤགས། །རྒྱུད་སྡེ་ཆེན་པོ་བཞི་དང་ཡོང་འབྲེལ་བའི། །ཡི་དམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་རྣམས། །གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས། །ཆོས་བཞིན་སྐྱོང་བའི་སྲུང་མ་ཐམས་ཅད་དང་། །ཁྱད་པར་འཕགས་པའི་བཀའ་སྲུང་ནོར་གྱི་བདག །རྣལ་འབྱོར་བསམ་དོན་བསྒྲུབ་ཕྱིར་གཙུག་ནམ་དཔལ། །ཕྱི་ནང་གསང་བའི་ལྷ་ཚོགས་བདག་ལ་དགོངས། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་པས། །ཁྱོད་ཀྱི་སྐུ་གསུང་ཐུགས་དང་འགལ་བ་སོགས། །ཕོག་ཐུགས་ཉམས་ཆགས་ནོངས་པ་ཅི་མཆིས་པ། །རབ་ཏུ་བཤགས་པའི་བདག་ཅག་འཁོར་བཅས་རྣམས། །གཡེལ་བ་མེད་པར་བསྲུང་ཞིང་སྐྱོང་བ་དང་། །འཕྲིན་ལས་རྣམ་བཞི་རྟག་ཏུ་སྒྲུབ་པ་དང་། །དགོས་འདོད་ལོངས་སྤྱོད་ཆར་ལྟར་འབེབས་པ་དང་། །བསམ་དོན་ཐམས་ཅད་འབད་མེད་མྱུར་འགྲུབ་མཛོད། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་བསྒྲུབ་པ་དང་། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་མཛོད། །བཤགས་པའི་འཁོར་གསུམ་བདེན་པར་མི་དམིགས་ཀྱང་། །ཉམས་གྲིབ་དག་ཅིང་འདོད་དོན་འགྲུབ་གྱུར་ཅིག ། བསང་བྱེད་ན་བསྐངས་རྫས་ལ་བསང་རྫས་ཁ་བསྒྱུར་བས་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས་བྱིན་གྱིས་རླབས། བསང་མེད་ན་བསྐངས་རྫས་བྱིན་རླབས་སྔོན་དུ་སོང་བས་འདིར་མི་དགོས། 

བསྐང་བ་ནི། ཧཱུཾ། དཀོན་མཆོག་གསུམ་དང་རྒྱུ་འབྲས་བསླུ་མེད་པའི། །རྟེན་ཅིང་འབྲེལ་འབྱུང་བདེན་པའི་བྱིན་རླབས་ཀྱི། །ནམ་མཁའ་གང་བའི་མཆོད་པའི་སྤྲིན་ཆེན་པོ། །འབྱུང་ཞིང་རྒྱས་ལ་ཐུགས་དམ་བསྐངས་གྱུར་ཅིག །རབ་ཡང་ཐོད་པའི་སྣོད་དུ་དགྱེས་པའི་རྫས། །གནོད་བྱེད་དགྲ་དགེགས་བསྒྲལ་བའི་ཤ་དང་ཁྲག །རི་ལྟར་སྤུངས་པའི་དམར་ཆེན་གཏོར་མ་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐང་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཕྱི་ཡི་དབང་པོ་ལྔ་ནི་བཅལ་དུ་བཀྲམ། །ནང་གིས་དོན་སྙིང་རྣམ་ལྔ་ཕྱོགས་བཅུར་བཀོད། །གསང་བ་བླ་ཚེ་སྲོག་སྙིང་མཁྲིས་ཆེན་རྣམས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཡིད་འོང་ཟབ་ཡངས་རིན་ཆེན་སྣོད་ནང་དུ། །ཇ་ཆང་འོ་ཕུད་བཏུང་བ་བདུད་རྩིའི་ཚོགས། །རྒྱ་མཚོ་ལྟ་བུར་ཕྱོགས་བཅུར་འཁྱིལ་བ་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །དཔའ་བོ་དུམ་གཅིག་མཚན་ལྡན་ཀ་པ་ལར། །རྩ་བརྒྱུད་སྟོང་ལ་སྦྱར་བའི་སྨན་ཕུད་དང་། །འཁོར་བའི་རྒྱུ་ལས་བསྒྲལ་བའི་རཀྟ་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་མཛོད། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །འདོད་ཡོན་ལྔ་ལྡན་བཤོས་བུ་དམར་ནག་དང་། །འབྲུ་བཅུད་སྟོང་སྦྱར་ཛ་གད་དམ་པ་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །སྲིད་གསུམ་གདུག་པ་ཅན་རྣམས་དྲག་པོ་ཡིས། །བསྒྲལ་བ་ལས་བྱུང་སྙིང་གི་ཁྲག་ཆེན་དང་། །ཞག་ཆེན་སྤྲིན་མ་སྔོ་དམར་འཁྲུགས་པ་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་བསྐངས། །བཅས་པའི་ཐུགས་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །དབང་ལྔའི་མེ་ཏོག་ཕང་ཕུང་བཀོད་པ་དང་། །ཤ་ཆེན་བསྲེགས་པའི་དུད་སྤྲིན་ནམ་མཁར་འཁྲིགས། །རྐང་མར་ཞུན་ཆེན་གཏམས་པའི་སྣང་གསལ་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །མཁྲིས་ཆེན་ག་པུར་ཤིང་ཀུན་གླ་རྩི་སྦྱར། །ཤ་རུས་དུམ་ཁྲིག་ལྤགས་པའི་སྣོད་དུ་མཛེས། །རྐང་ཆེན་གླང་བུ་རྣ་བར་སྙན་པའི་སྒྲས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཟག་མེད་ནོར་གྱི་བང་མཛོད་སྣ་ཚོགས་དང་། །ཕ་རོལ་གཡུལ་ལས་རྒྱལ་བའི་གོ་ཁྲབ་དང་། །དགྲ་སྡེའི་སྲོག་འཕྲོག་མཚོན་ཆ་འབར་བ་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡང་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །གླིང་བཞི་གླིང་ཕྲན་བརྒྱད་དང་རི་རྒྱལ་མཆོག །ཉི་མ་ཟླ་བ་བཟའ་སྐར་རིན་ཆེན་བདུན། །བཀྲ་ཤིས་རྟགས་བརྒྱད་ཕྱི་ནང་མཆོད་སྤྲིན་བཅས། །བཀའ་སྤུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །འདོད་ཡོན་ལྔ་དང་གཏེར་བུམ་དཔག་བསམ་ཤིང་། །ཁྲུས་ཀྱི་རྫིང་བུ་འདོད་འཇོའི་བ་ལ་སོགས། །ལྷ་མའི་དཔལ་འབྱོར་མ་ཚངས་མེད་པ་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །རླུང་གི་ཤུགས་འཆང་རྟ་མཆོག་ཚོགས་རྣམས་དང་། །ཆར་སྤྲིན་གཏིབ་འདྲའི་གཡག་ནག་ཚོགས་རྣམས་དང་། །མཁའ་ལམ་འགེངས་པའི་བྱ་ནག་ཚོགས་རྣམས་ཀྱིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །རྭ་བཞི་འཁྱིལ་བའི་ལུག་ནག་ཚོགས་རྣམས་དང་། །མཛེས་པའི་རྒྱན་ལྡན་ར་སྐྱེས་ཁམས་པ་དང་། །རྩེ་འཇོའི་གར་བསྒྱུར་སྤྲེལ་དཀར་སྣ་དམར་གྱིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །དམ་ཉམས་ཀླད་ལ་རྔམ་པའི་བསེ་ཁྲ་དང་། །དགྲ་ལ་ལྟས་ངན་འགྱེད་པའི་འུག་པ་དང་། །མ་རུང་ཤ་ཁྲག་ལ་རྔམ་དོམ་དྲེད་ཀྱིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཁྱི་ནག་སྙིང་དཀར་དོམ་བུ་ལྟར་འཕྱོ་ཞིང་། །དུག་ནད་ཁ་རླངས་འབྱིན་པའི་ལྟོ་འགྲོ་དང་། །མ་རུང་སྲོག་ལ་རྔམ་པའི་ལྕགས་སྡིག་འདིས། །བཀའ་བསྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དམ་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། ལས་བྱེད་ཕོ་ཉ་གདུགས་པའི་ཕོ་མོ་དང་། །སྟོབས་ལྡན་མི་ནག་གིང་ཕོ་རྫུ་འཕྲུལ་ཅན། །གདུགས་པའི་མཆེ་སྡེར་རྔམས་པའི་གཅན་གཟན་གྱིས། །བཀའ་བསྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཞིང་ཆེན་བླ་བྲེ་རྒྱུ་རློན་མགོ་ཕྲེང་དང་། །ཐོང་བུ་ནག་པོ་མི་ནག་ར་ཁམ་གྱི། །མགོ་བོའི་ཏོག་ལྡན་གཡང་བཞིའི་རྒྱལ་མཚན་འདིས། །བཀའ་བསྲུང་ཆེན་པོ་འཁོར་བཅས་ཐུསྤོས་དམ་བསྐོངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །སྲིད་གསུམ་ཉུལ་བྱེད་བོང་བུ་ནག་པོ་དང་། །ཤུགས་ཀྱི་འགྲོས་ཡངས་འགྲན་བྲལ་གླང་པོ་ཆེ། །མྱུར་མགྱོགས་མཁའ་ལམ་འགེངས་པའི་རླུང་ནག་འདིས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །གཞན་ཡང་ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས། །དངོས་བཤམས་ཡིད་སྤྲུལ་མ་ཚང་མེད་པ་ནི། །རབ་འབུམས་ཕྱོགས་བཅུའི་ཞིང་ཀུན་གང་བ་འདིས། །བཀའ་བསྲུང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་གཉེན་བསྐངས་ནས། །གཡར་དམ་གཉེན་པོ་ཡོངས་སུ་སོལ་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །  ཧཱུཾ། བཀའ་སྲུང་ཆེན་པོ་འཁོར་དང་བཅས་པ་རྣམས། །མཆོད་ཅིང་ཐུགས་དམ་གཉེན་པོ་བསྐངས་བའི་མཐུས། །རྒྱལ་བའི་བསྟན་པ་ལུང་རྟོག་དམ་པའི་ཆོས། །བཀའ་རྒྱུད་རིན་ཆེན་སྒྲུབ་པའི་རྒྱལ་མཚན་ཆེ། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་འཕྲིན་ལས་རྒྱས་པར་མཛོད། །ཁྲིམས་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་གང་ཞིང་། །ཕུན་ཚོགས་འདོད་རྒུ་མ་ལུས་འབྱུང་བའི་གནས། །ལུགས་གཉིས་དཔལ་ལ་སྤྱོད་པའི་ཆོས་གྲྭ་ཆེ། །གྲུབ་པའི་བསྟི་གནས་དཔལ་གྱི་ཆབ་མདོ་ཞེས། །སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ་པ་འདི། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་མཛོད། །སྡེ་འདིར་གུས་མཆོད་ལྡན་པའི་སྐྱེ་བོ་རྣམས། །ཚེ་རིང་ནད་མེད་དཔལ་འབྱོར་རྒྱས་པ་དང་། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་ནས་སུ། །ཆབ་སྲིད་མངའ་ཐང་སྙན་གྲགས་ཡར་ངོའི་ཟླ། །ཇི་བཞིན་འཕེལ་རྒྱས་ལོ་ལེགས་བར་ཆད་མེད། །དུས་འཁྲུགས་མུ་གེའི་ཚོགས་རྣམས་ཞི་བར་མཛོད། །གང་ཞིག་རྒྱལ་བ་འཕགས་པའི་བསྟན་པ་ལ། །སྙིང་ནས་འཁུ་ཞིང་ལོག་པའི་སེམས་འཆང་བ། །དགོན་གནས་འདི་ལ་འཚེ་བྱེད་དགྲ་བགེགས་རྣམས། །ལོ་ཟླ་ཞག་དུས་སྐད་ཅིག་མ་འགྱང་བར། །ཁ་རཾ་ཁཱ་ཧིའི་ལས་ལ་མཐུ་མ་ཆུང་། །ཐ་མ་རྗེས་ཤུལ་ཙལ་ཡང་མེད་པར་མཛོད། །བདག་གིས་ཁྱོད་ལ་འཕྲིན་ལས་ཅི་བཅོལ་བ། །རྩ་རྒྱུད་བླ་མའི་དམ་ལས་མ་འདའ་བར། །བྲན་གྱིས་ཚུལ་དུ་ཁས་བླང་དྲན་མཛོད་ལ། །བྱིན་པའི་ཟས་ཟ་མངག་པའི་ལས་མ་བུལ། །མདོར་ན་བདག་གིས་ཅི་དང་ཅི་བཅོལ་བ། །དེ་དང་དེ་ཡིས་ལས་མཛོད་བྲན་གྱིས་གཙོ། །ཞེས་བྱའོ། །བསྐང་གཏོར་འབུལ་བ་ནི། བཀའ་སྲུང་ཆེན་པོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། །པར་བསམ་ལ། ཨོཾ་གཙུག་ནཾ་དཔལ་དགེ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀ་ནི་རི་ཏི་ལ་ཁཱ་ཧི། ཅེས་ལན་གསུམ། འཁོར་རྣམས་ལ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུཏྤནྣ་ཏྭཏྟ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏ་ཨུདྒ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁ་བ་ལིངྐ་ྟ་པྲ་ཏཱི་ཙྪ་ཡེ་སྭ་ཧཱ། ལན་གསུམ། ཨོྃ་གཙུག་ནམ་དཔལ་དགེ་ས་པཱ་རི་ཝ་ར་ཨཀྶཾ། པཱ་ཏྱཾ། པུཥྤ། དྷུ་པེ། ཨ་ལོ་ཀེ། གཉཱེ། ནེ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། ནང་མཆོད་སྨན་རག་འབུལ་བ་ནི། ཨོཾ་གཙུག་ནཾ་དཔལ་དགེ་ས་པཱ་རི་ཝ་ར་ཨོཾ་ཨཱཿཧཱུཾ། མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་བྷྱ་ཛུ་མ་ཧཱ་རཀྟ་ཡ། མ་ཧཱ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མཆོད། གཞི་བདག་ལ། ཨོྃ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤདྡྷ་སརྦ་དྷརྨ་སྭ་བྷཱ་ཤུདྡྷེ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ་ཧཱུཾ། ལན་གསུམ། ཨོཾ་ཨཱ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུ་ཧྥུནྣ་ཏྭཏྟ་ཨོཾ་ཨཱཿཧཱུཾ། ཕཊ་སྭཱ་ཧཱ། ལན་གསུམ། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འཇམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །ས་ཡི་ལྟ་མོ་བསྟན་མ་དང་། །སྟོང་གསུམ་གཞི་བདག་ཚོགས་རྣམས་དང་། །ཚེ་རིང་མཆེད་ལྔ་བསྟན་སྐྱོངས་བཅས། །གངས་ཅན་གནས་པ་ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། ལས་དང་བྱ་བ་ཅི་བགྱིས་ཀྱང་། །ཀོ་ལོང་ཕྲག་དོག་མ་མཛད་པར། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་མཛོད། །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིག་པ། །ཐོག་པ་མེད་པར་འབྱུང་གྱུར་ཅིག

བསྐངས་བཟློག་ནི། ཧཱུཾ། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །བཀའ་སྲུང་ཆེན་པོ་འཁོར་བཅས་ཀྱི། །མཐུན་པའི་དམ་རྫས་འདི་བཞེས་ལ། རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །ཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་བཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ཁ་བསྟན་པ་བཟློག །མ་མོའི་ཁྲག་ཟོར་འཕེན་པ་བཟློག །ཞང་ཞུང་གཙོད་དམར་འཕེན་པ་བཟློག ། སུམ་པའི་བླང་ཟོར་འཕེན་པ་བཟློག །བནྡེའི་སྔགས་ཟོར་འཕེན་པ་བཟློག །བོན་པོའི་གཏོར་ཟོར་འཕེན་པ་བཟློག །སྔགས་པའི་སྒོང་ཟོར་འཕེན་པ་བཟློག །སྐྱེས་པའི་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་འཕེན་པ་བཟློག །མུ་སྟེག་བར་ཆད་བྱེད་པ་བཟློག །ངན་སྔགས་གདུགས་པའི་རྦོད་གཏོང་བཟློག །ཀླུ་ཡི་བྱེད་དུ་བཅུག་པ་བཟློག །ཐེའུ་རང་སྲི་ལ་བརྐུ་བ་བཟློག །རྒྱལ་པོ་སྨྱོ་འབོག་གཏོང་བ་བཟློག །དྲང་སྲོང་གཟའ་ཡི་ཀིང་ཀང་བཟློག །ལྟས་ངན་བརྒྱད་བཅུ་རྩ་བཞི་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་བཅུ་བཟློག །རྨི་ལམ་ངན་དང་མཚན་མ་ངན། །ལོ་སྐེག་ཟླ་སྐག་ཞག་སྐག་དང་། ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུགས་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ།་།ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །འདོད་གསོལ་ནི། ཧཱུཾ། མཐུན་པའི་དངོས་གྲུབ་མ་ལུས་པ། །དེང་འདིར་བདག་ལ་སྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་གསུང་མའི་ཚོགས། །དེ་ནས་ཐུན་གཏོར་བྱིན་བརླབས་ནི། ཨོཾ་ཧྲཱིཿཥྛཿཝི་ཀྲི་ཏ་ན་ན་ཧཱུཾ་ཕཊ། ཞེས་པ་ནས། ཨོཾ་ཨཱཿ་ཧཱུཾ། ལན་གསུམ།  དེ་མོ་ནི། བྷྱོཿ རང་བཞིན་རྣམ་པར་དག་པའི་གངས་ཕུག་ནས། །རྡོ་རྗེ་བོད་ཁམས་སྐྱོང་བའི་ལྷ་བཙུན་མ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ལན་གསུམ། ཨོྃ་བཛྲ་མ་ཧཱ་མ་ཏྲི་དུང་དུང་ཏྲི་ཛ་ས་རི་ལྦ་ར་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།། ལན་གསུམ།མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཀོང་བཙུན་དེ་མོ་ཕྱི་ནང་གསང་གསུམ་འཁོར་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ལ་བསྔོའོ། །འབུལ་ལོ། །གསོལ་ལོ། །མཆོད་དོ། །བཞེས་ཤིང་ཚིམ་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སེལ་མཐུན་རྐྱེན་སྒྲུབས་དཀར་པོ་ཆོས་དང་མཐུན་པའི་སྡོང་གྲོགས་འཕྲིན་ལས་རྒྱབ་བརྟེན་རྒྱ་ཆེན་པོ་མཛད་དུ་གསོལ། བྷྱོཿ རྗེ་བཙུན་སྒྲོལ་མའི་ཐུགས་ཀྱི་སྤྲུལ་པ་ལས། །བོད་ཁམས་བསྟན་པ་སྐྱོང་བའི་འཕྲིན་ལས་མ། །འཁོར་དང་བཤད་སྒྲུབ་འབྱོར་པ་རྒྱས་པ་དང་། །མི་མཐུན་སྐྱེ་བོའི་གདུག་རྩུབ་ཞི་བར་མཛོད། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །རྡོ་རྗེ་སློབ་དཔོན་པདྨའི་བཀའ་ལ་ཉོན། །རྣལ་འབྱོར་བདག་གི་རེ་བ་མ་བཅག་པར། །ད་ལྟ་བཅོལ་བའི་འཕྲིན་ལས་འགྲུབ་པརམཛོད། ཅེས་དང་། ཐུན་གཏོར་འབུལ་བ་ནི། བཀའ་སྲུང་ཆེན་པོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། །ཨོཾ་གཙུག་ན་དཔལ་དགེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལྟེ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀེ་ནི་རི་ཏི་ལ་ཁཱ་ཧི། ལན་གསུམ། ཨོཾ་ཨ་ཀ་རོ་ལན་གསུམ་དང་། ཨོྃ་གཙུག་ན་དཔལ་དགེ་ས་པཱ་རི་ཝཱ་ར་ཨརྒྷཾ། ནས། ཤཔྟའི་བར་དང་། ཨོྃ་གཙུག་ན་དཔལ་དགེ་ས་པཱ་རི་ཝཱ་ར་ཨོཾ་ཨཱཿ་ཧཱུཾ། མ་ཧཱ་པཉྩ་ཨ་མྲིཏ་མ་ཧཱ་བྷེ་ཥ་ཛྱེ། མ་ཧཱ་རཀྟ་ཡ། མ་ཧཱ་བ་ལི་ྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཞི་བདག་གཏོར་མ་རྒྱས་པ་བཏང་། བསྟོད་པ་ནི། ཧཱུཾ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། ཐུགས་རྗེས་གདུག་པ་འདུལ་ཕྱིར་དྲག་པོའི་དྲག་སྐུ། །རྣམ་པར་ཅིར་ཡང་སྟོན་པའི་མཐུ་རྩལ་ཅན། །དཔའ་བོ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །སྔོན་ཚེ་ཁྱོད་ནི་རྒྱ་གར་འཕགས་ཡུལ་དུ། །སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝ་ཡིས། །བཀའ་བསྒོས་དམ་བཞག་བསྟན་པའི་གཉེར་ཁ་གཏད། །དམ་བཅས་དུས་ལ་མ་གཡེལ་འཕྲིན་ལས་སྒྲུབ། །ཀོང་སྟོད་ཕ་ཝང་གནམ་ལྕགས་འབར་བ་ནས། །ཁྱབ་བདག་བདེ་ཆེན་རྡོ་རྗེའི་སྤྱན་སྔར་ཁྱོད། །སྲོག་སྙིང་ཕུལ་ནས་ཇི་ལྟར་དམ་བཅས་པ། །མ་གཡེལ་དྲན་པར་མཛོད་ལ་འཕྲིན་ལས་སྒྲུབ། །ཧཱུཾ། རེས་འགའ་དཀར་པོ་ལྷ་ཡི་ཚུལ། །ཞི་ཞིང་བྱམས་པས་རྣལ་འབྱོར་སྐྱོངས། །རེས་འགའ་ནོར་ལྷ་ཕྱུག་བདག་གཟུགས། །བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །རེས་འགའ་རྒྱལ་པོ་བསེ་ཐེབས་ཅན། །དམ་ཉམ་དགྲ་ལ་སྨྱོ་འབོག་འགྱེད། །རེས་འགའ་ཟུང་ཞལ་པཎ་ཞྭ་ཅན། །ཆོས་ཀྱི་ང་རོས་ཕས་རྒོལ་འཇོམས། རེས་འགའ་ཁྲག་མདོག་ཁྲོ་གཉེར་ཅན། །ཙི་ཙི་ཛྭ་ལས་དགྲ་བགེགས་འཛོམས། །རེས་འགའ་ནག་པོ་བདུད་ཀྱི་གཟུགས། །བསད་བསྐྲད་རེངས་པས་དགྲ་བགེགས་འཇོམས། །རེས་འགའ་དམག་དཔོན་རུ་མཚོན་ཅན། །སྡེ་བརྒྱད་དྲེགས་པའི་དམག་དཔུང་འདྲེན། །སྤྲུལ་པ་ཡང་སྤྲུལ་ས་མ་ཡ། །བྱེ་བ་འབུམ་སྡེའི་འཁོར་ཚོགས་རྣམས། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །སྤྱིར་གྱི་སངས་རྒྱས་བསྟན་པ་སྙུང་། །ཡང་སྒོས་རྒྱལ་བ་འཕགས་པ་ལྷའི། །བསྟན་པ་དགོན་གནས་སྡེ་དང་བཅས། །ཆོས་དང་དཔལ་འབྱོར་རྒྱས་པ་དང་། །འགལ་རྐྱེན་བར་ཆད་ཞི་བར་མཛོད། །ཁྱད་པར་རྣལ་འབྱོར་དཔོན་སློབ་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་རྣམས། །ལོ་ཟླ་ཞག་ཟར་མ་འགྱངས་པར། །ད་ལྟ་ཉིད་དུ་བསྒྲལ་བར་མཛོད། །ཅེས་དང་། དེ་ནས་བཀའ་སྲུང་ཆེན་པོ་འཁོར་དང་བཅས་པ་ཐུགས་དམ་བསྐུལ་ཞིང་འཕྲིན་ལས་བཅོལ་བ་ནི། ཧཱུཾ། བཀའ་སྲུང་ཆེན་པོ་དགོངས་སུ་གསོལ། །སྔོན་གྱིས་བསྐལ་པའི་དང་པོ་ལ། །རྡོ་རྗེ་གདན་གྱི་གནས་མཆོག་ཏུ། །སློབ་དཔོན་ཨཱརྱ་དེ་ཝ་ཡི། །གཙུག་ནཾ་དཔལ་ཞེས་མིང་བཏགས་ནས། །དམ་ཚིག་གཉེར་གཏད་སྲུང་མར་བསྐོས། །དེ་འོག་བར་གྱི་བསྐལ་པ་ལ། །ཤར་ཕྱོགས་ཀོང་པོའི་ཡུལ་དབུས་སུ། །ཕ་ཝང་གནམ་ལྕགས་འབར་བ་ནས། །ཁྱབ་བདག་བདེ་ཆེན་རྡོ་རྗེ་ཡི། །ཞང་གི་པཎ་འདབ་མིང་བཏགས་ནས། །དཀོར་གྱི་སྲུང་མར་བཀའ་བགོས་མཛད། །དེ་འོག་བསྐལ་པའི་ཐ་མ་ལ། །མཁའ་འགྲོའི་གནས་མཆོག་རྒྱ་ལ་རུ། །སྔགས་འཆང་མི་བསྐྱོད་རྡོ་རྗེ་ཡིས། །བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ། །དབང་བསྐུར་བདུད་འཇོམས་རྡོ་རྗེ་ཞེས། །མིང་དུ་བཏགས་ནས་ཐ་ཚིག་སྦྲེལ། ཧཱུཾ། བདག་ནི་རིག་འཛིན་སྒྲུབ་པ་པོ། །རྣལ་འབྱོར་བདག་ནི་དམ་ཚིག་ཅན། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །འཕྲིན་ལས་གཉེན་པོ་དུས་འདིར་མཛོད། ཧཱུཾ། བཀའ་སྲུང་ཆེན་པོ་འཁོར་བཅས་རྣམས། །མཆོད་ཅིང་བསྟེན་པའི་གནས་འདི་རུ། །བོས་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྟུལ། །བརྟེན་པའི་ཚེ་ན་རྒྱང་མ་རིང་། །སྒྲུབ་པའི་ཚེ་ན་གོང་མ་གཡེལ། །རྗེ་བོར་བགྱིད་དོ་དབང་མ་ཆེ། །བྲན་ལྟར་བསྟེན་ནོ་ལས་མ་ཞན། །གྲོགས་པོར་བཅོལ་གྱིས་གཞུང་མ་ངན། །མནའ་ཐོ་སྤྲེལ་ལོ་མནའ་མ་ཟ། །དམ་ཚིག་གཅིག་གོ་དམ་མ་འདའ། །མགྱོགས་པར་བསྐུལ་ལོ་བང་མ་བུལ། །དགྲ་ལ་རྦད་ན་མཐུ་མ་ཆུང་། །ཞི་རྒྱས་དབང་དང་དྲག་པོ་ཡི། །འཕྲིན་ལམ་གཉན་པོ་དུས་ལ་བབས། །དམ་ལ་མ་འདའ་ས་མ་ཡ། །ཧཱུཾ། སྔར་བཅོལ་ལེགས་པའི་གཏང་རག་གཏོང། །ཕྱི་མ་ཞུ་བའི་སྐྱེམས་འབུལ་ལོ། །ད་ལྟ་མཐུན་པའི་མཆོད་གཏོར་འབུལ། །རྟག་ཏུ་བཀའ་སྲུང་ཁྱོད་གསོལ་ལོ། །རྒྱུན་དུ་ཆོས་སྐྱོང་ཁྱོད་མཆོད་དོ། །བསྒྲུབ་པོ་མགོན་པོ་ཁྱོད་བསྒྲུབ་པོ། །བསྐངས་ངོ་ཞང་པཎ་ཁྱོད་བསྐངས་ངོ་། །བསྟེན་ནོ་བདུད་འཇོམ་ཁྱོད་བསྟེན་ནོ། །བསྟོད་དོ་དཀོར་བདག་ཁྱོད་བསྟོད་དོ། །གསོལ་ལོ་གྲོགས་པོ་ཁྱོད་གསོལ་ལོ། །རྦད་དོ་བྲན་པོ་ཁྱོད་རྦད་དོ། །བསྐུལ་ལོ་དམ་ཅན་ཁྱོད་བསྐུལ་ལོ། །མི་ལ་ན་ཚ་མ་བཏང་ཅིག།།ཕྱུགས་ལ་གོད་ཁ་མ་བཏང་ཅིག །རྣལ་འབྱོར་བདག་གི་བསྟན་པ་སྲུང་། །ཆོས་དང་མཐུན་པའི་སྟོང་གྲོགས་མཛོད། །གསེར་སྐྱེམས་འབུལ། །དེ་ནས་དྲག་ཏུ་བསྐུལ་བ་ནི། ཧཱུཾ། བཀའ་སྲུང་ཆེན་པོ་འཁོར་བཅས་རྣམས། །སྡང་བའི་དགྲ་ལ་རྦད་པའི་ཚེ། །ནམ་མཁའ་ལ་ནི་འབྲུག་ལྟར་ལྡིར། །གནམ་ལྕགས་ཐོགས་དང་སེར་བ་འབེབས། །གཟའ་ནད་སྐར་མདའ་མདའ་ལྟར་འཕེན། །ཉི་མ་ཟླ་བ་ཟས་སུ་ཟ། །རྒྱུ་སྐར་རྣམས་ནི་ཚོགས་པོར་འཕེན། །བར་སྣང་ཁམས་སུ་གློག་ལྟར་འཁྱུགས། །རླུང་ནག་ན་བུན་རོལ་དུ་ཁྲིད། །སད་དང་དལ་ཡམ་ཁ་རླངས་འགྱེད། །ས་གཞིའི་ངོས་ལ་སྤྱང་ལྟར་རྒྱུག །ཐན་དང་ལྟས་ངན་སྤྲུལ་པ་འགྱེད། །སྨྱོ་འབོག་རྒྱུ་གཟེར་ལྷོག་པ་དང་། །གག་པ་བདུན་དྲུག་དམུ་ཆུ་སོགས། །མི་འདོད་གློ་བུར་ཧུར་ཐུམ་དང་། །སྣ་ཚོགས་ཚོ་འཕྲུལ་དགྲ་ལ་ཐོང་། །ངུ་འབོད་བྲང་བརྡུང་ཏི་རི་རི། །རོ་ཁུར་ཐག་ནག་ན་ར་ར། །ཕ་སྤུན་ནང་འཁྲུག་སྤུ་ཟིང་ཟིང་། །ཁང་ཞིག་ཐལ་བ་ཕྱུ་རུ། །དུར་ཁྲོད་ཝ་མོ་བརྒྱལ་སང་སང་། །འདྲེན་སྲིན་ཤ་ཟ་འུར་དིར་དིར། །ཕྱ་ནག་རུས་འཆའ་ཁྲོ་ལོ་ལོ། །ཁྱི་སྤྱང་གད་རྒྱངས་ལྷངས་སེ་ལྷང་། །དུར་མེ་དམར་ནག་ལམ་སེ་ལམ། །དུར་རླུང་སྔོ་དམར་འཚུབ་ཆིལ་ཆིལ། །དུར་པ་ཁམ་ནག་ཕྱུར་རུ་རུ། །ལྟས་ངན་བརྒྱད་ཅུ་རྩ་བཞི་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །ཕ་ཁུ་ཨ་མྱེ་ཞང་པོ་དང་། །གོང་འོག་བུ་སྲིང་ཚ་བོ་དང་། །གཉེན་ཚན་གཅིག་པའི་མི་རྒྱུད་རྣམས། །དགུ་རྒྱུད་ཚུན་ཆད་རྡུལ་དུ་རློག །ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག །མོ་རྒྱུད་མངལ་ནས་རྐམ་དུ་ཆུག །གནམ་གྱིས་འཇུ་ཐག་སྐྱ་བོ་ཆོད། །ས་ཡི་བརྟན་ཕུར་ནག་པོ་ཕྱུང་། །ལས་ཀྱི་རླུང་གི་རྒྱབ་ནས་དོད། །མུན་པ་ནག་པོས་མདུན་ནས་སུས། །རླུང་གི་རྔ་མོང་རྟ་ལ་བསྐྱོན། །འཇིགས་ཆེན་ཕོ་ཉས་རྔམས་ཟས་གྱིས། །ལས་མཁན་ཚོགས་རྣམས་མཐུ་མ་ཆུང་། །བཤན་པའི་ཚོགས་རྣམས་གྲི་མ་བརྟུལ། །གསོད་བྱེད་སྲིན་མོ་ལས་མ་བུལ། །མ་བདུད་སྲིན་མ་ཧམ་མ་ཆུང་། །འཇིག་རྟེན་འདི་ན་སུ་ཡང་རུང་། །ཕྱི་ནང་གསང་བ་གར་གནས་ཀྱང་། །མིང་དང་རུས་པ་མ་ནོར་ཅིག ། རུས་དང་རུས་འདྲ་མ་ནོར་ཅིག །བསྟན་པ་གཤིག་ཅིང་སངས་རྒྱས་འཚེ། །དགོན་གནས་འདི་ལ་གནོད་བྱེད་ཅིང་། །བླ་མའི་སྐུ་ལ་བརྡོ་བ་དང་། །དགེ་འདུན་སྡེ་འདི་བཤིགས་པར་བརྩམས། །ཉེས་ཆེན་ལོག་ལྟ་ལྡན་པ་འདི། །ལོ་དང་ཟླ་བ་ཞག་ཟ་མར། །སྐད་ཅིག་ཙམ་ཡང་མ་བཞག་པར། །ཐལ་བའི་རྡུལ་དུ་བརླག་པར་མཛོད། །ཅེས་པའམ། ཡང་ན། ཧཱུཾ། མཐུ་སྟོབས་དབང་ཕྱུག་གདུག་པ་ཚར་གཅོད་ཅིང་། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་མངའ་བའི་དཔལ། །རྒྱལ་བའི་བསྟན་སྲུང་ཆེན་པོར་མངའ་གསོལ་བའི། །སྤྲུལ་པའི་ཆོས་རྒྱལ་ཁྱོད་ལ་བདག་བསྟོད་དོ། །སྐུ་ཡི་ཆ་ལུགས་རྣམ་འགྱུར་ཅི་ཡང་སྟོན། །གསུང་གི་ང་རོས་བདུད་དཔུང་ཟིལ་གྱིས་གནོན། །ཐུགས་རྗེས་སྒྲུབ་ལ་དངོས་གྲུབ་ཆར་ཆེན་འབེབས། །སྐུ་གསུང་ཐུགས་ལྡན་ཁྱོད་ལ་བདག་བསྟོད་དོ། །ཡོན་ཏན་རྨད་བྱུང་མཚན་དཔེའི་དཔལ་འབར་བ། །འཕྲིན་ལས་བསྒྲུབ་ཕྱིར་དུ་མའི་གར་ལ་རོལ། །ཕྱི་ནང་གསང་བའི་ཚུལ་གྱིས་བསྟན་པ་སྲུང་། །ལས་མཛད་དྲེགས་པའི་གཙོ་བོ་ཁྱོད་ལ་བསྟོད། །ཞི་བའི་ལས་མཛད་དཀར་གསལ་གངས་རིའི་མདོག །གསལ་འཚེར་གསེར་མདོག་རྒྱས་པའི་དངོས་གྲུབ་སྩོལ། །དབང་གིས་ལས་མཛད་ཁམས་གསུམ་ལྕགས་ཀྱུས་འགུག །དྲག་པོའི་དགྲ་བགེགས་ཚར་གཅོད་ཁྱོད་ལ་བསྟོད། །ཁྱོད་ནི་ཁམས་གསུམ་ཡོངས་ལ་དབང་བསྒྱུར་ཞིང་། །སྲིད་གསུམ་དྲེགས་པ་ཅན་རྣམས་ལས་ལ་འགྱེད། །མཐུ་སྟོབས་རྫུ་འཕྲུལ་འགྲན་ཟླ་མ་མཆིས་པའི། །རྣལ་འབྱོར་དགྲ་ལྷ་ཆེན་པོ་ཁྱོད་ལ་བསྟོད། །དེང་ནས་བཟུང་སྟེ་ནམ་ཡང་མི་གཡེལ་བར། །ཁྱོད་གསོལ་ཁྱོད་མཆོད་ཁྱོད་བསྒྲུབ་ཁྱེད་བསྟན་ཅིང་། །ཁྱོད་བསྐུལ་ཁྱོད་རྦད་གཉེར་དུ་གཏད་པ་ལ། །བདག་གི་རེ་བའི་འབྲས་བུ་མཆིས་པར་མཛོད། །སྔོན་ཚེ་ཁྱབ་བདག་བདེ་ཆེན་རྡོ་རྗེ་ཡི། །སྤྱན་སྔར་ཇི་ལྟར་ཁས་བླང་དམ་བཅས་བཞིན། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང་། སྣང་སྲིད་དབང་སྡུད་སྲིད་གསུམ་བྲན་དུ་འགོད། །འཁོར་དང་ལོངས་སྤྱོད་སྙན་པའི་གྲགས་པ་སོགས། །ཐམས་ཅད་ཡང་ངོའི་ཟླ་ལྟར་རྒྱས་པར་མཛོད། །མཐུན་རྐྱེན་ཡོ་བྱེད་མཁོ་དགུ་ཐམས་ཅད་ལ། །གང་གི་སྒོ་ནས་ཉེར་འཚེའི་དགྲ་བགེགས་ལ། །རྣམ་མང་ལྟས་དང་ཆོ་འཕྲུལ་བསྟན་ནས་ཀྱང་། །རྡུལ་ཕྲན་བཞིན་དུ་བརླགས་པའི་འཕྲིན་ལས་མཛོད། །ཅེས་པས་བསྟོད་། བསྐུལ་བ་བྱ་བ་ནི། ཧཱུཾ། བཀའ་སྲུང་ཆེན་པོ་དགོངས་སུ་གསོལ། །སྔོན་ཚེ་རྒྱ་གར་པཎ་ཆེན་མཛད། །གཙུག་ན་དཔལ་དགེ་ཞེས་སུ་གྲགས། །བར་དུ་ཀོང་ཡུལ་མཐིལ་དུ་བཞུགས། །ཞང་གིས་པཎ་འདབ་ཞེས་སུ་གྲགས། །ད་ལྟ་གནས་འདིའི་སྲུང་མ་སྟེ། །བདུད་འཇོམ་རྡོ་རྗེ་ཞེས་སུ་གྲགས། །དགེ་བསྙེན་ཆེན་པོ་ཞེས་ཀྱང་གྲགས། །རྣལ་འབྱོར་བདག་གི་དགྲ་བོ་ལ། །བཀའ་སྲུང་ཆེན་པོ་འཁོར་བཅས་རྣམས། །འུར་འུར་ཆེམ་ཆེམ་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །དགེ་བསྙེན་ཆེན་པོའི་དུས་ལ་བབ། །དཀོར་བདག་རྒྱལ་པོས་དམག་ལ་ཆོས། །རྒྱུག་གཅིག་རྒྱུག་གཅིག་དམག་ལ་རྒྱུག །ཆོམ་ཅིག་ཆོམ་ཅིག་དགྲ་བོ་ཆོམ། །ང་དང་འདྲེན་པའི་དགྲ་བོ་ལ། །ཆོ་འཕྲུལ་སྣ་དགུ་ཐོང་ལ་ཤོག །སྤྲུལ་པ་སྣ་ཚོགས་དགྲ་ལ་ཁྱེར། །གཤིན་རྗེའི་འཁྲུལ་འཁོར་དགྲ་ལ་བསྒྱུར། །མ་མོའི་དལ་ཡམ་དགྲ་ལ་བསྒྱུར། །བཙན་གྱི་ཤོ་རྡེལ་དགྲ་ལ་བསྒྱུར། །བདུད་ཀྱི་ཁྲམ་ཁ་དགྲ་ལ་བསྒྱུར། །འགོང་པོའི་སྨྱོ་འབོག་དགྲ་ལ་བསྒྱུར། །ཀླུ་བདུད་གཏད་ཁྲམ་དགྲ་ལ་བསྒྱུར། །ལྷ་ཡི་དམོད་མོ་དགྲ་ལ་བསྒྱུར། །ལྷ་མིན་སྔགས་ཟོར་དགྲ་ལ་བསྒྱུར། །བྱད་ཁ་ཕུར་ཁ་དགྲ་ལ་བསྒྱུར། །ལྟས་ངན་བརྒྱད་ཅུ་རྩ་བཞི་ཐོང་། །ཡེ་འབྲོག་སུམ་རྒྱ་དྲུག་ཅུ་ཐོང་། །དུས་མིན་འཆི་བའི་ནད་རྣམས་ཐོང། །དགྲ་བོའི་གཟུགས་ཕུང་རྡུལ་དུ་བརློག །དམ་རྫས་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བགེགས་ལས་ངན་འདི། །ལོ་དང་ཟླ་བར་མ་བཞག་པར། །མྱུར་དུ་ཚར་ཆོད་འཕྲིན་ལས་མཛོད། །གཏོར་བཟློག་བྱ། དེ་ནས་གཤེགས་གཏོར་མི་བྱེད་ན་རྗེས་ཆོག་ལ་འཇུག ༈ གཤེགས་གཏོར་འབུལ་ཚེ་མཆོད་པ་དང་གཏོར་མ་བྱིན་གྱིས་བརླབས། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་སྔོན་པོའི་ཞེས་པ་ནས། སྐད་ཅིག་གི་སྤྱན་དྲངས། བར་སྐད་ཅིག་དཀྲོང་བསྐྱེད། ལྗགས་བྱིན་གྱིས་བརླབས། གཏོར་མ་དང་མཆོད་པ་ནང་མཆོད་འབུལ་། གཞི་བདག་བསྡུད་པ་བཏང་། དེ་ནས། ཧཱུཾ། རྩ་རྒྱུད་བླ་མས་དབང་བསྐུར་དམ་བཞག་པའི། །རྒྱལ་བའི་བསྟན་པ་བསྲུང་བའི་མཐུ་སྩལ་ཅན། །དགེ་བསྙེན་ཆེན་པོ་གཙུག་ནམ་དཔལ་དགེ་ཁྱོད། །ཞི་རྒྱས་དབང་དྲག་ཕྱི་ནང་གསང་བར་བཅས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྲུལ་པ་ཡང་སྤྲུལ་དྲེགས་པ་སྡེ་བརྒྱད་ཚོགས། །བཀའ་ཉན་དམ་ཅན་རྒྱ་མཚོར་བཅས་པ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ལྔ་བདུད་རྩི་ལྔ་སྦྱོར་སྨན་རག་ཕུད། །དམ་རྫས་མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་དང་བཅས་པ་རྣམས། །གཡེལ་བ་མེད་པར་སྲུང་ཞིང་སྐྱོང་བར་མཛོད། །གཞན་ཡང་ཁྱོད་ལ་འཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོང་བླ་མའི་སྐུ་ཚེ་བསྲིངས། །དམ་པའི་ཆོས་འཁོར་གཉན་པོ་འཕེལ་བར་མཛོད། །གང་ཞིག་ནག་པོའི་ཕྱོགས་ཀྱིས་ཡིད་བསྐྱོད་པའི། །འབྱུང་པོ་མི་དང་མི་མིན་ལོག་ལྟ་ཅན། །སངས་རྒྱས་བསྟན་གཤིགས་དཀོན་མཆོག་དགྲ་རུ་འཛིན། །དམ་ཆོས་སྣུབ་ཅིང་བླ་མའི་སྐུ་ལ་བསྡོས། །ཕྱོགས་བཅུའི་དགེ་འདུན་སྡེ་རྣམས་བཀྲལ་བྱེད་ཅིང་། །ཁྱད་པར་དགོན་གནས་འདི་ལ་འཚེར་བྱེད་པའི། །སྤྱི་དགོས་རུ་ཏྲའི་མིང་ཡང་མེད་པར་མཛོད། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །འདི་ལས་འགལ་ན་རྒྱལ་བའི་བཀའ་བསྒྲུབ་པས། །དུས་གསུམ་རྒྱལ་བའི་ཡེ་ཤེས་ལས་སྤྲུལ་པའི། །མི་ཟད་གནམ་ལྕགས་འབར་བའི་རྡོ་རྗེ་ཡིས། །ཁྱོད་ཀྱི་ལུས་ངག་ཐལ་བར་རྡུལ་དུ་རློག །རྡོ་རྗེ་དམྱལ་བ་ཆེན་པོ་དེ་ལྟུང་ནས། །ཐར་མེད་སྡུག་བསྔལ་མྱོང་བས་བཟོད་བརླག་མེད། །དེ་བས་སྔོན་གྱི་དམ་ལས་མ་འདའ་བར། །དམ་ཚིག་ཚུལ་བཞིན་སྲུངས་ཤིག་ས་མཱ་ཡ། །ཅེས་དང་། བཟློག་པ་བྱ། །རྗེས་མཆོག་མཆོད་པ་ནི། ཨོཾ་གཙུག་ནཾ་དཔལ་དགེ་ས་པཱ་རི་ཝཱ་ར་ཨརགྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། བར་དང་། ནང་མཆོད་སྨན་རག ། ཨོཾ་གཙུག་ན་དཔལ་དགེ་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། མ་ཧཱ་པཉྩ་ཨ་མྲི་ཏ་མ་ཧཱ་བྷེ་ཥ་ཛྱ། མ་ཧཱ་རཀྟ་ཡ་མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། །མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་མཉེས་ཤིང་ཚིམ་པར་གྱུར། །གང་གི་དྲིན་གྱི་བདེ་ཆེན་གནས། །སྐད་ཅིག་ཉིད་ལ་འཆང་བ་གང་། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེས་གདུག་པ་འདུལ་ཕྱིར་དྲག་པོའི་སྐུར། །རྣམ་པ་ཅིར་ཡང་སྟོན་པའི་མཐུ་རྩལ་ཅན། །དཔའ་བོ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །བསྟོད་པ་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཡི་གེ་བརྒྱ་པ་བརྗོད། མ་རྙེད་ཡོངས་སུ་མ་ཤེས་དང་། །སོགས། ལྷག་པ་དང་ནི་ཆད་པ་དང། །སོགས། དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །བཀའ་སྲུང་ཆེན་པོས་གཡེལ་མེད་གྲོགས་བྱེད་ཤོག །ཁྱོད་ཐུགས་གསང་བ་དམ་པའི་མཛོད། །སོགས། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭ་ཧཱ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །སོགས། རྗེ་བཙུན་བླ་མའི་སྐུ་ཚེ་རབས་བརྟན་ཅིང་། །སོགས། དེ་ནས་བསངས་རྫས་ཕུན་སུམ་ཚོགས་བར་བྱས་ལ། མངའ་གསོལ་ནི། ཧཱུཾ། གྲངས་མེད་བསྐལ་པའི་སྔ་རོལ་ནས། །ཡེངས་མེད་ཚོགས་གཉིས་བསགས་པའི་མཐུས། །འབད་མེད་དོན་གཉིས་ལྷུན་གྱིས་གྲུབ། །ཡེ་ཤེས་མངའ་བ་མངའ་གསོལ་ལོ། །བསྟན་འཛིན་དཔོན་སློབ་འཁོར་བཅས་ཀྱི། །མི་ནོར་ལོངས་སྤྱོད་སྲུང་བའི་ཕྱིར། །བྱང་སེམས་དཀོར་བདག་ཚུར་བསྟན་པ། །ཆོས་སྐྱོང་ཆེན་པོ་མངའ་གསོལ་ལོ། །བསྐལ་མང་སྦྱིན་པ་བྱིན་པའི་མཐུས། །ནམ་མཁའ་མཛོད་ལ་མངའ་བརྙེས་པས། །གང་གི་ཁྱེད་ལ་མཆོད་བྱས་ན། །ལོངས་སྤྱོད་འབྱུང་བ་མངའ་གསོལ་ལོ། །རྒྱལ་བ་འཕགས་པའི་སྤྱན་སྔ་རུ། །བསྟན་དགྲ་བསྒྲལ་བ་ཞལ་གྱིས་བཞེས། །དྲག་པོའི་ལས་ལ་དབང་བའི་ཕྱིར། །ཕོ་ཉ་ལས་མཁན་མངའ་གསོལ་ལོ། །སྙིང་རྗེའི་དབང་གི་སེམས་ཅན་སྐྱོང་། །དམ་ཚིག་དབང་གི་བསྟན་པ་སྲུང་། །ཁྱད་པར་བདག་ཅག་དཔོན་སློབ་ཀྱི། །མི་ནོར་སྲུང་ལ་སྡོང་གྲོགས་མཛོད། །

དེ་ནས་ཤིས་པ་བརྗོད་པ་ནི། ཨོཾ་སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གནས། །སོགས། བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡིས། །སོགས། བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སོགས། འབད་དང་སྩོལ་བ་མ་དགོས་པ། སོགས། མཁས་པའི་དབང་པོ་ཞབས་པད་བརྟན། །སོགས། བཀྲ་ཤིས་རྣམ་དཀར་དགེ་ཚོགས་ཅི་མཆིས་པ། །དགྲ་བགེགས་ཚར་གཅོད་དངོས་གྲུབ་ཆར་འབེབ་མཁན། །སྤྲུལ་པའི་དགེ་བསྙེན་ཆེན་པོ་འཁོར་བཅས་ཀྱི། །རྣལ་འབྱོར་བདག་གི་འཕྲིན་ལས་བསྒྲུབ་པ་ཡང་། །ནམ་ཡང་གཡེལ་བ་མེད་པའི་བཀྲ་ཤིས་ཤོག །བཀྲ་ཤིས་དང་བརྟན་བཞུགས་ཅི་རིགས་བྱ། །ཅེས་སྤྲུལ་པའི་ཆོས་རྒྱལ་ཞང་པཎ་གྱི་གཏོར་ཆེན་འཕྲིན་ལས་མྱུར་མགྱོག་དྲག་སྔགས་དམོད་པའི་མཚོན་ཆ་ལས་ཟུར་ཕྱུང་གིས་གཏོར་ཆོག་བྱ་ཚུལ་འདི་ནི་སྔོན་གྱི་བཀའ་རྒྱུད་གོང་མ་རྣམས་ཀྱིས་བསྒྲིགས་པ་ཁ་ཡང་ཙམ་འདུག་པ་དང་། །སྤྲུལ་སྐུ་རིན་པོ་ཆེ་ཤཱཀྱ་ལྷ་དབང་གི་ཞལ་སྔ་ནས་གཏོར་ཡིག་ཆ་ཚང་མཛད་འདུག་པ་རྣམས་ལ་གཞི་བྱས། ཁ་བསྐངས་འོས་པ་དག་གི་ཟུར་བརྒྱན་ཏེ་ངག་འདོན་གྱི་རིམ་པ་ཁྲིག་ཆགས་སུ་བཀོད་པ་འདི་ནི་དགེ་སློང་རྡོ་རྗེ་འཛིན་པ་འཕགས་པ་ཆོས་ཀྱི་རྒྱལ་པོས་ལྕགས་ཕོ་རྟའི་ལོར་བྲིས་པ་ཉིད། ཇི་ལྟར་འདོན་ཚུལ་གསང་ཆེན་རྣལ་གྲོལ་གླིང་གི་ཕྱག་བཞེས་འཁྲུལ་མེད་ཀླག་ཆོག་ཏུ་བསྒྲིགས་པས། ཆབ་མདོ་བྱམས་པ་གླིང་གི་དགོན་གནས་སྡེ་དང་བཅས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག།།

ཨོཾ་སྭ་སྟི། །ཆོས་དབྱིངས་མཁའ་ལ་རྟག་ཏུ་རབས་འཕགས་ཀུན་ལས་འཕགས་པའི་ཐུགས་དང་གསུང་། །མཚན་དཔེའི་གཟི་བརྗིད་ཀུན་ནས་རྒྱས་པ་མཚུངས་པ་མེད་པའི་གཏན་གྱི་སྐྱབས། །ལྷ་དང་ལྷ་མིན་ཡོངས་ཀྱི་མགོན་གྱུར་འཕགས་མཆོག་མིག་མི་འཛུམ་པ་གང་། །མི་ཡིས་གར་རོལ་སྐྱེས་རབས་ཕྲེང་བར་མི་ཕྱེད་དད་པས་མི་གུས་སུ། །མགོན་དེའི་བཞེད་སྲོལ་དྲི་མེད་སྐྱོངས་བའི་སླད། །གཏུམ་དྲག་ཉམས་བརྒྱས་ཕྱུག་པ་གཙུག་ན་དཔལ། །ཕྱི་ནང་གསང་དང་གཉིས་མེད་སྤྲུལ་པའི་ཚོགས། །མཆོད་པའི་ཆོ་ག་རྒྱ་ཆེར་སྤེལ་བ་འདིའི། །རྣམ་དཀར་ཡར་ཟླའི་དཔལ་དང་འགྲོགས་པ་དེས། །ཐུབ་བསྟན་སྣང་བ་ན་དུ་རབ་གསལ་ཞིང་། །བསྟན་འཛིན་སྤྱི་དང་འཕགས་ཆེན་བ་སྲས་ཀྱི། །མཛད་འཕྲིན་སྲིད་པའི་མཐའ་དང་མཉམ་གྱུར་ཅིག །ཆོས་ཀྱི་སྡེ་འདིར་འཆད་ཉན་མཚོ་རྒྱས་པས། །མཁས་གྲུབ་ངང་མོའི་ཚོགས་ཀུན་རབ་འདུས་ཤིང་། །ཆོས་སྲིད་འབྱོར་པའི་རྦ་རླབས་ཆེས་འཁྲུགས་པའི། །གྲགས་སྙན་ནམ་ཡང་ནུབ་པ་མ་གྱུར་ཅིག །རྒྱུ་སྦྱོར་འཁོར་བཅས་སྐྱེ་བའི་ཕྲེང་བར་ཡང་། །བསྟན་སྲུང་ཆེན་པོས་ལུས་དང་གྲིབ་མ་བཞིན། །སྲུང་སྐྱོབས་ལས་བཞིའི་འཕྲིན་ལས་རྟག་སྒྲུབ་པས། །བྱང་ཆུབ་སྤྱོད་པའི་ཕ་མཐར་སོན་གྱུར་ཅིག །མངྒ་ལཾ།། 

གློག་ཀླད་ནང་འཇུག་དང་ཞུ་སྒྲིག་པ་བྱམས་པ་ནོར་རྒྱལ་ལམ་ཞོ་དགུ། ༢༠༢༣/ ༡/ ༤/ ཉིན།

 

 

No comments:

Post a Comment