Tuesday 20 June 2023

ཁྱིམ་པས་གཟན་ཤམ་གྱོན་ཆོག་གམ།

 སྤྱིའི་ཆ་ནས་སྡོམ་པ་དང་མི་ལྡན་པར་གྲྭ་ཆས་གྱོན་པ་ནི་ཐབས་སྐྱོ་པོར་བརྩི་རུང་ནའང་། འོན་ཀྱང་དམ་ཆོས་འདུལ་བ་གཞིར་བཟུང་ནས་དེ་གྱོན་ཆོག་གམ་མི་ཆོག་སྙམ་ན། དམ་ཆོས་འདུལ་བ་གཞིར་བཟུང་ན་མཐའ་གཅིག་ཏུ་མི་ཆོག་ཅེས་བརྗོད་དཀའ་བར་སྙམ་སྟེ། དཔེར་ན། སངས་རྒྱས་ལ་སྐྱེ་རྒུའི་བདག་མོས་ཨུ་ཚུགས་ཀྱིས་རབ་ཏུ་བྱུང་བར་ལམ་གསུམ་གྱི་བར་དུ་གསོལ་བར་བཏབ་པའི་ཚེ་ན། ལན་དང་པོར། སངས་རྒྱས་ཀྱིས་ཁྱིམ་དུ་བཞུགས་ནས་གོས་དཀར་གྱོན་ཏེ་ཚངས་པར་སྤྱོད་ཅིང་སྒོམ་ཉམས་སུ་ལེན་ན་འགྲིགས་པ་ལས་རབ་ཏུ་བྱུང་མི་དགོས་པར་བཀའ་གནང་། དེ་ཡང་མ་ཉན་ནས་ཕྱིས་སུ་ཤཱཀྱའི་བུ་མོ་ལྔ་བརྒྱ་དང་བཅས་པ་སྐྲ་བྲེགས་ཏེ་ལན་གཉིས་པ་གསོལ་བར།

དགེ་སློང་མའི་སྡོམ་པ་མེད་པར་སྐྲ་བྲེགས་གོས་ངུར་སྨྲིག་གྱོན་ཏེ་ཁྱིམ་དུ་བཞུགས་ནས་ཚངས་སྤྱོད་ལ་གནས་ན་འགྲིགས་པར་གསུངས། གསུམ་པས་སྐབས་སུ་ཀུན་དགའ་བོས་རོགས་གནང་སྟེ་སངས་རྒྱས་ལ་ཞུས་ནས་བསྙེན་པ་རྫོགས་གནང་བས། དེས་ན་ཁྱིམ་པ་ཚོས་ཀྱང་རབ་བྱུང་གི་རྟགས་ཆགས་ལུགས་སུ་བྱས་ནས་ཁྱིམ་ན་གནས་ཆོག་པ་གསལ་ཡོད།  

ཡིན་ནའང་སྡོམ་པ་དང་མི་ལྡན་པར་རབ་བྱུང་གི་རྟགས་སུ་གནས་ན་རབ་བྱུང་གི་ཆག་ལུགས་ལ་མ་གུས་པ་དང་།  དགེ་འདུན་གྱི་དཀོར་རམ་དད་ཟས་སོགས་ལ་ལོངས་སུ་སྤྱོད་པའི་སྐྱོན་སོགས་ནི་ཡོད་ཅིང་། དེ་ཡང་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཚངས་པ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཉམས་ཤིང་སྡིག་པ་སྤྱོད་པའི་དགེ་སློང་ལ་ཁྱིམ་པ་ཐམས་ཅད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་པ་དང་། རིམ་གྲོ་བྱའི་རབ་ཏུ་བྱུང་བ་དེ་ལ་ལྕག་དང་དབྱུག་པས་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་དབྲལ་དུ་ངས་མ་གནང་ངོ་། །དེ་དག་ཡོངས་སུ་དག་པའི་དགེ་འདུན་གྱི་ནང་དུ་གསོ་སྦྱིན་བྱ་བ་དང་། ཚུལ་དུ་འཇུག་པ་དང་། ཚུལ་ནས་བྱུང་བའི་ཚེ་བསྐྲད་པ་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་དང་། ལོངས་སྤྱོད་དང་། བཟའ་བ་དང་། བཏུང་བ་དང་། འཚོ་བའི་ཡོ་བྱད་ལ་སོགས་པ་ཐམས་ཅད་ལ་སྤྱོད་དུ་མི་དབང་སྟེ་དགེ་སྦྱོང་གིས་འདུལ་བའི་ལས་བྱེད་པ་ཐམས་ཅད་ཀྱི་ནང་དུ་འོང་དུ་མི་གནང་བར་ཟད་ཀྱི་དེ་ལ་གཞུ་བ་དང་། འཚོག་པ་དང་། འཆིང་བ་དང་། སྲོག་གི་དབང་པོ་ལ་སོགས་པ་དང་དབྲལ་བར་ངས་མ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཙམ་པ་ཀ་ཡི་མེ་ཏོག་རྙིས་གྱུར་ཀྱང་།། མེ་ཏོག་རྣམ་པ་གཞན་པས་ཤིན་ཏུ་ལྷག །དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང་།། མུ་སྟེགས་ཅན་དག་ཐམས་ཅད་ཀུན་བས་མཆོག ། ཅེས་དང་། འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས། ཚུལ་ཁྲིམས་འཆལ་བས་དད་པས་བྱིན་པ་སྤྱད་པ་ནི་ལེགས་པ་མ་ཡིན་པའོ།། ཞེས་སོགས་གསུངས། དེ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་ལས། ཤཱ་རིའི་བུ་ངས་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་པ་ཚུལ་ཁྲིམས་འཆལ་བའི་དགེ་སློང་ནི་གཙུག་ལག་ཁང་གི་གཞི་ལ་གོམ་པ་གཅིག་ཀྱང་འདོར་བར་རྗེས་སུ་མ་གནང་ན་ཆུའི་སྣོད་ལྟ་ཅི་སྨོས། ཁྲིའམ་ཁྲིའུ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཡིན་པའི་ཕྱིར་རོ།། ཞེས་ཚུལ་ཁྲིམས་ཉམས་ཟིན་པས་གཙུག་ཁང་སོགས་ལ་སྤྱད་མི་རུང་བར་གསུངས་པ་ལས་ངུར་སྨྲིག་བགོ་མི་རུང་བའི་ཚུལ་མ་གསུངས་སོ།།  

འདིར་ཤེས་དགོས་པ་ནི་སྨད་གཡོག་སྦུབ་ཅན་སྟོད་དུ་རས་ཡུགས་དམར་པོ་བཀྲིས་པ་དེང་གི་གཟན་ཤམ་ཙམ་ལ་རབ་བྱུང་གི་རྟགས་ཆག་ལུགས་ཞེས་མི་བརྗོད་དེ། དམ་ཆོས་འདུལ་བ་ནས་རབ་བྱུང་གི་རྟགས་ཆག་ལུགས་འཆང་ཞེས་པའི་གང་འཆང་རྒྱུའི་རྟགས་དང་ཆགས་ལུགས་ནི་གཙོ་བོར་དྲས་ཤིང་དྲུབ་ནས་ཚད་ལྡན་དུ་བྱས་པའི་ཆོས་གོས་དེ་ལ་གོ་དགོས། ཤམ་ཐབ་ནི་སྨད་དུ་བགོ་བར་བྱ་བའི་གོས་ཙམ་ལས་རབ་ཏུ་བྱུང་བའི་སྨད་དུ་བགོ་བའི་གོས་ལ་མཐང་གོས་ཞེས་བརྗོད་པ་མ་ཡིན་ནམ། མཐང་གོས་མ་ཡིན་པའི་ཤམ་ཐབ་ཁྱིམ་པས་གོན་ན་མཚོན་མདོག་ཙམ་ལས་དབྱིབས་ཀྱི་ཆ་ནས་མི་རུང་བ་གང་ཡང་མེད་པས། སྡོམ་པ་དང་མི་ལྡན་པ་ཤམ་ཐབ་དང་གཟན་གྱོན་མཁན་དེ་འདྲ་སྔར་ནས་བོད་ཡུལ་ན་ཡོད་མོད་དེ་དག་གིས་དྲས་དྲུབ་ཀྱི་ཆོས་གོས་གྱོན་སྲོལ་མེད།

ཁྱིམ་པ་ཚོས་རབ་བྱུང་མ་ཡིན་པར་དེའི་རྟགས་ཙམ་འཛིན་པ་ལ་ཡང་བརྙེས་པར་མི་བྱ་བར་མདོ་ལས་ཡང་ཡང་གསུངས་ཡོད། དཔེར་ན། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། གང་ཟག་གང་ཞིག་མཚམས་མེད་པའི་ཁ་ན་མ་ཐོ་བ་ཆེན་པོའི་ལས་དང་ཉེ་བ་རྣམ་པ་བཞི་པོ་འདི་ལས་གཅིག་ཙམ་བྱས་ན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སུ་མི་གནང་སྟེ། གལ་ཏེ་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པ་བྱིན་ན་དེའི་སློབ་དཔོན་ཉེས་པ་དང་བཅས་པ་ཡིན་ཏེ་ངའི་བསྟན་པ་ལས་བསྐྲད་པར་བྱའོ། །དེ་ལྟར་གང་ཟག་དེ་རབ་ཏུ་བྱུང་ངམ་བསྙེན་པར་རྫོགས་ན་སྤྱོད་ལམ་དང་ཆ་ལུགས་དང་ལྡན་པས་དེ་ལ་ཡང་ལྕག་དང་། དབྱིག་པས་གཞུ་ཞིང་འཚོག་པ་དང་། གཤེ་བ་དང་། སྤྱོ་བ་དང་། བཙོན་རར་གཞུག་པ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བའི་བར་དུ་བྱེད་དུ་མི་གནང་ངོ་། །ཞེས་རབ་བྱུང་གི་སྤྱོད་ལམ་དང་ཆ་ལུགས་ཙམ་དང་ལྡན་པས་ན་དེ་དག་ལ་ཡང་གཤེ་བ་སོགས་མི་རུང་བར་གསུངས་སོ།།

གཞན་གྱིས་བྲིས་པ་ཞིག་བརྒྱུད་འགོད་བྱས་པས་བོད་བཞུགས་སྙིང་ནས་བཀུར་འོས་ཤིག་ལན་གནང་འདུག་པ་སྔར་ནས་སེམས་ནང་ཡོད་མོད་ལེ་ལོ་སོགས་འཕྲལ་རྐྱེན་མང་པོས་ལུས། ཡིན་ནའང་ཁོང་ལ་གུས་བཀུར་ཙམ་མཚོན་ཆེད་ཕུལ།  དྲང་སྲོང་དཀར་པོས། 2023/6/20/

No comments:

Post a Comment