Thursday 7 March 2013

སྤྲོ་གླུ་རིང་མོ།

ལྷོ་འཛམ་བུའི་གླིང་གི་ཡང་སྟེང་ན།།
གངས་དཀར་པོའི་དབུ་རྩེ་མཐོ་ཞིང་བརྗིད།།
སེང་དཀར་མོའི་གཡུ་རལ་ངོམ་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

བར་རྒྱ་རྫོང་ནགས་མ་མཐུགས་ས་རེད།།
སྟག་དམར་ཡག་འཛུམ་དྲུག་བཀྲ་ས་རེད།།
གཟིག་ཁྲ་ཡག་ཐེག་ལེ་རྒྱས་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།


འབྲུག་སྔོན་མོ་ཐང་ལ་ཉལ་འདྲ་བའི།།
ཆབ་ཆུ་བོའི་བབ་རྒྱུན་རིང་ས་རེད།།
ཉ་གསེར་མིག་གཤོག་རྩལ་རྒྱས་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

རྒན་ཡ་རབ་ལ་གུས་བཀུར་ཆེ་ས་རེད།།
དམན་གྲོགས་ལ་བྱམས་བརྩེས་སྐྱོང་ས་རེད།།
ལས་དགེ་སྡིག་ལ་སྤང་བླངས་བྱེད་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

སྨན་བུ་མོ་སྐྱེ་ལོ་ཡག་ས་རེད།།
མགོ་སྐྲ་ལོ་ལན་བུས་མཛེས་ས་རེད།།
གཟི་བྱུ་རུའི་རྒྱན་ཆ་དར་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།




སྟག་ཤ་ར་དཔལ་རྩལ་རྒོད་ས་རེད།།
བོག་ཁྲ་རིང་གཟི་ཁ་བཙན་ས་རེད།།
གཉེན་ཕུ་ནུའི་ལ་རྒྱ་ཆེ་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

ནོར་གནག་ཕྱུག་ངུར་སྒྲ་འབྱིན་ས་རེད།།
དཀར་འོ་མའི་རྒྱ་མཚོ་བསྐྱིལ་ས་རེད།།
སྨན་འབྲོག་མོའི་གཞོ་གླུ་སྙན་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

ལུག་གཡང་དཀར་འབའ་སྐད་འཚེར་ས་རེད།།
བལ་ཁ་ཆུའི་སྤྲིན་དཀར་འཁྲིགས་ས་རེད།།
ཕྲུག་སྣམ་བུར་དང་འདོད་ཆེ་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

ཕྱུག་བེའུ་ལུག་འཕེལ་ཁ་བརྡོལ་ས་རེད།།
རྟ་མདོ་ལུའི་བང་ཁ་མྱུར་ས་རེད།།
རྩི་མེ་ཏོག་འཇའ་མཚོན་ཤར་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

རོགས་བརྩེ་གླུ་ལེན་ནས་འགྲུས་ས་རེད།།
ལྷད་མེད་པའི་དུང་སེམས་བཅང་ས་རེད།།
མཐའ་མེད་པའི་དགའ་བ་མྱང་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

ཕུ་འབྲོག་པའི་ཚེར་ས་བཟང་ས་རེད།།
མདའ་ཆུ་མའི་འབྲུ་དྲུག་སྨིན་ས་རེད།།
བར་ཞིང་འབྲོག་འཚོ་བ་བཟང་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

རི་མཐོན་པོ་གནམ་ལ་བསྙེགས་ས་རེད།།
ལ་ཆེན་པོའི་ལ་རྩེ་གསོ་ས་རེད།།
རང་ཡབ་མེས་ཀྱི་ཆོས་ལུགས་དར་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

དབྱར་ཁུ་བྱུག་གསུང་སྐད་སྙན་ས་རེད།།
རི་དབུ་རྩེ་དྲང་སོང་བཞུགས་འདྲ་རེད།།
སྐེད་སྨུག་སྤྲིན་ན་གཟའ་མནབས་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱེད་པོ་རེད།།

དགུན་ཕྱི་བས་བསྒྲུབ་ཉལ་རྒྱག་ས་རེད།།
ཡུལ་ཁ་བས་རི་ཀླུང་མཛེས་ས་རེད།།
ཆུ་མ་བབ་འཁྱགས་པས་གདམ་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

སྟོན་གསེར་གྱི་མེ་ཏོག་བཀྲ་ས་རེད།།
འབྲུ་སྙེ་མའི་མགོ་བོ་མཐོ་ས་རེད།།
ཕ་ཚོང་པ་ནས་ཀྱིས་ངོམས་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

དཔྱིད་ས་ཆུ་དྲོད་ཀྱིས་གསོ་ས་རེད།།
ཁྱིམ་སོ་ནམ་ལས་ལ་བྲེལ་ས་རེད།།
ལོ་གསར་པའི་རྟེན་འབྲེལ་ཆེ་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

ལྷ་བླ་མ་ཁྲི་ལ་བཞུགས་ས་རེད།།
འབངས་བུ་སློབ་མཐའ་ནས་བསྐོར་ས་རེད།།
ནང་སེམས་ཉིད་ཞེ་བདེ་འཕེལ་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

དུས་དེང་རབས་དཔལ་ཡོན་ཞན་ས་རེད།།
རྒྱ་དམར་པོས་བཙན་གནོན་ཆེ་ས་རེད།།
བུ་བདེན་པའི་རང་སྲོག་ཤོར་ས་རེད།།
ངའི་ཕ་ཡུལ་ས་ཆ་སྐྱིད་པོ་རེད།།

ྋམགོན་བསྟན་འཛིན་རྒྱལ་མཚོ་ཐུགས་རྗེ་ཅན།།
གསུང་མི་ཟད་རྒྱན་གྱི་འཁོར་ལོ་ཆེ།།
བོད་ཁ་བའི་ཞིང་དུ་བསྐོར་ནས་ནི།།
མ་འགྲོ་དྲུག་བདེ་ལ་འགོད་པར་ཤོག།

No comments:

Post a Comment