Thursday 7 March 2013

སྙན་ངག་ཚན་པ་བཞི།

༡། ༼༸ཞི་བདེའི་སེམས་དཔའ་ཆེན་པོ།༽
གངས་རིའི་ལྗོངས་ཀྱི་སྲིད་པའི་སྒྲོན་མེ་གཟིམས་མེད་འབར་བའི་འོད་དུ་བསྐྲུན།།
ཧི་མ་ལ་ཡི་མེས་པོའི་རྐང་ལམ་ཚན་འཕྲུལ་བསྡོངས་པའི་ཞིང་དུ་གཏད།།
བཅུ་ཕྲག་རིག་པའི་ཞབས་རྗེས་དཀར་པོ་མི་རིགས་སྲོག་གི་ཀློང་དུ་དཔར།།
ཁ་བའི་རེ་བ་སྲོག་ཏུ་བཞག་པའི་ལ་རྒྱའི་མིག་ཟུང་ཁྱེད་ལ་གཅེར།།

རི་ཆུ་ཁྲི་སྟོང་བརྒལ་བའི་ཕང་ན་ཞིག་པའི་ཁྱིམ་གཞི་སླར་ཡང་བཅོས།།
དབུ་མིའི་ལྟ་བ་སྲོག་ཏུ་ཞུགས་པའི་ཀུན་ཁྱབ་སེམས་ཀྱིས་ཁ་ལོ་བསྒྱུར།།
འཚེ་མེད་ཞི་བའི་ཐགས་སུ་བཏགས་པའི་ངུར་སྨྲིག་གླིང་ལྔའི་གཙུག་ཏུ་བཀུར།།
ལྷག་བསམ་དཀར་པོའི་རྒྱང་བཞུད་འཕུར་སྐྱོད་འཛམ་གླིང་སྲིད་པའི་ཁྱོན་ལས་བརྒལ།།


བྱམས་བརྩེའི་སྟོབས་ཀྱིས་གཤོག་ཟུང་མཉེན་མོས་ཟད་མེད་ནམ་མཁའི་མཐའ་ལ་རྒོལ།།
ཚུར་རྒོལ་འཚེ་བའི་གྲང་ལྷག་སྟོང་གིས་ཞུམ་མེད་སྙིང་སྟོབས་ཅི་ཡང་བསྐྲུན།།
འཇིགས་རུང་སྨུག་སྤྲིན་སྟུག་པོའི་ཀློང་ནས་རེ་བའི་མིག་ཞགས་མེ་ལྟར་འབར།།
བདེན་སྟོབས་རླབས་ཀྱིས་འཕུར་རྩལ་ངོམ་པའི་ཁྱེད་ནི་གངས་རིའི་མཁའ་ལྡིང་ཞིག།
༢།པཎ་ཆེན་ཨི་ཏི་ནི་བཅུ་པ།
ལྷུན་ཆགས་འོད་ཀྱི་སྐུ་ཡི་གཟི་བྱིན་ཟླུམ་གཟུགས་གོ་ལའི་རྩེ་ན་འབར།།
མཛད་མེད་བློ་དང་ཉམས་མེད་ཤུགས་ཀྱིས་ཁ་བ་རི་པའི་མགོན་དུ་བརྗིད།།
གངས་རིའི་ངོགས་སུ་བཞག་པའི་མཛད་རྗེས་ལོ་ཟླའི་གཉེར་མའི་བར་ནས་གསལ།།
བདེན་དོན་ལ་རྒྱའི་ཡིག་འབྲུ་ཁྲི་ཡི་གཡུ་འབྲུག་ངར་སྒྲས་ས་གཞི་འདར།།

ངན་དགུའི་དམར་པོའི་ཁྲིམས་ཀྱིས་བཙས་ཀྱང་གཡོ་མེད་བྱམས་བརྩེའི་གད་རྒྱངས་སྒྲོག།།
དུས་ཀྱི་མཐར་ཡང་ཆོས་སྲིད་ཆུ་གཏེར་ཐབས་མཁས་ཐུགས་རྗེས་འཕྲུལ་གྱིས་སྤེལ།།
མི་རིགས་མ་འདྲེས་དཔང་རྟགས་ལོ་རྒྱུས་བོད་རྒྱའི་ཡིག་ཚང་ནང་དུ་བཞག།
ངོ་མཚར་སྙན་གྲགས་ཕྱོགས་ཀུན་བདས་ཤིང་ཐུགས་རྗེའི་འོད་ཀྱི་ཟིལ་མངར་སྤྲོས།།
༣། {ཛ་སག་ཨ་འབྲུག}
རིགས་ཀྱི་མྱུ་གུ་ཤར་དུ་བཞད་ཅིང་དབུས་འགྱུར་ལྷ་ཡི་གྲོང་ན་འཚར།།
ལྷན་སྐྱེས་བློ་ཡི་རྣམ་དཔྱོད་ངོགས་སུ་མི་ཆོས་རིག་པའི་མཚན་མ་བཀྲ།།
སྟོབས་ཀྱིས་དྲེགས་པའི་ཆེ་དགུའི་མདོ་ཁམས་དབང་མེད་ལ་རྒྱའི་བྲན་དུ་བཀོལ།།
ལྕགས་ཚ་གྲུ་བཞི་ཡངས་པའི་ཐང་དུ་དང་བླངས་དམག་གི་ཕྲུ་མ་བཏབ།།

སྙིང་སྟོབས་དགུ་འགྱུར་དཔུང་པ་བརྟན་པོས་ལྕགས་གོང་ཁུ་ཚུར་མཁའ་ལ་བསྒྲེངས་
དམག་བྱུས་རིག་པའི་སོ་ཁ་སྐྱེན་པོས་དཔའ་བོའི་སྙིང་ཁམས་དགྲ་ལ་ངོམ།།
གནམ་ལྕགས་ཐོག་གི་རུ་མཚོན་དྲག་པོས་འཇིགས་རུང་དགྲ་བོ་འཆམ་ལ་ཕབ།།
བསྟན་དགྲ་དྲག་པའི་སྙིང་ཁྲག་དྲོན་མོ་དམ་གཅན་དགྱེས་པའི་སྐྱེམས་སུ་བསྒྱུར།།

འགད་རྫས་འབར་བའི་གཡུལ་སའི་ཁྲོད་ན་འཐབ་རྒོལ་བརྟན་བརླིང་རི་ལྟར་བརྗིད།།
མི་ཡི་མགོན་པོ་མི་ཡུལ་གདན་དྲངས་དད་པའི་ཐལ་མོ་སྙིང་ལ་བཀོད།།
དྲི་མེད་ཞབས་རྗེས་སྲིད་ན་རིང་ཞིང་སྙན་པའི་གྲགས་པ་རླུང་དང་འགྲོགས།།
དཔེན་པའི་མཛད་རྗེས་བོད་ལ་ཆེ་ཡང་རྗེས་དྲན་མེད་པའི་དཔའ་བོ་ཞིག །
༤། {དུས་རབས་ཀྱི་བོད།}
དུས་རབས་ཁྲོད་དུ་ལང་ཚོ་རྫོགས་ཚེ་སྙིང་རྩའི་ཁྲག་གི་འཕར་རྒྱུན་དལ།
ཚན་འཕྲུལ་བསྡོངས་བའི་གཟི་བྱིན་འབར་ཚེ་རང་ཁྱིམ་སྲིད་པའི་གོ་ལ་འདར།།
སྔོན་ཐོན་ལམ་དུ་དྲེགས་པས་བསྐྱོད་ཚེ་བྱམས་བརྩེའི་དབུགས་ཀྱི་རྒྱུ་བ་ལྷོད།།
དེང་རབས་དཔལ་ཡོན་གཙིགས་སུ་འཛིན་ཚེ་མེས་པོའི་གཅེས་ནོར་ཕག་ནས་ཤོར།།

ལྷ་ཆོས་ཁ་ཕོ་མི་ཡུལ་སྒྲོག་ཚེ་རང་རིག་ཐལ་བ་རླུང་གིས་འཁྱེར།།
མཐོན་པོའི་ཁྲི་ལ་ཉམས་ཀྱིས་འགྱིངས་ཚེ་མཐུན་ལམ་ལྕགས་ཀྱི་གོང་བུ་འཐོར།།
རང་ཉིད་བདེ་བའི་མལ་སྟན་བཙལ་ཚེ་མི་ལོ་སུམ་ཅུ་ཡུད་ཀྱིས་ཐལ།།
ཆགས་ལུགས་ཕེ་ཤོན་ལུས་ལ་མཛེས་ཚེ་མེས་པོའི་ཆས་གོས་སྒམ་དུ་རྙིང༌།།

ར་མ་ལུག་གི་སྐད་འཕངས་མཐོ་ཚེ་མི་རིགས་སྲོག་གི་ཀ་བ་ཆག།
ཞི་རྒོལ་སྙན་མོའི་གླུ་སྐད་གྱེར་ཚེ་ཏི་སེ་གངས་ཀྱི་རྩེ་མོ་དམར།།
འཕགས་བོད་ཡུལ་གྲུ་ལ་རྒྱའི་བརྒལ་ཚེ་ཨ་མའི་ངུ་ངག་རྒྱང་ནས་གྲགས།།
ཆ་འཕྲིན་དུས་ཀྱི་མཛའ་མཐུན་གླེང་ཚེ་མིང་སྲིང་ཕུ་ནུའི་མཛའ་བརྩེ་ལྷོད།།

ཕྱི་ལོ། ༢༠༡༡ ལོར་བྲིས།

No comments:

Post a Comment