Thursday 7 March 2013

རྨི་ལམ་ནང་གི་ཡུམ་ཆེན།

རྟ་བདུན་དབང་པོ་ཆུ་ལྷའི་ཕང་བར་ཡིབས།།
འོད་དཀར་ཟེར་གྱིས་ས་འཛིན་མོག་པོར་བྱས།།
དྲན་ཤེས་ཆུ་འཛིན་འཁྲིགས་པའི་སྨག་རུམ་ན།།
གཏི་མུག་གཉིད་ཀྱི་སྒྱུ་མའི་ཞིང་ལ་ཉུལ།།

རབ་རིབ་རྨི་ལམ་གྲོང་གི་ཚོང་འདུས་སུ།།
ཚེ་འདིར་དྲིན་གྱིས་བསྐྱངས་པའི་ཡབ་ཡུམ་དང་།།
མཛའ་བཤེས་སྤུན་ཉེའི་འཛུམ་པའི་བཞིན་རས་དག།
མཇལ་བས་སྐྱོ་གདུང་མིག་ཆུ་སེམས་ལ་བཞུར།།


 དགའ་སྐྱོ་འདྲེས་མའི་ཚོར་འདུ་ཟབ་དང་ལྷན།།
བགྲང་བྱ་བཅུ་ཕྲག་འདས་པའི་ལོ་ཟླའི་ནང་།།
ཡ་མ་ཟུང་གིས་བསྐྱེལ་བའི་བདེ་སྡུག་སོགས།།
ངུ་མ་དགོད་ཀྱི་སྙིང་གཏམ་གླེང་ལ་ཕྱོགས།།


ནག་ཕྱོགས་བཙན་གནོན་མུན་པ་སྟུག་ན་ཡང་།།
གནའ་དེང་ཤེས་ཡོན་སྒྲོན་མེ་སྤར་བྱས་ན།།
གཉིས་སྨན་ཞི་མོལ་སྐྱ་རེངས་བུ་མོ་ཡིས།།
མི་རིང་ཞི་བདེའི་ཉི་བཞོན་བསུ་བར་བསྙད།།

འདུ་ཤེས་མི་གསལ་མི་རིག་མུན་པས་བསྒྲིབས།།
ཚོར་རྟོག་གཉིད་ཀྱིས་མྱོས་པའི་ཐ་མལ་སེམས།།
འཁྲུལ་སྣང་རྨི་ལམ་སྒྱུ་མའི་གྲོང་ཁྱེིར་ནས།།
བག་ཆགས་ལས་ཀྱིས་སྤྲུལ་པའི་གཉེན་བཤེས་མཐོང་།།

དཀའ་སྡུག་ལོ་ཟླ་དུས་ཀྱི་ཕོ་ཉ་ཡིས།།
བྲིས་པའི་རི་མོ་དཔྲལ་བར་བཀོད་བྱས་པའི།།
སྐྱོ་ཉམས་ཨ་མའི་འཛུམ་རིས་མཐོང་བའི་ཚེ།།
ཡ་ཆུང་སྙིང་ལ་མ་བཟོད་གཟེར་ཁ་རེ།།

ལང་ཚོའི་མེ་ཏོག་རྒ་བའི་སད་ཀྱིས་བཅོམ།།
འབྱུང་བཞི་ཉམས་པའི་གཟུགས་གཞི་གོག་གིས་ལང་།།
མི་བརྟན་གོམ་འགྲོས་འཁྱོར་བའི་ཡབ་ཡུམ་དག།
བསམ་ཚེ་སེམས་ལ་བཟོད་དཀའི་སྡུག་བསྔལ་མང་།།

བརྩེ་བའི་འཛུམ་དང་མཛའ་བའི་འབེལ་གཏམ་གྱིས།།
གཅེས་སེམས་འོ་ཆུ་གཅིག་ཏུ་འདྲེས་ནས་སུ།།
འདབ་ལྡན་སྐད་སྙད་ཐོས་འཛིན་བུ་གར་ལྷུང་།།
དེ་ཚེ་ཁྲི་གདུགས་ཤར་རིའི་ཕྲག་ཏུ་འཛུམ།།

ཡིད་འོང་འདབ་གཤོག་མཛེས་པའི་ནགས་མའི་བྱ།།
གང་འདོད་འཕུར་དུ་ཡོད་པས་ཨ་རེ་དགའ།།
ཨེ་མ་ལྷ་བསམ་རྣམ་པར་དཀར་བའི་མཐུས།།
དྲིན་ཆེན་ཡབ་ཡུམ་མྱུར་དུ་མཇལ་བར་སྨོན།།

ཚོགས་གཉིས་དཔལ་རྫོགས་སྟོང་པའི་ཡེ་ཤེས་ཁམས།།
ཟླ་བཞིན་ལང་ཚོ་སྨིན་པའི་འཇོ་སྒེག་སྐུ།།
མཐར་བྱེད་སྟོབས་འཕྲོག་འཕགས་མ་ཡིད་བཞིན་མས།།
ཡབ་ཡུམ་སྲོག་གི་མདུད་བརྒྱ་བརྟན་པར་མཛོད།།

༢༠༠༨ ལོའི་དུས་དེབ་ཟླ་འོད་གཞོན་ནུའི་ནང་བཀོད་པ་ཞིག་ཡིན།

No comments:

Post a Comment