Sunday 18 November 2018

ལོག་པར་འཚོ་བ་ལྔ།

འདི་ལྟར་ལྷོ་འཛམ་བུའི་གླིང་པ་རྣམས་ནི་འཚོ་བ་གཉིས་ལྡན་གྱི་ཕྱིར་ན་རགས་པའི་ཟས་ལ་མི་བརྟེན་པ་མེད་པས་བསྟན་པའི་ལམ་སྲོལ་ལ་ཞུགས་པ་རྣམས་འཚོ་བ་དག་བའི་ཟས་ཀྱི་བྱ་བ་ལ་སྒྱོར་དངོས་རྗེས་གསུམ་འདི་ཙམ་དང་ལྡན་ཡང་དལ་བ་དོན་ལྡན་དུ་འགྱུར་རོ། །འཚོ་བ་ཤིན་ཏུ་མ་དག་ཐབས་ཀྱིས་བརྐུ། །རྙེད་པས་རྙེད་འཚོལ་ཁ་གསག་ཚུལ་འཆོས་དང་། །ཐོབ་ཀྱིས་འཇལ་བའི་ལོག་འཚོ་རྣམ་པ་ལྔས། །དྲང་སྲོང་རྣམས་ཀྱི་བརྟུལ་ཞུགས་སྨ་བབ་འགྱུར། །དེ་ཕྱིར་གནས་མལ་བཟང་དང་འཚོ་བ་བཟང་། །གྲོགས་དང་སྦྱོར་བ་བཟང་པོས་སྙིང་སྟོབས་སློང་། །

དེ་ལ་སྤྱིར་ལོག་པར་འཚོ་བ་ནི་ལང་ཀར་གཤེགས་པ་ལས།བཟོ་ཡི་རིགས་པ་མི་སློབ་བོ། །ཉོ་དང་བཙོང་བར་མི་བྱའོ། །རྒྱལ་པོ་དང་ནི་རྒྱལ་པོའི་བུ། །དེ་བཞིན་བློན་པོ་ཚོང་དཔོན་ལ། །ཟས་ཀྱི་ཕྱིར་ནི་བརྟེན་མི་བྱ། །ཤི་དང་བཙས་པའི་ཁྱིམ་ཟས་དང་། །དགའ་དང་མཛའ་དང་ལྡན་པ་དང་། །དགེ་སློང་དགེ་སློང་མ་དང་འདྲེས། །རྣལ་འབྱོར་ཅན་ལ་དེ་མི་རུང་། །ཞེས་གསུངས་པ་ལྟར། གང་འཚོ་བའི་དོན་དུ་ཉོན་མོངས་པ་དང་བཅས་པའི་སེམས་ཀྱིས་སྦྱོར་བར་བྱེད་ཅིང་དེས་འཚོ་བར་རྟོགས་པ་གང་ཡིན་པ་འདི་ནི་ལོག་པར་འཚོ་བ་ཞེས་བྱའོ། །དེ་བཞིན་རྙེད་པའི་དོན་དུ་ཉོ་ཚོང་བྱས་ནས་འཚོ་བར་བྱེད་པ་དང་། ཆོས་འཆད་པས་འཚོ་བ་དང་། གསོ་བ་བྱེད་པ་དང་། ལྟས་ལ་སོགས་པ་ལེས་པ་དང་། སྔགས་ཀྱི་སྦྱོར་བ་དང་། མཚན་མ་བལྟ་བ་དང་། སྐར་རྩིས་དང་། ལྟས་མཁན་དང་། ཚུལ་འཆོས་དང་། གང་མི་དགེ་བའི་ལས་ཀྱི་འཚོ་བ་དང་། བཟོ་དང་། མངག་གཞུག་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་དང་། འདབ་མ་དང་། སོ་ཤིང་ལ་སོགས་པ་སྟེར་བའི་རྒྱུས་འཚོ་བ་འདི་ནི་ལོག་པར་འཚོ་བ་ཡིན་ནོ་ཞེས་ལོག་པར་འཚོ་བའི་འགྲེལ་པ་ལས་རྒྱ་ཆེར་བསྟན་མོད་དེ། འདིར་དམིགས་པསལ་གྱི་ལོག་པའི་འཚོ་བ་ལྔ་སྟེ། སྟེར་དུ་རེ་བའི་གཞོགས་སློང་གིས་ཁ་སྐད་ངན་པ་གཞན་སྡུན་དུ་འདོན་པའམ། ཟས་གོས་ཡོད་པ་ཕག་ཏུ་སྦས་ནས་གྱི་ནར་སྤྱོད་ཅིང་ཉམ་ཐག་པའི་ཚུལ་གཞན་གྱིས་གོ་བར་བྱས་ནས་རྙེད་ཚད་ཐམས་ད་འཚོ་བ་མ་དག་པ་ཡིན་ཏེ། དེ་ལ་ཐབས་ཀྱིས་བརྐུ་བཞེས་བྱའོ། །རྙེད་པས་རྙེད་པ་འཚོལ་བ་ནི། བཟའ་བཏུང་ཕྲ་མོ་ཙམ་རེ་ཕར་བཏང་ནས་དེས་ཕ་རོལ་པོ་ངོ་མི་ལྡོག་པ་བཅོས་ཏེ། ཕྱི་ནས་ཚུར་རྙེད་པ་མང་པོ་སྡུད་པའོ། །ཁ་གསག་གིས་རྙེད་པ་འཚོལ་བ་ནི། གཞན་དང་གཞན་ངག་གི་དྲུང་དུ། བདག་ཉིད་ཀྱིས་ཐོས་བསམ་སྒོམ་གསུམ་ལ་དཀའ་ཐུབ་བྱས་ཚུལ་དང་། བསོད་ནམས་དང་འདུ་འཛི་ལ་བྲོས་པའི་ལོ་རྒྱུས་དང་། དངོས་བོའམ། བདོག་པའི་ཚོགས་སྤོང་དག་བྱས་པ་སྐད་ངང་། ཉ་དང་རི་དགའ་ལ་སོགས་པ་སེམས་ཅན་གཞན་གྱི་སྲོག་བསྐྱབ་པའམ། མཆོད་སྦྱིན་དང་རྣམ་དཀར་རྒྱ་ཆེན་པོ་བྱ་དེ་པ་ལ་བསྙད་པའི་རྫུན་གྱིས་གཞན་གྱི་མགོ་བསྐོར་ནས་རྙེད་པ་ཐོབ་པའོ། །ཚུལ་བཚོས་ཀྱིས་རྙེད་པ་འཚོལ་བ་ནི། རང་གི་ཆོས་ཉིད་མ་བསྡམས་པ། མ་དུལ་བ། ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ། གཟུ་བར་མི་གནས་པ་ཡིན་བཞིན་དུ་གཞན་གྱི་མདུན་སར་སྤྱོད་ལ་ཞི་བ། ངག་འཇམ་པ། རྣམ་འགྱུར་དེས་པ། སྦྱོར་བ། ལྷོད་པ། དྲང་པོར་སྲོང་པ་བཞིན་དུ་འཆོས་པའམ། ཡང་ན་ཆོས་བརྒྱད་མགོ་སྙོམས་པར་བརྫུས་ནས་སྤྱོད་པ་ཧྲལ་པོ། གཏམ་དྲང་མདོག་ཕྱི་ནང་མེད་པ། ངོ་ལྐོག་ཆུང་བར་ཀུན་སློང་སྐྱོན་ཅན་གྱིས་བཅོས་ནས་གཞན་དག་མགོ་བོ་རྨོངས་པར་བྱས་རྗེས་རྙེད་བསྡུད་པའོ། །ཐོབ་ཀྱིས་འཇལ་བ་ནི། བདག་ལ་ཡོན་བདག་ཆེ་གེ་མོས་ནོར་རམ་རྫས་འདི་ཙམ་ཞིག་བྱིན་ཏེ། བྱིན་པ་དེ་ཡང་བདག་ཉིད་ཚུལ་ཁྲིམ་དང་ལྡན་པ། མང་དུ་ཐོས་པ། རྣལ་འབྱོར་ལ་གོམས་པ། རིགས་དང་། རུས་དང་། ཆོ་འབྲང་གིས་འཕགས་པ། སྤུལ་གཞིས་ཁྱད་དུ་ཆེ་བ། གནས་བརྟན་གྱི་ཡོན་ཏན་དང་ལྡན་པར་མཐོང་ནས་བྱིན་ནོ། །དེ་ལ་བདག་གིས་ཀྱང་། ཁོང་ལ་སེམས་ཉེ་བར་བརྩེ་བས་བླངས་སོ། །ཞེས་དངོས་སུ་བརྗོད་ཅིང་། ཡི་གེའི་ལམ་དུ་འདྲེན་པའམ། ཡང་མི་སྟེར་བཞིན་དུ་ནན་གྱིས་གླང་བ་དང་། བདག་ཡུལ་གཉན་པོ་ལ་འབུལ་ནོད་ཉུངས་སོ་ཞེས་འཁང་བ་དང་། ངས་ཁ་བཏོན་དང་ང་ཟླས་བརྗོད་འདི་ཙམ་བྱས་པས་སོ་ཞེས་ཐོབ་བརྩི་བ་དང་། བཅོམ་ལྡན་འདས་ཀྱིས། སྦྱིན་པ་བོས་ལེགས་པར་བྱིན། ལེན་པ་པོས་ལེགས་པར་བླང་། ཞེས་པ་ལ་ཅང་མི་སེམས་པས་གཞན་གྱིས་བྱིན་པ་ལ་རྗེས་སུ་ཡི་རང་མེད་ཀྱི་སྟེང་དུ། ཅུང་ཟད་ཐོབ་བ་དག་ལའང་ཁྲོ་ཡིན། རྒོལ་གྱིན་རང་གཞན་གྱི་སེམས་བསྲེག་ཅིང་ལོན་པ་ནི་ཐོབ་ཀྱིས་འཇལ་བ་སྟེ། དེ་དག་ནི་ལོག་པའི་འཚོ་བ་དུག་དང་འདྲ་བ། བྲི་མ་དང་བཅས་པ། དན་སོང་གི་རྒྱུ་རྔམ་པོ་ཆེ་ཡིན་པས་ཁྲེལ་ཏེ་ཟོས་པ་ལས་ལྟེགས་ཏེ་ཤི་བའང་རུང་བ་འཇིག་རྟེན་གྱི་གཏམ་རྒྱུད་ལའང་གྲགས་པས་ན་ཡོངས་སུ་སྤངས་ཏེ། ལེགས་པའི་ལམ་བསྟན་བའི་གཏམ་ལས། སྡུག་བསྔལ་བསལ་བའི་དོན་དུ་བསྟེན་བྱེད་ཅིང་། རིགས་པས་རྙེད་ལ་སེམས་ནི་ཆོག་ཤེས་པ། །འཚོ་བ་མིན་པའི་ཉེས་པས་གནོད་མི་འགྱུར། །ཞེས་བསྟན་པ་ལྟར། རྙེད་པའི་བསམ་ནས་སེམས་མ་བཅོམ་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོན་པ་དང་། གཞན་དག་ལ་འདུད་ཅིང་གཅམ་གསག་གིས་བསྒྲུབས་པ་མ་ཡིན་པའི་སློང་མོའི་སྤྱོད་པས་འཚོ་བ་བསྒྲུབ་པ་འདི་ནི་རིགས་པ་ཞེས་བྱ་སྟེ་འཚོ་བ་རྣམ་པར་དག་པའི་མདོ་ལས་རྒྱ་ཆེར་བསྟན་ཅིང་། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། རྙེས་པའི་ཉེས་དམིགས་མཐོང་བས་ཀྱང་ཀྱེ་མའོ། །རྙེད་པའི་སེམས་ལས་བདག་རིང་དུ་གྱུར་པ་ནི་ལེགས་སོ་སྙམ་སྟེ། དེ་ལ་ཡིད་གདུང་བར་མི་བྱེད་དོ། །ཅེས་བསྟན་པ་བཞིན་ནོ།

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བདེན་པ་གཉིས་ཀྱི་ཤིང་རྟ་ལས་དྲངས་པའོ། །
x

No comments:

Post a Comment