Monday 13 April 2020

ཀོ་ནད་བཅུ་དགུ་ཤར་ནས་ནུབ་ཏུ་མཆེད།། (ཆབ་མདོ་ཤེས་རབ།)

ཀོ་ནད་བཅུ་དགུ་ཤར་ནས་ནུབ་ཏུ་མཆེད།།
གསོན་པོའི་མི་རྣམས་ཕྱི་མའི་ཡུལ་དུ་བརྫངས།།
བསགས་པའི་རྒྱུ་ནོར་གད་སྙིགས་ཁྲོད་ན་ལུས།།
བརྩེགས་པའི་ཕ་ཁང་རང་གི་བཙོན་ཁང་གྱུར།།

ཟ་ཁང་མགྲོན་ཁང་སྒོ་ལྕགས་བཙའ་ཡིས་ཟིན།།
གཞུང་ལམ་སྲང་ལམ་རྣམས་སུ་རྒྱུ་འགྲུལ་ཆད།།
སློབ་གླིང་སྤྱི་གླིང་འཇག་མས་ཤུར་གླུ་ལེན།།
གྲོང་དང་གྲོང་ཁྱེར་མི་ཡིས་སྟོངས་སམ་ཅི།།



ལྷག་ལུས་མི་རྣམས་འཆི་བདག་ཁར་ཆུད་བཞིན།།
ལྷག་པར་སྐྲག་ནས་སྨན་འགོག་གཉིས་ལ་སྒུག།
རེ་བའི་མིག་གིས་ཕྱོགས་བཞིར་བལྟས་ན་ཡང་།།
རེ་དོན་མ་འགྲུབ་ལུས་སེམས་ལྷག་པར་གདུང་།།

སྨན་ཁང་རྣམས་ནི་ནད་པས་བྱུར་བུར་གང་།།
སྨན་པ་རྣམས་ནི་ངལ་བས་ཨ་ཐང་ཆད།།
སྨན་ཞབས་མ་རྣམས་རྒྱུག་པས་རྐང་ཆུ་ལུག།
སྨན་དཔྱད་ཡོ་བྱད་ལྟག་ཆད་རྫིང་ལྟར་གྱུར།།

ནད་ཀྱི་རྗེས་སུ་མུག་དང་དམག་འཁྲུག་ཅེས།།
ནད་མེད་རྒས་པོའི་སྡོམ་ཚིག་བདེན་གྱུར་ན།།
ནད་མུག་མཚོན་གྱི་བསྐལ་པས་འཇིག་རྟེན་འདིར།།
ནད་ཅན་ནད་མེད་འགྲོ་ཀུན་འཇིག་ཀྱང་སྲིད།།

འོན་ཀྱང་ལྷ་སྲུང་མཐུ་བོ་ཆེ་རྣམས་དང་།།
ཚན་རྩལ་སྨན་པའི་ཚོགས་ཀྱིས་མ་ཝ་ན།།
སྒེར་གྱི་སེམས་ཁྲལ་ནད་ཀྱི་རྒྱུ་ཙམ་ལས།།
ཕན་ཐོགས་མེད་པས་སེམས་པ་ལྷོད་ལ་ཞོག།

སྤྱི་ཚོགས་རྒྱང་འགྱེད་བཀའ་རྒྱ་ཕབ་པ་ལས།།
ཐམས་ཅད་བསེ་རུ་ལྟ་བུ་གནས་དུས་འདིར།།
ཉིན་མཚན་གཉིས་པོ་ཟ་སྐྱིད་ཆོས་གསུམ་ངང་།།
འདའ་བར་བྱས་ན་རྐྱེན་ངན་གྲོགས་ཤར་ཡིན།།

འབྲུ་སྲན་སྣ་ལྔའི་བཅུད་ལ་རོལ་བཞིན་དུ།།
ལྟད་མོ་ལེ་འུ་དྲུག་པ་ལྟ་བའི་ཞོར།།
དུས་ཚོད་སྐར་མ་བདུན་ཙམ་བེད་སྤྱད་ནས།།
ཚིགས་བཅད་བརྒྱད་འདི་གསོན་པོའི་བརྡ་རུ་བྲིས།།
ཆབ་མདོ་ཤེས་རབ་ཀྱིས་བྲིས། 

No comments:

Post a Comment