Monday 2 October 2017

ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར།

གང་མཚན་བདུད་རྩིའི་ཟེགས་མ་གཅིག་ལྷུང་བས༎

ཚེ་རབས་དུ་མར་རྣ་བར་ཆོས་ཀྱི་སྒྲས།།

འགེངས་པའི་ངོ་མཚར་རིན་ཆེན་རྣམ་གསུམ་ཞེས༎

གྲགས་པའི་དཔལ་དེས་ཀུན་ཏུ་ཤིས་གྱུར་ཅིག།

གང་ཞིག་སྟོན་གྱི་དུས་ན་ཨ་མྲའི་འབྲས༎
ཁ་ཅིག་ནང་མ་སྨིན་ཀྱང་ཕྱི་སྨིན་འདྲ༎
སྣང་བ་དེ་ལྟར་ཆོས་པའི་གཟུགས་བརྙན་བདག།
སེམས་དང་ཆོས་མ་འདྲེས་ཕྱིར་ཆོས་གཏམ་དཀོན༎

དེ་ལྟར་ན་ཡང་དམ་པ་ཁྱོད་ཀྱི་བཀས༎
བསྐུལ་བའི་ནན་མ་ལྡོག་ཕྱིར་དྲང་པོའི་ངག།
སྙིགས་སྤྱོད་ཕལ་བའི་ཚུལ་དང་མི་མཐུན་པར༎
གཡོ་སྒྱུ་མེད་པའི་སེམས་ཀྱིས་གསོལ་འདིར་དགོངས༎
དྲང་སྲོང་ཆེན་པོ་ཐུབ་དབང་ལྷའི་ཡང་ལྷས༎
དྲང་སྲོང་ལམ་ནས་དྲང་པོའི་གོ་འཕང་བརྙེས༎
དྲང་པོའི་ལམ་བཟང་འགྲོ་ལ་དྲང་པོར་སྟོན༎
དེ་སླད་དྲང་སྲོང་ཆེ་ཞེས་གྲགས་མིན་ནམ༎
ཀྱེ་མ་སྙིགས་མའི་དུས་འདིར་འགྲོ་བའི་རྒྱུད༎
དྲང་པོའི་གཞུང་བཟང་ཉམས་ནས་གཡོ་སྒྱུ་སྤྱོད༎
དེ་སླད་འཁྱོག་པོའི་བློ་དང་འཁྱོག་པོའི་ངག།
གྱ་གྱུས་གཞན་སེམས་བསླུ་ལ་སུ་ཡིད་གཏོད།།
ཀྱི་ཧུད་སྙིགས་འགྲོ་མཐོང་ནས་བློ་འདི་རྨོངས༎
ཀྱེ་མ་སུ་ཡི་ངག་ལ་སུ་ཡིད་རྟོན༎
མི་སྲུན་སྲིན་པོའི་གླིང་ན་གནས་འདྲ་འདི༎
དགོངས་ནས་རང་དྲིན་རང་ལ་ཆེ་བར་མཛོད༎
སྔོན་ཡང་རང་སེམས་རྣམ་ཤེས་གཅིག་པུ་ཞིག།
འཁྱམས་ཤིང་ལས་ཀྱིས་བདས་ནས་འདིར་སྐྱེས་ཟིན༎
ད་ཡང་མར་གྱི་དཀྱིལ་ནས་སྤུ་བཏོན་ལྟར༎
ཐམས་ཅད་བཞག་ནས་རང་ཉིད་གཅིག་པུར་འགྲོ།
རང་སེམས་རང་ལ་མི་དཀར་ཐབས་མེད་ཀྱིས༎
རང་བློ་རང་ལ་མི་དྲང་མི་སྲིད་ཀྱིས༎
རང་དོན་སྙིང་པོའི་ལྷ་ཆོས་མ་འགྲུབ་ན༎
རང་སྲིད་རང་གིས་བརླག་པ་མ་ཡིན་ནམ༎
སྙིགས་མའི་སྐྱེས་བོ་བསམ་སྤྱོད་དམན་ཆེས་བས༎
སུས་ཀྱང་རང་ལ་མི་ཕན་གཡོ་སྒྱུ་བསླུ༎
སུ་ལའང་རང་གིས་ཕན་པ་འགྲུབ་དཀའ་བས༎
འདུ་འཛིའི་འབྲེལ་ཐག་བཅད་ན་མི་ལེགས་སམ༎
བཀུར་ཀྱང་གོང་མ་མཉེས་དུས་མི་འོང་གིས༎
སྐྱོང་ཡང་འོག་མ་མགུ་དུས་མི་འོང་གིས༎
བརྩེ་ཡང་ཕར་བསམ་ཚུར་ལ་མི་སེམས་པའི༎
ཚུལ་འདི་དགོངས་ལ་བློ་ཐག་ཆོད་པར་མཛོད༎
མཁས་ཀྱང་བསྟན་དོན་མི་འགྲུབ་རྩོད་པ་འཕེལ་༎
གྲུབ་ཀྱང་གཞན་དོན་མི་འབྱུང་སྒྲོ་སྐུར་མང་༎
མཐོ་ཡང་སྡེ་ཆུས་མི་འོང་ཁེངས་ལོག་ཆེ༎
ད་ལྟའི་དུས་འདི་དགོངས་ལ་སྐྱོ་བར་མཛོད༎
བཤད་ཀྱང་བདེན་དུ་མི་འཛིན་གཞན་དུ་གོ།
ཕན་སེམས་གཏིང་ནས་དཀར་ཀྱང་ལོག་པར་འཛིན༎
འཁྱོག་པོས་དྲང་པོ་འཁྱོག་པོར་མཐོང་དུས་འདིར༎
སུ་ལའང་ཕན་པ་མི་འགྲུབ་རེ་ཐག་ཆོད༎
ཆོས་ཀུན་སྒྱུ་མ་ལྟ་བུར་རྒྱལ་བས་གསུངས༎
ད་ནི་སྒྱུ་མ་ལས་ཀྱང་སྒྱུ་ཆེན་ཏེ༎
གཡོ་སྒྱུའི་སྒྱུ་མ་ཤོམ་པའི་མིག་འཕྲུལ་མཁན༎
སྙིགས་སྤྱོད་སྒྱུ་མ་འདི་ལ་འཇིགས་པར་མཛོད༎
གཏམ་རྣམས་བྲག་ཅ་ལྟ་བུར་རྒྱལ་བས་གསུངས་༎
ད་ནི་བྲག་ཅ་ལས་ཀྱང་ཡང་ཅ་སྟེ༎
ཁ་དང་དོན་དུ་མི་མཚུངས་བྲག་ཅའི་གཏམ༎
སླུ་ཚིག་བྲག་ཅ་འདི་ལ་སུན་པ་སྐྱེད༎
སུ་མཐོང་མི་མ་ལགས་ཏེ་སླུ་བྱེད་མཁན༎
སུས་བཤད་གཏམ་མ་ལགས་ཏེ་བསླུ་བྲིད་ཚིག།
ད་ནི་སུ་ལའང་བློ་གཏད་མི་འདུག་གིས༎
རང་ཉིད་གཅིག་པུ་རང་དགར་གནས་པར་མཛོད༎
ལུས་སྤྱོད་ཆོས་བཞིན་སྤྱོད་ན་ཀུན་དང་འགལ༎
ངག་གཏམ་དྲང་པོར་བཤད་ན་ཕལ་ཆེར་ཁྲོ༎
སེམས་བཟང་གཏིང་ནས་དཀར་ཀྱང་སྐྱོན་དུ་རྩི༎
ད་ནི་རང་ཚུལ་སྦེད་པའི་དུས་ལ་བབ༎
ལུས་སྦས་དབེན་པའི་རི་ལ་གཅིག་པུར་སྡོད༎
ངག་སྦས་སྨྲ་བ་མ་མང་འབྲེལ་ཐག་ཆོད༎
སེམས་སྦས་རང་སྐྱོན་ཁོ་ནར་ཅེར་རེ་ལྟོས༎
སྦས་པའི་རྣལ་འབྱོར་ཟེར་ན་དེ་ལ་ཟེར༎
སུ་ལའང་བློ་གཏད་མི་འདུག་ཞེ་ལོག་གེ།
གང་ལའང་སྙིང་པོ་མི་འདུག་སྐྱོ་ཆད་དེ༎
གང་བསམ་འགྲུབ་དུས་མི་འདུག་རྦད་ཐག་ཆོད༎
འདི་གསུམ་གཏན་དུ་འགྲོགས་ན་ཕན་པར་མཆིས༎
སྐྱིད་དུས་མི་འདུག་སྐྱིད་པོ་ད་ནི་ཟད༎
སྡུག་པོ་མི་འདོད་སྡུག་མཐའ་ཆོས་ཀྱིས་ཆོད༎
སྐྱིད་སྡུག་ཅི་འོང་སྔོན་ལས་བཙན་པོས་ཤེས༎
ད་ནི་སུ་ལའང་མི་རེ་མི་དོགས་སོ༎
མི་ལ་རེ་ཆེ་རེ་ཁ་འཛུམ་མུལ་མུལ༎
རང་ལ་དགོས་མང་དགོས་དགོས་སྒྲུབ་པའི་ཤོམས༎
འདི་བྱ་འདི་བྱེད་ཕྱི་ཚིས་རེ་དོགས་བློ༎
ད་ནི་ཅི་ལ་བབ་ཀྱང་མི་བྱེད་དོ༎
དེ་རིང་ཤི་ཡང་མི་འགྱོད་འཁོར་བའི་ཆོས༎
ལོ་བརྒྱར་བསྡད་ཀྱང་མི་དགའ་ལང་ཚོ་སོང་༎
ད་ནི་ཤི་ཡང་གསོན་ཡང་ཚེ་འདིའི་ཅི༎
ཕྱི་མའི་ཆོས་ཙམ་འགྲུབ་ན་དེ་ག་རང་༎
ཀྱེ་མ་བདག་གི་མགོན་གཅིག་ཐུགས་རྗེའི་གཏེར༎
རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས༎
གསུང་གི་སྙིང་པོ་དམ་ཆོས་ཡི་གེ་དྲུག༎
ད་ནི་རེ་ས་ཁྱེད་ལས་མི་འདུག་གོ།
ཤེས་ཚད་གོ་བར་ལུས་ནས་ད་མ་ཕན༎
བྱས་ཚད་ཚེ་འདིར་ཤོར་ནས་ད་མ་ཕན༎
བསམ་ཚད་འཁྲུལ་པར་སོང་ནས་ད་མ་ཕན༎
ཕན་ངེས་ཡིག་དྲུག་བགྲང་བའི་དུས་ལ་བབ༎
མི་བསླུ་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམ༎
དཀོན་མཆོག་ཀུན་འདུས་ངོ་བོ་སྤྱན་རས་གཟིགས༎
ཁྱེད་ཤེས་བློ་གཏད་གཅིག་ལས་མི་འགྱུར་བའི༎
ངེས་ཤེས་བློ་ཐག་ཆོད་ལ་ཡིག་དྲུག་སྒྲོངས༎
ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས༎
སེམས་མཆོག་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ༎
ལམ་བཟང་བྱང་ཆུབ་སེམས་དང་མི་འབྲལ་ཞིང་༎
འགྲོ་ལ་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོངས༎
ཐོག་མེད་འཁོར་བར་འཁྱམས་ནས་ད་ཕན་ཆད༎
ཅི་བྱེད་སྡིག་ཏུ་སོང་ནས་སྲིད་པར་འཁྱམས༎
སྡིག་ལྟུང་སྙིང་ནས་མཐོལ་ཞིང་བཤགས་སེམས་ཀྱིས༎
སྟོབས་བཞི་ཚང་བའི་ངང་ནས་ཡིག་དྲུག་སྒྲོངས་༎
བདག་འཛིན་ཞེན་པའི་བློ་འདི་སྲིད་པའི་རྒྱུ༎
དེ་སླད་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས༎
ཡར་མཆོད་མར་སྦྱིན་འཁོར་འདས་ཀུན་ལ་བསྔོ༎
གཅེས་འཛིན་རྒྱངས་ཀྱིས་སྐྱུར་ལ་ཡིག་དྲུག་སྒྲོངས༎
སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རྗེ༎
སྐུ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན༎
བླ་མ་སྤྱན་རས་གཟིགས་དང་དབྱེར་མེད་དུ༎
དད་པའི་གདུང་ཤུགས་སྐྱེད་ལ་ཡིག་དྲུག་སྒྲོངས་༎
སྒྲིབ་བྱང་ལམ་སྒོམ་སྐུ་བཞི་མངོན་དུ་བྱེད༎
དབང་བཞི་བདག་ཉིད་བླ་མ་སྤྱན་རས་གཟིགས༎
རང་སེམས་བླ་མར་ཤེས་ན་དབང་བཞི་རྫོགས༎
རང་དབང་རང་ཐོབ་ངང་ནས་ཡིག་དྲུག་སྒྲོངས༎
འཁོར་བ་རང་སྣང་ཙམ་སྟེ་ལོགས་ན་མེད༎
སྣང་སྲིད་ལྷ་རུ་ཤེས་ན་གཞན་དོན་རྫོགས༎
དག་སྣང་དབང་བཞི་འགྲོ་ལ་དུས་གཅིག་བསྐུར༎
འཁོར་བ་དོང་སྤྲུགས་ངང་ནས་ཡིག་དྲུག་སྒྲོངས༎
བསྐྱེད་རིམ་རྣམ་གྲངས་མང་མང་བློས་མི་འཁྱུད༎
བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་༎
གང་སྣང་སྣང་བ་ཐུགས་རྗེ་ཆེན་པོའི་སྐུ༎
སྣང་སྟོང་ལྷ་སྐུའི་ངང་ནས་ཡིག་དྲུག་སྒྲོངས༎
བཟླས་བརྗོད་བསྙེན་སྒྲུབ་ལས་སྔགསསྤྲོས་པ་ཙམ༎
ཆིག་ཆོད་ཡི་གེ་དྲུག་པ་ཆོས་ཀྱི་སྒྲ༎
སྒྲ་གྲགས་འཕགས་པའི་གསུང་དང་འདུ་འབྲལ་མེད༎
གྲགས་སྟོང་སྔགས་སུ་ཤེས་པས་ཡིག་དྲུག་སྒྲོངས༎
སྒྲིབ་གཉིས་རྣམ་རྟོག་ཞི་ན་ཉམས་རྟོགས་རྒྱས༎
རང་སྣང་དབང་དུ་འདུས་ན་དགྲ་བགེགས་ཐུལ༎
མཆོག་ཐུན་ཚེ་འདིར་སྩོལ་མཛདསྤྱན་རས་གཟིགས༎
ལས་བཞི་ལྷུན་གྲུབ་ངང་ནས་ཡིག་དྲུག་སྒྲོངས༎
གང་ཤར་གཏོར་མ་ཤར་གྲོལ་མགྲོན་ལ་བསྔོས༎
སྣང་སྟོང་སཱཙཚ་གང་སྣང་ས་ལ་འདེབས༎
གཉིས་མེད་ལྷ་ཕྱག་སེམས་ཉིད་མགོན་ལ་འཚལ༎
ཆོས་སྤྱོད་ཡོངས་རྫོགས་ངང་ནས་ཡིག་དྲུག་སྒྲོངས༎
ཞེ་སྡང་དགྲ་བོ་བྱམས་པའི་མཚོན་གྱིས་ཐུལ༎
རིགས་དྲུག་གཉེན་འཁོར་སྙིང་རྗེའི་ཐབས་ཀྱིས་སྐྱོངས༎
དད་པའི་ཞིང་ལ་ཉམས་རྟོགས་ལོ་ཏོག་རྨོས༎
ཚེ་འདིས་ལས་རྫོགས་ངང་ནས་ཡིག་དྲུག་སྒྲོངས༎
བདེན་ཞེན་རོ་རྒན་ཞེན་མེད་མེ་ལ་སྲེགས༎
འདིར་སྣང་བདུན་ཚིགས་སྙིང་པོའི་ཆོས་ཀྱིས་དེད༎
ཚོགས་བསགས་རོ་བརྒྱགས་ཚེ་རབས་གསུར་དུ་བསྔོས༎
གཤིན་པོའི་དགེ་རྫོགས་ངང་ནས་ཡིག་དྲུག་སྒྲོངས༎
དད་པའི་བུ་ཚ་ཉམས་ལེན་ཆོས་སྒོར་ཚུད།།
འདིར་སྣང་ཁྱིམ་དུ་ཞེན་ལོག་བུ་ཐང་ཞོག།།
སྙིང་རྗེའི་བུ་མོ་ཁམས་གསུམ་མག་པར་བྱིན།།
གསོན་པོའི་ཆུས་རྫོགས་ངང་ནས་ཡིག་དྲུག་སྒྲོངས།།
སྣང་ཚད་འཁྲུལ་པ་ལགས་ཏེ་བདེན་པར་མེད།།
འཁོར་འདས་རྣམ་རྟོག་ཙམ་སྟེ་ལོགས་ན་མེད།།
རྣམ་རྟོག་ཤར་གྲོལ་ཤེས་ནས་ས་ལམ་རྫོགས།།
གྲོལ་ལུགས་གནད་ཀྱི་ངང་ནས་ཡིག་དྲུག་སྒྲོངས།།
རང་སེམས་རིག་སྟོང་གཉིས་མེད་ཆོས་སྐུའི་ངང་།།
མ་བཅོས་གཉུག་མར་བཞག་ན་རང་གསལ་འཆར།།
བྱར་མེད་ཆིག་ཆོད་ངང་དུ་བྱས་ཆོས་ཟིན།།
རིག་སྟོང་རྗེན་པར་ཞོག་ལ་ཡིག་དྲུག་སྒྲོངས།།
གནས་པའི་སྟེང་ནས་འགྱུ་བའི་རྗེས་མཐུད་ཆོད།།
འགྱུ་བའི་ངང་ནས་གནས་པའི་རང་ངོ་ལྟོས།།
གནས་འགྱུ་གཉིས་མེད་ཐ་མལ་ཤེས་པ་སྐྱོངས།།
རྩེ་གཅིག་ཉམས་ཀྱི་ངང་ནས་ཡིག་དྲུག་སྒྲོངས།།
ཀུན་རྫོབ་བརྟགས་ནས་དོན་དམ་གཏན་ལ་ཕོབ།།
དོན་དམ་ངང་ནས་ཀུན་རྫོབ་འཆར་ཚུལ་ལྟོས།།
བདེན་གཉིས་དབྱེར་མེད་བློ་བྲལ་གཉུག་མའི་གཤིས།།
སྤྲོས་བྲལ་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས།།
སྣང་བའི་སྟེང་དུ་སེམས་ཀྱི་ཞེན་པ་ཆོད།།
སེམས་ཀྱི་སྟེང་དུ་སྣང་བའི་རྫུན་ཕུག་རྡིབ།།
སྣང་སེམས་གཉིས་མེད་རྒྱ་གྲོལ་ཕྱལ་པ་ཆེ།།
རོ་གཅིག་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས།།
སེམས་ཀྱི་རང་བཞིན་རིག་སྟོང་གཉུག་མར་གྲོལ།།
རིག་པའི་རང་རྩལ་སེམས་རྟོག་རང་སར་དག།
སེམས་རིག་གཉིས་མེད་ཐིག་ལེ་གཅིག་གི་རང་།།
བསྒོམ་མེད་ཆོས་སྐུའི་ངང་ནས་ཡིག་དྲུག་སྒྲོངས།།
གཟུགས་སྣང་ལྷ་རུ་ཤེས་ན་བསྐྱེད་རིམ་གནད།།
མཛེས་དང་མི་མཛེས་སྣང་ཞེན་རང་སར་གྲོལ།།
ཞེན་མེད་སེམས་ཀྱི་སྣང་ཆ་འཕགས་པའི་སྐུ།།
མཐོང་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
སྒྲ་སྣང་སྔགས་སུ་ཤེས་ན་བཟླས་བརྗོད་གནད།།
སྙན་དང་མི་སྙན་སྣང་ཞེན་རང་སར་གྲོལ།།
ཞེན་མེད་འཁོར་འདས་རང་སྒྲ་ཡིག་དྲུག་གསུང་།།
ཐོས་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
དྲི་སྣང་སྐྱེ་མེད་ཤེས་ན་རྫོགས་རིམ་གནད།།
ཞིམ་དང་མི་ཞིམ་ཞེན་སྣང་རང་སར་གྲོལ།།
ཞེན་མེད་དྲི་སྣང་འཕགས་པའི་ཚུལ་ཁྲིམས་དང་།།
དྲི་སྣངརང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
རོ་སྣང་ཚོགས་སུ་ཤེས་ན་མཆོད་པའི་གནད།།
བཅུད་དང་མི་བཅུད་ཞེན་སྣངརང་སར་གྲོལ།།
ཞེན་མེད་བཟའ་བཏུང་འཕགས་པ་དགྱེས་པའི་རྫས།།
རོ་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
རེག་སྣང་མཉམ་ཉིད་ཤེས་ན་རོ་སྙོམས་གནད།།
འགྲང་ལྟོག་ཚ་གྲང་སྣང་བ་རང་སར་གྲོལ།།
ཞེན་མེད་ཕྱི་སྣང་རེག་བྱ་ལྷའི་ཕྲིན་ལས།།
རེག་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
ཆོས་ཀུན་སྟོང་པར་ཤེས་ན་ལྟ་བའི་གནད།།
བདེན་རྫུན་བློ་ཡི་འཛིན་སྟོང་རང་སར་གྲོལ།།
ཞེན་མེད་སྣང་སྲིད་འཁོར་འདས་ཆོས་སྐུའི་ངང་།།
རྟོག་ཚོགས་རང་གྲོལ་ངང་ནསཡིག་དྲུག་སྒྲོངས།།
ཞེ་སྡང་ཡུལ་རྗེས་མ་འབྲེང་ཁྲོ་བློ་ལྟོས།།
ཁྲོ་སྣང་རང་ཤར་རང་གྲོལ་གསལ་སྟོང་ངང་།།
གསལ་སྟོང་མེ་ལོངཡེ་ཤེས་ལོགས་ན་མེད།།
ཞེ་སྡང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
ང་རྒྱལ་ཡུལ་རྗེས་མ་འཛིན་འཛིན་བློ་ལྟོས།།
།མཆོག་འཛིན་རང་ཤར་རང་གྲོལ་ཡེ་སྟོང་ངང་།།
ཡེ་སྟོང་མཉམ་ཉིད་ཡེ་ཤེས་ལོགས་ན་མེད།།
ང་རྒྱལ་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
འདོད་ཆགས་ཡུལ་རྗེས་མ་ཞེན་ཞེན་བློ་ལྟོས།།
ཞེན་སྣང་རང་ཤར་རང་གྲོལ་བདེ་སྟོང་ངང་།།
བདེ་སྟོང་སོར་རྟོག་ཡེ་ཤེས་ལོགས་ན་མེད།།
འདོད་ཆགས་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
ཕྲག་དོག་ཡུལ་རྗེས་མ་འབྲང་དཔྱོད་བློ་ལྟོས།།
རྟོག་དཔྱོད་རང་ཤར་རང་གྲོལ་བློ་སྟོང་ངང་།།
བློ་སྟོང་བྱ་གྲུབ་ཡེ་ཤེས་ལོགས་ན་མེད།།
ཕྲག་དོག་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
གཏི་མུག་ཡུལ་ལ་མ་རློམ་རང་ངོ་ལྟོས།།
རྟོག་ཚོགས་རང་ཤར་རང་གྲོལ་རིག་སྟོང་ངང་།།
རིག་སྟོང་ཆོས་དབྱིངས་ཡེ་ཤེས་ལོགས་ན་མེད།།
གཏི་མུག་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།
གཟུགས་ཕུང་ཡེ་སྟོང་སྐྱེ་མེད་ནམ་མཁའི་ངང་།།
སྟོང་ཉིད་རིག་པའི་ཐིག་ལེ་སྤྱན་རས་གཟིགས།།
འཕགས་པ་ནམ་མཁའི་རྒྱལ་པོ་ལོགས་ན་མེད།།
སྟོང་ཉིད་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས།།
ཚོར་བ་ཡུལ་སེམས་གཉིས་སྦྲེལ་འཆིང་བའི་ཞགས།།
མཉམ་ཉིད་གཉིས་མེད་རྟོགས་ན་སྤྱན་རས་གཟིགས།།
འཕགས་པ་དོན་ཡོད་ཞགས་པ་ལོགས་ན་མེད།།
རོ་མཉམ་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས།།
འདུ་ཤེས་མཚན་མར་འཛིན་པ་འཁྲུལ་པའི་བློ༎
འགྲོ་ཀུན་སྙིང་རྗེས་འཛིན་ན་སྤྱན་རས་གཟིགས༎
འཕགས་མཆོག་འཁོར་བ་དོང་སྤྲུགས་ལོགས་ན་མེད༎
དམིགས་མེད་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོངས༎
འདུ་བྱེད་འཁོར་བའི་ལས་ཀྱིས་རིགས་དྲུག་འཁོར༎
སྲིད་ཞི་མཉམ་ཉིད་རྟོགས་ན་སྤྱན་རས་གཟིགས༎
འགྲོ་འདུལ་ཐུགས་རྗེ་ཆེན་པོ་ལོགས་ན་མེད༎
གཞན་ཕན་རོ་གཅིག་ངང་ནས་ཡིག་དྲུག་སྒྲོངས༎
རྣམ་ཤེས་སེམས་ཀྱི་རང་བཞིན་ཚོགས་བརྒྱད་ཆ༎
སེམས་ཉིད་ཆོས་སྐུར་རྟོགས་ན་སྤྱན་རས་གཟིགས༎
འཕགས་མཆོག་རྒྱལ་བ་རྒྱ་མཚོ་ལོགས་ན་མེད༎
རང་སེམས་སངས་རྒྱས་ཤེས་པས་ཡིག་དྲུག་སྒྲོངས༎
ལུས་སྣང་གདོས་བཅས་འཛིན་པ་འཆིང་བའི་རྒྱུ༎
སྣང་སྟོང་ལྷ་རུ་ཤེས་ན་སྤྱན་རས་གཟིགས༎
འཕགས་མཆོག་ཁ་སར་པ་ཎི་ལོགས་ན་མེད༎
སྣང་སྟོང་ལྷ་སྐུའི་ངང་ནས་ཡིག་དྲུག་སྒྲོངས༎
ངག་སྣང་བརྗོད་པའི་སྒྲ་རྟོགས་འཁྲུལ་པའི་རྒྱུ༎
གྲགས་སྟོང་སྔགས་སུ་ཤེས་ན་སྤྱན་རས་གཟིགས༎
འཕགས་མཆོག་སེང་གེ་སྒྲ་ཞེས་ལོགས་ན་མེད༎
སྒྲ་གྲགས་སྔགས་སུ་ཤེས་པས་ཡིག་དྲུག་སྒྲོངས༎
སེམས་སྣང་བདེན་ཞེན་འཁྲུལ་པ་འཁོར་བའི་རྒྱུ༎
རྟོག་བྲལ་གཤིས་ལ་བཞག་ན་སྤྱན་རས་གཟིགས༎
འཕགས་མཆོག་སེམས་ཉིད་ངལ་བསོ་ལོགས་ན་མེད༎
སེམས་ཉིད་ཆོས་སྐུའི་ངང་ནས་ཡིག་དྲུག་སྒྲོངས༎
སྣང་སྲིད་ཡེ་ནས་དག་པ་ཆོས་སྐུའི་ངང་༎
ཆོས་སྐུའི་རང་ཞལ་མཇལ་ན་སྤྱན་རས་གཟིགས༎
འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལོགས་ན་མེད༎
དག་པ་རབ་འབྱམས་ངང་ནས་ཡིག་དྲུག་སྒྲོངས༎
ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས༎
སྔགས་གཅིག་སྙིང་པོ་ཀུན་འདུས་ཡི་གེ་དྲུག།
ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས༎
གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་སྒྲོངས༎
བྱས་པས་ཅི་བྱ་བྱ་བྱེད་འཁོར་བའི་རྒྱུ༎
བྱས་ཚད་སྙིང་པོ་མེད་པའི་ཚུལ་ལ་ལྟོས༎
ད་ནི་བྱར་མེད་ངང་ལ་བཞག་ན་དགའ༎
བྱ་བྱེད་ཅམས་སེ་ཞོག་ལ་ཡིག་དྲུག་སྒྲོངས།།
སྨྲ་པས་ཅི་བྱ་སྨྲས་ཚད་བྲེ་མོའི་གཏམ༎
འབྲེལ་མེད་རྣམ་གཡེང་སྐྱེད་པའི་ཚུལ་ལ་ལྟོས༎
ད་ནི་བརྗོད་མེད་ངང་ནས་གནས་ན་དགའ༎
སྨྲ་བརྗོད་རྦད་ཀྱིས་ཆོད་ལ་ཡིག་དྲུག་སྒྲོངས༎
སོང་བས་ཅི་བྱ་འགྲོ་འདུག་ངལ་བའི་རྒྱུ༎
འཁྱམས་ཤིང་ཆོས་ལས་རིང་བའི་ཚུལ་ལ་ལྟོས༎
ད་ནི་གཅིག་ཏུ་སེམས་བག་ཕབ་ན་དགའ༎
བག་ཕེབ་ལྷོད་ཀྱིས་སྡོད་ལ་ཡིག་དྲུག་སྒྲོངས༎
ཟོས་པས་ཅི་བྱ་ཟོས་ཚད་མི་གཙང་རྒྱ༎
ཟ་འདོད་ཚིམ་པ་མེད་པའི་ཚུལ་ལ་ལྟོས༎
ད་ནི་ཏིང་འཛིན་ཟས་སུ་ཟོས་ན་དགའ༎
བཟའ་བཏུང་བྱེད་འཕྲོ་བོར་ལ་ཡིག་དྲུག་སྒྲོངས༎
བསམ་པས་ཅི་བྱ་བསམ་ཚད་འཁྲུལ་པའི་རྒྱུ༎
བསམ་དོན་ཐོག་ཏུ་མི་ཁེལ་ཚུལ་ལ་ལྟོས༎
ད་ནི་ཚེ་འདིའི་བློ་སྣ་བསྟུངས་ན་དགའ༎
བློ་ཐག་རྦད་ཀྱིས་ཆོད་ལ་ཡིག་དྲུག་སྒྲོངས༎
འབྱོར་པས་ཅི་བྱ་ལོངས་སྤྱོད་ཞེན་པའི་བློ༎
བསགས་ཚད་ཤུལ་དུ་ལུས་པའི་ཚུལ་ལ་ལྟོས༎
ད་ནི་བདག་འཛིན་ཞེན་པ་བཅད་ན་དགའ༎
གསོག་འཇོག་རྩོལ་སྒྲུབ་བོར་ལ་ཡིག་དྲུག་སྒྲོངས༎
ཉལ་བས་ཅི་བྱ་གཉིད་ཚད་གཏི་མུག་ངང་༎
སོས་དལ་མི་ཚེ་འཛད་པའི་ཚུལ་ལ་ལྟོས༎
ད་ནི་སྙིང་ནས་བརྩོན་འགྲུས་བསྐྱེད་ན་དགའ༎
ཉིན་མཚན་རྣམ་དཡེང་སྤངས་ནས་ཡིག་དྲུག་སྒྲོངས༎
ལོང་མེད་ལོང་མེད་སྡོད་པའི་ལོང་མི་འདུག།
འཆི་བདག་གློ་བུར་སླེབ་ན་ཅི་ཞིག་བྱ༎
ད་ནི་འཕྲལ་ལ་ལྷ་ཆོས་འགྲུབ་ན་དགའ༎
ད་ལྟ་ལ་འུར་ཉིད་དུ་ཡིག་དྲུག་སྒྲོངས༎
ལོ་དང་ཟླ་གྲངས་ཞག་གི་རྩིས་ཀྱིས་ཅི༎
ད་ལྟ་སྐད་ཅིག་འགྱུར་བའི་ཚུལ་ལ་ལྟོས༎
སྐད་ཅིག་རེ་རེར་སོང་བཞིན་འཆི་ལ་ཉེ༎
ད་ལྟ་ད་ལྟ་ཉིད་ནས་ཡིག་དྲུག་སྒྲོངས༎
ཚེ་ནི་ཉི་མ་བཞིན་དུ་ཕར་ཕར་འགྲོ༎
འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་༎
ད་ནི་ཚེ་ལྷག་ཉི་རྒས་གྲིབ་སོ་ཙམ༎
སྡོད་པའི་ལོང་ཁོམ་མི་འདུག་ཡིག་དྲུག་སྒྲོངས༎
ཆོས་སུ་ཡི་གེ་དྲུག་པ་བཟང་མོད་དེ༎
ཁ་ཡེངས་མིག་ཡེངས་བཟླས་པས་འབྲས་མི་འབྱིན༎
ངག་བཟླས་གྲངས་ལ་ཞེན་པ་ཨ་འཐས་བློ༎
རྩེ་གཅིག་སེམས་ལ་ལྟོས་ལ་ཡིག་དྲུག་སྒྲོངས༎
ཡང་དང་ཡང་དུ་རང་གི་སེམས་བརྟགས་ན༎
ཅི་ལྟར་བྱས་ཀྱང་ཡང་དག་ལམ་ལ་འགྲོ༎
གདམས་པའི་གནད་བརྒྱ་འདུས་པ་འདི་ཁོ་ན།།
གནད་དོན་གཅིག་ལ་སྒྲིལ་ལ་ཡིག་དྲུག་སྒྲོངས༎
དང་པོར་སྙིགས་མའི་སྤྱོད་ལ་སྐྱོ་བའི་གཏམ༎
གཏམ་འདི་རང་གིས་རང་ལ་གདམས་པ་སྟེ༎
རང་བློ་གཏིང་ནས་འགྱུར་བའི་སྨྲེ་སྔགས་ཚིག།
ཁྱེད་ལའང་འདྲའམ་སྙམ་ནས་ཕུལ་བ་ལགས༎
མི་འདྲ་ལྟ་སྒོམ་མཐོན་པོའི་གདེངས་ཚད་དང་༎
ལུགས་གཉིས་བྱ་བཞག་འགྲུབ་པའི་རྣམ་དཔྱོད་བློ༎
རང་གཞན་བློ་གཏད་ཕེར་བའི་འདུན་གྲོས་ཤོམས༎
ཁྱེད་ལ་ཡོད་པར་གྱུར་ན་མཐོལ་ལོ་བཤགས༎
བར་དུ་ལྟ་སྒོམ་གཏན་ལ་འབེབས་པའི་གཏམ༎
རྟོགས་པའི་ཉམས་མྱོང་བདག་ལ་མེད་མོད་ཀྱང་༎
ཀུན་མཁྱེན་ཡབ་སྲས་བརྒྱུད་པ་རིན་པོ་ཆེའི༎
གསུང་གིས་བསྐྱངསཔའི་གོ་ཡུལ་བཤད་པ་ལགས༎
ཐ་མ་ངེས་འབྱུང་ཆོས་ལ་སྐུལ་བའི་གཏམ༎
གཏམ་འདི་བརྗོད་དོན་མེད་ཀྱང་ཤུགས་ཀྱིས་ཐལ༎
འོན་ཀྱང་སྲས་བཅས་རྒྱལ་བའི་བཞེད་གཞུང་དང་༎
མི་འགལ་ཉམས་སུ་བླངས་ན་སྐུ་དྲིན་ཆེ༎
དེ་ལྟར་ཐོག་མཐའ་བར་དུ་དགེ་བའི་གཏམ༎
བྲག་དཀར་རྩེ་རྒྱལ་གྲུབ་པའི་བྲག་ཕུག་ཏུ༎
སྔར་འདྲིས་གྲོགས་ཀྱིས་བསྐུལ་བ་མ་བཟོད་ནས༎
དུག་ལྔ་མེ་འབར་ཨ་བུ་ཧྲལ་པོས་བྲིས༎
ཁ་བཤད་རྐྱང་པར་སོང་ཡང་ཅི་ཆ་སྟེ༎
དོན་བཟང་འཁྲུལ་པ་མེད་པའི་དགེ་ཚོགས་རྒྱུན༎
ཁྱེད་དང་བདག་བཅས་ཁམས་གསུམ་འགྲོ་བ་ཀུན༎
ཆོས་མཐུན་བསམ་པ་འགྲུབ་པའི་རྒྱུ་རུ་བསྔོ༎ ༎དགེའོ༎ ༎


No comments:

Post a Comment