Saturday 28 January 2017

བསྐྱེད་རིམ་གྱི་སྐབས་ཀྱི་གཟེར་བཞི་ནི།

དང་པོ་ཏིང་འཛིན་ལྷའི་གཟེར། སྐྱེ་གནས་བཞི་གང་རུང་གི་བག་ཆགས་སྦྱོང་བ་དང་འབྲེལ་བར་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷ་དང་ལྷ་མོ་རང་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་ཏེ་སྣང་ཆ་ནས་དབུས་ཀྱི་གཙོ་བོ་ནས་མཐའི་མེ་རིའི་བར་ཐམས་ཅད་སོ་སོར་མ་འདྲེས་པར་ན་བཟའི་རི་མོ་ཡན་ཆད་ཡོངས་སུ་རྫོགས་པར་གསལ་ཡང་སྣང༷་དུ༷ས་དེ་ཉིད༷་ན༷ས་ར༷ང་བཞི༷ན་གྱིས་མ༷་གྲུ༷བ་པ༵འི་ཟུང་འཇུག་ཆེན་པོར་ལམ་གྱིས་གསལ་བཏབ་ལ། ཡེ་ཤེས་ལྔས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱིས་རྒྱས་གདབ་པ་སོགས་ཡན་ལག་ཚང་བར་བྱེད་པ་ཡིན་ཏེ། དེ་ཡང་ཞི་བ་ཡིན་ན་ཚུལ་དགུ་དང་། ཁྲོ་བོ་ཡིན་ན་གར་གྱི་ཉམས་དགུ་དང་ལྡན་པ་སྟེ། ཞི་ཚུལ་དགུ་ནི།
སྐུ་དང་ཞལ་ཕྱག་སོགས་གྱོང་ཁེངས་ཀྱི་རྣམ་པ་ཤིང་ལ་སོགས་པ་ལྟ་བུ་མ་ཡིན་པས་མཉེན་པ༑ ཕྲ་སྦོམ་སོགས་རིམ་པར་སྐབས་ཕྱེད་པས་ལྕུག་པ། སྐུ་ཤ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་པ། ཚིགས་མཚམས་སོགས་འཕྲུལ་ལྡེམ་དང་ལྡན་པས་ལྡེམ་པ། སྐུ་ཤ་རྒྱས་ཤིང་པགས་པ་སྲབ་པས་གཞོན་ཚུལ་ཅན། ཁ་དོག་མ་འདྲེས་པས་གསལ་བས་གསལ་བ། དེ་དག་ཀྱང་མུ་མེད་པའི་འོད་ཟེར་འཕྲོ་བ་དང་ལྡན་པས་འཚེར་བ། སྐུ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པའི་བརྗིད་བག་གིས་མཛེས་པས་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བྱིན་དང་ལྡན་པ་སྟེ་དགུའོ། །གར་གྱི་ཉམས་དགུ་ནི། ཆགས་ཉམས་ཀྱིས་སྒེག་པ༑ ཁྲོ་ཉམས་ཀྱིས་དཔའ་བ། རྨོངས་ཉམས་ཀྱིས་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། བཞད་པའི་གད་མོ་འབྱིན་པས་དགོད་པ། བསྡིག་པའི་ང་རོ་སྒྲོགས་པས་གཤེ་བ། སྒྲ་གདངས་ཆེ་ཞིང་བཟོད་པར་དཀའ་བས་དྲག་ཤུལ་ཏེ་གསུང་གི་ཉམས་གསུམ་དང་། རྨོངས་པའི་འགྲོ་ཁམས་རྗེས་སུ་འཛིན་པའི་སྙིང་རྗེ། མ་རུངས་པའི་སེམས་ཅན་ཁྲོ་བས་འདུལ་བའི་རྔམ་པ། ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པའི་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་དང་བཅས་དགུའོ། །དེ་ལྟ་བུའི་ལྷ་དེ་རྣམས་ཞི་བ་ལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས། དར་མཐིང་ཁྲའི་གཟིལ་ལྡིར། སྣ་ལྔའི་ཅོད་པན། གར་གྱི་ཕུ་དུང་། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིགས་གུས་སྨད་དཀྲིས་ཏེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན༑ སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ། སེ་མོ་དོ། ཕྱག་གདུབ། ཞབས་གདུབ་སྟེ་རྒྱན་བརྒྱད་དང་བཅས་པའི་བཅུ་གསུམ་དང་། སྤྲུལ་སྐུའི་རྣམ་པ་ཅན་ལ་ཆོས་གོས་རྣམ་པ་གསུམ་ལ་སོགས་པས་བརྒྱན་པ་དང་། ཁྲོ་བོ་རྣམས་ལ་བགོ་བའི་གོས་གསུམ། འདོགས་པའི་རྒྱན་གཉིས། བྱུགས་པའི་རྩི་གསུམ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་དུ་གྲགས་པ་ལ་སོགས་པས་བརྒྱན་པ་སྟེ། དེ་ཡང་དང་པོ་གསུམ་ནི། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས་རྣམས་སོ། །གཉིས་པ་གཉིས་ནི། ཐོད་པ་སྦྲུལ་གྱི་རྒྱན་གཉིས་ཏེ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། རྙིད་པའི་སེ་རལ་ཁ་ཞེས་པའང་འགའ་ཞིག་ན་སྣང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ ཚལ་བུའི་དཔུང་རྒྱན་དང་། ཕྱག་ཞབས་ཀྱི་གདུ་བུ་སོགས་སོ། །ཀླུ་རྒྱལ་རིགས་དཀར་པོའི་སྐྲ་ཆིང་། རྗེ་རིགས་སེར་པོའི་སྙན་ཆ། བྲམ་ཟེའི་རིགས་དམར་པོའི་མགུལ་ཆུ། དམངས་རིགས་ལྗང་གུའི་ཕྱག་ཞབས་ཀྱི་གདུ་བུ། གདོལ་པའི་རིགས་ནག་པོའི་དོ་ཤལ་ཏེ་ཐམས་ཅད་གདུག་པ་སྦྲུལ་གྱི་རྣམ་པ་ཅན་ནོ། །གསུམ་པ་གསུམ་ནི། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་རྣམས་སོ། །གཞན་ཡང་གཞལ་ཡས་ཁང་གི་སྟེང་རྒྱན་དང་ལོགས་རྒྱན་ལ་སོགས་པའི་བཀོད་པའི་རྣམ་པ་ཐམས་ཅད་དང་བཅས་པ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་བསྒོམ་པ་སྟེ། དེ་ལ་གསལ་བའི་ཚད་བཞི་ནི། སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་སལ་ལེ། རིག་པའི་གསལ་ངར་དང་བྲལ་བའི་བྱིང་ཉམས་ཅན་མ་ཡིན་པར་གསལ་སྟོང་སེང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སེང་ངེ། སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར་བ་སྤུའི་ཁོང་བུ་དང་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས་དབང་ཤེས་དྭངས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེར་བཞུགས་པས་ལྷག་གེ། དེ་ལྟ་བུའི་ལྷ་སྐུ་དེ་ཡང་དེ་ལྟར་ཡིན་ནོ་དང་ཡོད་དོ་ཙམ་གྱི་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་མངོན་སུམ་ལྟ་བུར་འཆར་བས་ལྷང་ངེ་བ་སྟེ་བཞིའོ། །བརྟན་པའི་ཚད་བཞི་ནི། ལེ་ལོ་དང་བརྗེད་ངེས་སོགས་ཀྱིས་མི་གཡོ། རབ་རིབ་དང་མོག་མོག་པོར་གྱུར་པ་སོགས་ཀྱིས་མི་འགྱུར། ཡུན་རིང་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོས་ཀྱང་མི་བརྗི་བས་མངོན་པར་མི་འགྱུར། སྐུ་མདོག་དང་ཞལ་ཕྱག་དང་། བྱོན་བཞུགས་དང་འོད་ཟེར་གྱི་སྤྲོ་བསྡུ་སོགས་ཇི་ལྟར་བསྒོམ་ཡང་དེ་ལྟར་འབྱུང་བ་སྟེ་བཞིའོ། །དེ་དག་ལ་རྣམ་པ་གསལ་བ་ཞེས་ཀྱང་བཤད་དོ། །དེ་ལྟར་ཡང་ཡང་གོམས་པས་ཉམས་ལྔ་མཐར་ཕྱིན་ཏེ་ཡུལ་གསུམ་གྱད་དུ་གྱུར་པ་ན་གྲུབ་པ་ཡིན་ནོ། །དེ་ལ་ཡུལ་གསུམ་གྱད་དུ་གྱུར་པ་གང་ཞེ་ན། དཔལ་ཆེན་ཞལ་ལུང་ལས། ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུན། །དང་པོ་ཡིད་ཀྱི་ཡུལ་དུ་གསལ། །སེམས་ཉིད་ཤིན་ཏུ་སྦྱངས་པའི་མཐར། །རང་བཞིན་དབང་པོའི་ཡུལ་དུ་གསལ། །མཐར་ནི་བདེན་གཉིས་དབྱེར་མེད་ཀྱི།། ལུས་སེམས་ཤིན་སྦྱང་ཐོབ་པའི་ལྷ། །ལུས་ཀྱི་ཡུལ་དུ་མངོན་སུམ་གསལ། །ཞེས་པ་ལྟར། དང་པོ་ལྷར་སྣང་ལ་གོམས་པ་མ་སྐྱེས་པའི་གནས་སྐབས་ན་བསམ་པའི་བློ་རྟོག་གམ་ཡིད་ཀྱིས་བརྗོད་པ་ཙམ་གྱིས་བདག་ལྷ་ཡིན་ནོ་ལྷ་ཡང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་དུ་རྟོག་དཔྱོད་ཀྱི་བློ་ངོར་གསལ་བས་ན་བསམ་པའི་ཡུལ་དུ་གསལ་བའམ་ཡིད་ཀྱི་ཡུལ་དུ་གསལ་བ་ཞེས་བྱ། དེ་ལྟར་གོམས་པས་ལྷར་སྣང་ལ་བརྟན་པ་ཐོབ་ནས་འདི་ལྟར་ཡིན་ནོ་བའི་རྟོག་དཔྱོད་ཀྱི་རྒྱས་གདབ་མི་དགོས་པར་མིག་གི་དབང་པོ་སྐྱོན་མེད་ཀྱི་ཡུལ་ལ་བལྟས་པ་ལྟར་རྟོག་མེད་གཞི་གནས་ཀྱི་རྩི་དང་མ་བྲལ་བའི་ངང་ནས་མ་འདྲེས་པར་གསལ་བ་ནི་མཐོང་བའི་ཡུལ་དུ་གསལ་བའམ་དབང་པོའི་ཡུལ་དུ་གསལ་བ་ཞེས་བྱའོ།། མཐར་བསྐྱེད་རིམ་གྱད་དུ་གྱུར་ཏེ་རྣམ་སྨིན་རིག་འཛིན་ལ་སྦྱོར་བའི་དུས་སུ་སྣང་ཆ་ལྷའི་དཀྱིལ་འཁོར་དང་འདྲེས་ནས་རང་ངོར་ཐ་མལ་མ་དག་པའི་སྣང་བ་གཏན་དུ་མི་འཆར་ཞིང་སྒྱུ་ལུས་སམ་ཟུང་འཇུག་གི་ལྷ་སྐུ་མངོན་དུ་གྱུར་པའི་གནས་སྐབས་ནི་ལུས་ཀྱི་ཡུལ་དུ་གསལ་བའམ་རེག་པའི་ཡུལ་དུ་གསལ་བ་ཞེས་བྱའོ། །དེ་ལྟར་དང་པོ་ཡིད་ཀྱི་ཡུལ་དུ་གསལ་བའི་གནས་སྐབས་ན་རྣམ་དག་དྲན་པ་ནི། རྟེན་ཞིང་ཁམས་དང་གཞལ་ཡས་ཁང་རྣམས་བེམ་པོ་རང་རྒྱུད་པ་དང་། བརྟེན་པ་ལྷ་རྣམས་གང་ཟག་རང་རྒྱུད་པར་མི་བལྟ་སྟེ། ཐམས་ཅད་ཡེ་ཤེས་ཉག་གཅིག་གི་རང་བཞིན་མཚན་མ་རྟགས་ཀྱི་ཕྱག་རྒྱར་ཤར་བའི་ཚུལ་ལ་བལྟ་བར་བྱ་བ་ནི་གཞལ་ཡས་ཁང་གི་འོག་གཞིའི་འཁོར་ལོ་ཡེ་ཤེས་ལྔས་ཉོན་མོངས་པ་གཅོད་པའི་རྟགས་སུ་ཤར་བ་ནས་རྡོ་རྗེ་རིན་པོ་ཆེའི་ཏོག་གི་བར་གྱི་དག་པ་དང་།  ནང་གི་ལྷ་གཙོ་བོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་ལྟ་བུ་ལ་མཚོན་ན།  རྣམ་ཐར་སྒོ་གསུམ་མམ་སྐུ་གསུམ་དང་༑ ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞིའམ་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཀྱི་རྟགས་སུ་ཤར་བ་སོགས་ནས་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ཕྱག་དང་བཞུགས་ཚུལ། རྒྱན་དང་ཆ་ལུགས་ལ་སོགས་པའི་དག་པ་དྲན་པའོ། །ང་རྒྱལ་བརྟན་པ་ནི། བསྐྱེད་པའི་ལྷ་གང་ཡིན་ཡང་བདག་ལྷ་མིན་གྱི་བདག་གིས་ལྷ་དེ་བསྒོམ་པ་ཡིན་ནོ་སྙམ་པ་དང་། ལྷ་དེ་དངོས་མ་ཡིན་གྱི་ལྷ་དེའི་རྣམ་པ་ཙམ་ཞིག་བདག་གི་ཡིད་ཡུལ་དུ་བྱས་པ་ཡིན་ནོ་སྙམ་པ་ལྟ་བུ་མ་ཡིན་པར་རང་རིག་སྣང་སྟོང་གཉིས་སུ་མེད་པའི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་རོ་གཅིག་པ་དེ་ཡེ་ནས་ཆོས་ཉིད་དོན་གྱི་ལྷ་ཡིན་ཞིང་དེའི་རང་རྩལ་འགག་པ་མེད་པ་རྟེན་དང་བརྟེན་པའི་འཁོར་ལོར་ཤར་བ་ཡིན་སྙམ་པའི་ངང་ལ་དྲན་པ་ཉེ་བར་འཇོག་པའོ། །རྣམ་དག་དྲན་པ་དང་ང་རྒྱལ་བརྟན་པ་འདི་གཉིས་བསྐྱེད་རིམ་ཤིན་ཏུ་བརྟན་པར་གྱུར་པ་ན་རྟོག་དཔྱོད་ཀྱིས་ཆེད་དུ་བསམ་མི་དགོས་པར་མངོན་ནོ། །དེ་ལྟར་ཏིང་འཛིན་ལྷའི་གཟེར་དེས་ནི་མར་འཁོར་བའི་གནས་སྐབས་ན་སྐྱེ་གནས་བཞིའི་ལུས་ཀྱི་བག་ཆགས་སྦྱོང་ཞིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་གནས་སྐབས་ན་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞལ་ཕྱག་མཚན་མ་ལས་འདས་པ་དང་། སྐུ་རྣམ་པ་ཐམས་ཅད་པ་གང་ལ་གང་འདུལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་གྱི་གནས་སྐབས་ན་རྩ་ཡི་དྲྭ་བ་ཐམས་ཅད་དག་པ་ལྷ་རུ་སྦྱངས་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ།

No comments:

Post a Comment