Wednesday 22 April 2015

ངས་ཁྱེདལ།

ངས་ཁྱེད་ལ་ནམ་ཡང་བྲལ་དུ་མེད་པའི་སེམས་ཁོངས་ཀྱི་བརྩེ་དུང་དེ་བཤད་ན་འདོད་ཅིང་། ཁོང་ཁྲོ་དང་། ཁེར་རྐྱང་། ཐ་ན་ང་གཉིས་བར་གྱི་འཁྲུག་རྩོད་ཀྱང་འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་གཅིག་པུ་དེ་ཡིན་པ་ཐེ་ཚོམ་མེད།
ངས་ཁྱེད་ལ་ནམ་ཡང་བསླུ་བ་མེད་པའི་བརྩེ་དུང་གི་སྐད་ཆ་དེ་བཤད་ན་འདོད། དེ་ནི་མི་ཚེ་མཉམ་བསྐྱེལ་དང་། ལུགས་མཐུན་གྱི་གཉེན་སྒྲིག གཅེས་པའི་བུ་ཕྲུག་སྐྱེས་དུས། ངས་ཁྱེད་ལ་དམ་དུ་འཁྲིལ་ཞིང་འཐམ་འཁྱུད་ཀྱིས་ཞིམ་པོའི་འོ་ལ་རོལ་བཞིན། སྐྱིད་པའི་གཉིད་ཀྱི་ཞིང་ཁམས་སུ་འགྲིམ་པར་འདོད།
ངས་ཁྱེད་ལ་ནང་ཡང་གས་ཆག་མེད་པའི་བརྩེ་དུང་གི་སྐད་ཆ་ཞིག་བཤད་ན་འདོད། ཇི་ཙམ་བྲེལ་ཞིང་། ཇི་ཙམ་ངལ་ཡང་། རང་གཉིས་ཀྱི་མཛའ་བརྩེའི་འཛུམས་མདངས་དེ་གཞན་གྱི་མཐོང་ཡུལ་ནས་ནམ་ཡང་ཡལ་མི་སྲིད། ངས་ཁྱེད་ལ་ནམ་ཡང་མགོ་སྐོར་དང་བསླུ་བྲིད་མེད་པའི་བརྩེ་བ་དེ་གླེང་ན་འདོད། དེ་ནི་ང་དང་ཁྱེད་ཁོ་ནའི་བརྩེ་བ་ཡིན། སླུ་བྲིད་མེད། ཁ་བྲལ་མེད། སྙིང་ནད་མེད།
ངས་ཁྱེད་ལ་ནམ་ཡང་ཕོག་ཐུག་མེད་པའི་བརྩེ་དུང་དེ་གླེང་ན་འདོད། དེ་ནི་སེམས་ཀྱི་བརྩེ་དུང་ཡིན། ཁྱེད་དང་ང་ལག་པའི་ནང་ལག་པ་བཞག་ཅིང་། སེམས་པའི་ནང་སེམས་པ་ཉར་བཞིན་ད་ནས་བཟུང་ནམ་ཡང་མཉམ་དུ་འགྲོ།
ངས་ཁྱེད་ལ་རིན་ཐང་བྲལ་བའི་བརྩེ་དུང་དེ་གླེང་ན་འདོད། དེ་ནི་སྐྱིད་སྣང་དང་། སེམས་སྡུག ད་དུང་མིག་ཆུ་སོགས་བྱུང་རུང་། ཕན་ཚུན་བསམ་ཤེས་དང་ལྷན་དུ་དགའ་སྡུག་གི་མི་ཚེ་བསྐྱེལ་འགྲོ། དུས་ཀྱི་ཆུ་མོ་དང་ལྷན་དུ་བཞུར་གྱིན་པའི་ང་གཉིས་ཀྱི་དགའ་སྐྱོའི་ཚོར་སྣང་སྐྱེན་པོ་ལས་ཚོར་བ་བར་མ་ཞིག་གིས་ནམ་ཡང་འཚང་འཛུལ་བྱེད་མི་སྲིད།
ངས་ཁྱེད་ལ་ནམ་ཡང་འགྱུར་མེད་ཀྱི་བརྩེ་དུང་དེ་གླེང་ན་འདོད། ཇི་སྲིད་བར་མཉམ་གནས་ཀྱིས། ན་རྒས་འཆི་ལ་ཐུག་ཀྱང་། འཇམ་པའི་ངག་གིས་སྨྲ་ཞིང་། འཛུམ་པའི་བཞིན་གྱིས་བསུ། ཁྱེད་དང་ང་ལག་ཟུང་དམ་དུ་སྦྲེལ་ནས། མཐའ་མི་མངོན་པའི་བརྩེ་དུང་དེ་གླེང་བཞིན། ནམ་ཡང་འཆས་འགྲོ། ནམ་ཡང་ང་ཁྱེད་ལ་དགའ། འཚོ་བའི་ལམ་བུ། མི་ཚེའི་རེ་སྙེགས། སྙིང་གི་དུམ་བུ། སེམས་ཀྱི་ཐིག་ལེ། བདེ་སྐྱིད་ཀྱི་བརྩེ་དུང་། བརྩེ་དུང་གི་ལམ་ཕྲན། ནམ་ཡང་ང་ཁྱེད་ལ་དགའ།



No comments:

Post a Comment