Wednesday 22 April 2015

༄༅། །རྫོགས་ཆེན་ར་ཉག་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་ཉུང་བསྡུས།

མཐར་བྱེད་སྟོབས་འཕྲོག་འོད་དཔག་མེད་མགོན་ཆོས་ཀྱི་རྒྱལ།།
མཁྱེན་བརྩེའི་གཏེར་ཆེན་མིག་མི་འཛུམ་པ་ལོངས་སྤྱོད་རྫོགས།།
སྲིད་གསུམ་ཟིལ་གནོན་པདྨའི་སྦུབས་ལས་སྤྲུལ་པའི་གར།།
སྐུ་གསུམ་ལ་མདུད་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས།།
ཞེས་དྲང་སྲོང་རོལ་མོའི་ངག་གིས་སྒོ་ཡངས་པོར་ཕྱེ་བའི་མཆོད་པ་བརྗོད་པ་སྔོན་དུ་བཏང་ནས་སྐབས་བབ་གླེང་བར་བྱ་བ་ནི། རྫོགས་ཆེན་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་གི་རྣམ་པར་ཐར་པ་མདོ་ཙམ་འགོད་པར་བྱེད་པ་ལ། དེ་ཡང་དམ་པ་ཁོང་ནི་བོད་ཆེན་པོའི་ཤར་གྱི་ཆར་མདོ་ཁམས་ས་ཡི་ཐིག་ལེ་སྟེ་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཉེ་འདབས་སུ། ཡབ་ཀྱི་མཚན་ལ་གྲུབ་པ་དང་། རྗེ་གོང་མའི་གཞིས་མི་རང་ལས་མཆེད་པའི་སྐྱེད་ཡུམ་ཚེ་སྒྲོན་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༦༣ ལོར་སྐུ་བལྟམས། མཚན་ལ་ཉི་མ་དར་རྒྱས་ཞུ་ཞིང་ཆུང་དུས་ནས་དད་པ་དང་མོས་གུས། བྱམས་དང་སྙིང་རྗེ་ཞི་ཞིང་དུལ་བ་སོགས་རྣམ་པར་དཀར་པོའི་ཡོན་ཏན་མཐའ་ཡས་པ་ལྷན་སྐྱེས་སུ་མཆིས་ཤིང་། མི་རིང་བར་ཡབ་ལས་ཡི་གེ་འབྲི་ཀློག་སོགས་སློབ་སྐབས་ངལ་དུབ་ཀྱིས་བརྩོན་པ་དྲག་པོ་བསྐྱེད་མ་དགོས་པ་བརྡ་དང་། ཐབས་ཙམ་གྱིས་མཁྱེན་ཏེ་ཁྱིམ་དང་ཡུལ་མི་རྣམས་ལ་ངོ་མཚར་བའི་ཐུགས་བློ་འཁྲུངས། ༧རྗེ་གོང་མ་དགོངས་པ་ཞི་དབྱིངས་སུ་གཤེགས་སྐབས་འདི་ཉིད་ཀྱི་མ་ཡུམ་ལ་ཁྱེད་རྣམས་ཀྱིས་མྱ་ངན་མ་བྱེད་དང་མི་རིང་བར་བདག་ཅག་མཇལ་འཕྲད་ཡོང་ཞེས། འདའ་ཁར་ཞལ་ཆེམས་བཞག་པས་རྗེ་འདི་ཉིད་གོང་མའི་ཡང་སྲིད་ཡིན་པར་ངེས་ཀྱང་། སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཚེ་ལ་བར་ཆད་ཆེ་བས་འདི་ཉིད་ལ་ཡང་རྐྱེན་ངན་ཕྲད་པར་དོགས་ཏེ་སྦས་པའི་ཚུལ་དུ་བཞག །
མཐའ་ཡས་ཚོགས་གཉིས་རྡུལ་སྙེད་བསྐལ་མང་སྔོན།།
བསགས་པའི་ལེགས་བྱས་གཅིག་ཏུ་གོམས་པའི་མཐུས།།
འགྲོ་བའི་བསོད་ནམས་ལྷ་ཡི་ཞིང་མཆོག་ཏུ།།
བརྩེ་ཆེན་ཟླ་གཞོན་ཐུགས་བསྐྱེད་འཕྲུལ་གྱིས་དྲངས།།

ཇི་ལྟར་རྩལ་ཆེན་གདོང་ལྔའི་གཡུ་རལ་ཉིད།།
ལྷན་སྐྱེས་མ་ཡི་མངལ་དུ་རྫོགས་པ་ལྟར།།
རྒྱལ་སྲས་ཟླ་ཤེལ་མྱུ་གུའི་དུས་སུ་ཡང་།།
གདོད་ནས་རྨོངས་པའི་སྨག་རུམ་ཡོངས་སུ་བསལ།།
དེ་ནས་གང་མཚམས་སུ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཆོས་སྒོར་ཞུགས་ཏེ། གདན་ས་ཆེན་པོ་དེ་ཉིད་ཀྱི་གནའ་བོའི་དག་གཙང་གི་ཕྱག་བཞེས་བླ་ན་མེད་པ་གསང་སྔགས་ཀྱི་རྒྱུད་སྡེ་དག་ལས་བྱུང་བ་བཞིན། འབྲེལ་བ་བཞི་ལྡན་གྱི་ཕྲིན་སྒྲུབ་དཀྱིལ་ཆོག་དག་ལ་གསན་བཞེས་གནང་སྐབས། དམར་སེར་འདུས་པའི་སྡེ་ཆེན་པོ་ནམ་མཁའི་སྐར་ཚོགས་བཞིན་མཆིས་པ་ལས། ཉི་ཟླ་ལྟར་མངོན་པ་མཐོ་བར་མཁྱེན་རབ་དང་རྣམ་དཔྱོད་ཕུལ་དུ་བྱུང་བས། གདངས་དབྱངས། འདོན་སྟངས། བཅའ་ཕྱག །ལག་ལེན་སོགས་དགོན་སྡེ་དེ་ཉིད་ཀྱི་བསླབ་པའི་གནས་ཀུན་ལ་མ་མཁྱེན་པ་མ་བྱུང་ཞིང་། ཐ་ན་འབག་བཅའ་བ་དང་། རི་མོ་འབྲི་བ་སོགས་ལ་ཡང་མངའ་དབང་བརྙེས་ཏེ་བསྟན་དགོན་སླར་གསོས་སྐབས་སུ་གྱང་ལྷ་བྲིས་པ་དང་། འབག་སྐུ་བཞེངས་པ་སོགས་རང་བསྟན་ལ་སྲི་ཞུ་བླ་ན་མེད་པ་བསྒྲུབས་ཤིང༌། དགོན་སྡེ་དེ་ཉིད་ཀྱི་དབུ་མཆོད་དཀྱུས་མ་རེ་དང་གཞན་གྱི་དགོན་སྡེ་རེ་མི་བརྗེ་བའི་ལོ་རྒྱུས་ཁུངས་ལྡན་ཡོད་ན། ཁོང་ཉིད་སྐུ་ན་ཕྲ་མོའི་དུས་ནས་མཆོད་ཆེན་གྱི་མཚན་གྱི་གོ་གནས་བཞེས་ཏེ་ཇི་བཞིན་ཕྱག་ལས་གནང་སྟེ། རང་དང་མཚུངས་པའི་ཞལ་སློབ་དུ་མ་ཡང་སློབ་སྐྱོང་གནང་བ་སོགས་གཞན་ཕན་ལྷག་བསམ་དཀར་པོའི་མཛད་པ་འདི་ཉིད། སྤྲུལ་པའི་སྐུའི་མཚན་གྱི་ཅོད་པན་མ་ཕུལ་སྔོན་ནས་ཡུལ་དགོན་ཀུན་གྱིས་ཡར་དཔེ་འདྲེན་སའི་གནས་སུ་བསྔགས། རྒན་ཁོག་ཕོ་མོ་རྣམས་ཀྱིས་ཁོང་ཉིད་ལམ་དུ་ཕེབས་སྐབས་ཞྭ་ཕུད་དེ་ཕྱག་རྒྱ་བྱ་བ་དང་། མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་ཞིང་བློ་སྣ་ཆོས་སུ་བསྒྱུར་བ་སོགས་ཀྱིས་ཀྱང་དམ་པའི་སྐྱེས་བུའི་རིགས་ཅན་ཡིན་པར་དཔོག་ཐུབ་ལ། དེ་རྗེས་ཁོང་ཉིད་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ཞུགས་ཏེ། དམ་ཆོས་འདུལ་བ་གཞི་གསུམ་ཆོ་གའི་ཕྱག་བཞེས་ནས་བཟུང་བླ་མེད་ རྒྱུད་སྡེའི་བར་དུ་རང་སྐལ་གང་འདོད་ཀྱི་འཛད་མེད་ཆོས་སྦྱིན་སྟེར་བའི་གདན་ས་ཁྱད་པར་ཅན་དེ་ཉིད་དུ། ལོ་ཤས་རིང་རྒྱ་གཞུང་ཆེན་པོ་དག་ཏུ་ཐོས་བསམ་གྱིས་སྒྲོ་འདོགས་བཅད། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྣམ་རོལ་མཁན་ཆེན་བདེ་ཆེན་རྣམ་གྲོལ། མཁན་ཆེན་ཟླ་བའི་འོད་ཟེར། མཁན་ཆེན་བྱང་ཆུབ་སེམས་དཔའ་པདྨ་ཚེ་དབང་ལྷུན་གྲུབ། སྐྱབས་མཆོག་པདྨ་སྐལ་བཟང་རིན་པོ་ཆེ། མཆོག་སྤྲུལ་འབྲུག་པ་སྐུ་ཆུང་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་བསམ་གྱིས་མི་ ཁྱབ་པ་དུ་མའི་ཞབས་ལ་བཏུད་དེ་བཞུགས་ཤིང༌། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་གནས་ལ་སྦྱང་ཤིང་སྐུ་ཡོན་གསན་བཞེས་གནང་བའི་སྐབས་སུ་ཡང་། ཡིད་དཔྱོད་ཀྱི་རྩོལ་བ་ཆེ་ཐང་དུ་བསྐྱེད་པ་མ་མཐོང་ཡང་སྐྱེས་ཐོབ་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་མངའ་བ་དང༌། དེ་མཚུངས་སུ་བསྟན་ལ་ཕན་པའི་སྲི་ཞུ་ཞུས་པ་ཡང༌། ཆོས་གྲྭ་གསར་གཞེངས་སྐབས་སུ་དུས་བཞིའི་ཚ་གྲང་གི་ངལ་དུབ་ལ་མི་འཛེམ་པར་བཀྲེས་པས་བཟའ་བཅའ་མཐོང་བ་བཞིན། ཉིན་མཚན་གོ་བལྡབས་ཏེ་ཕྱག་ལས་བགྱིས་པ་སོགས་དོན་གཉིས་བསྒྲུབས་པའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་འགྲན་བཟོད་པ་མངའ་བ་ལགས་སོ།།
ཨེ་མ་ཚོགས་གཉིས་བྱེད་པོས་བསྐྲུན་པ་ལས།།
ལྷུན་གྲུབ་བྱང་ཆེན་གདོད་མའི་རྒྱལ་ས་ཆེ།།
ཡ་མཚན་གྲུབ་བརྙེས་མཚར་དུ་མངའ་བ་ཡི།།
ཨོ་རྒྱན་རུ་དམ་བསམ་གཏན་ཆོས་ཀྱི་གླིང་།། 

གསང་ཆེན་འདུས་པའི་གསེར་ལྡན་ཕང་བ་རུ།།
གང་གི་མཁྱེན་དཔྱོད་ཨུཏྤལ་ནགས་ཀྱི་ཚལ།།
བཤེས་གཉེན་ཟླ་བའི་འཛུམ་གྱིས་བསུས་པ་ལས།།
དགེ་ལེགས་བྱེ་བའི་མེ་ཏོག་ཆར་དུ་བསྙིལ།།
དེ་ནས་ཕྲིན་ལས་ཀྱི་འཇུག་པ་གཞན་དང་གཞན་དུ་གནང་དགོས་པ་ནི་རྒྱལ་བ་རྣམས་ཀྱི་ ཆོས་ཉིད་ཡིན་པས་ཁོང་ཉིད་འཕགས་ཡུལ་དུ་ཆིབས་བསྒྱུར་ཀྱིས། གྲུབ་དབང་རྫོགས་ཆེན་པའི་བྱེས་ཀྱི་གདན་སར་མི་ལོ་བཞིའི་རིང་དུ་ལས་ཐོག་མཁན་པོའི་ཕྱག་ལས་གནང་སྟེ། སེར་སྐྱ་ཕོ་མོ་སློབ་ཚོགས་སྟོང་ཕྲག་དུ་མ་ལ་ཐེག་གསུམ་ཆོས་ཀྱི་བདུད་རྩི་འཛད་མེད་དུ་བསྩལ་ཅིང་སྙིང་ཐིག་རྡོ་རྗེ་ཐེག་པའི་ཆོས་ཚོགས་ཁག་གསར་བསྐྲུན་གནང༌། དེ་སྐབས་མཆོག་སྤྲུལ་བསོད་རྒྱལ་རིན་པོ་ཆེས་ཁོང་ཉིད་ལ་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་མཚན་གསོལ། རྫོགས་ཆེན་བྱེས་དགོན་གྱི་གདན་སར་ཡུན་དུ་བཞུགས་རོགས་གནང་ཞེས་རེ་བསྐུལ་ཡང་ཡང་ཞུས་པ་དང༌། དུས་མཚུངས་སྔ་འགྱུར་བསྟན་པ་རྒྱ་མཚོའི་དོན་གྱི་མངའ་བདག་ཆེན་པོ་རྡོ་རྗེ་འཆང་དང་ཞལ་མི་དབྱེ་བ། བདག་ཅག་གི་རིགས་ཀྱི་བདག་པོ་མཚན་སྨོས་པ་དཀའ་ཡང་དོན་གྱི་ཕྱིར་དུ་མཚན་ནས་གསོལ་ན་༧སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ་དཔལ་བཟང་པོའི་སྡེས། བསླུ་མེད་རྡོ་རྗེའི་བཀའ་ལུང་ཕེབས་ཏེ་འཁྲུལ་བྲལ་སྤྲུལ་བའི་ཟླ་གཞོན་བདག་ཅག་སློབ་ཚོགས་རྣམས་ཀྱི་མགོན་དུ་རྙེད་པ་དང་ཆབས་ཅིག །སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་༧གོང་ས་༸སྐུ་ཕྲེང་བཅུ་བཞི་པས་ཀྱང་གང་གི་རྡོ་རྗེའི་བཀའ་ལུང་ལ་བསླུ་མེད་ཡིན་པར་གསུང་གི་རྡོ་རྗེའི་རྒྱས་བཏབ། ༧སྐྱབས་རྗེ་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེས་ཀྱང་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པའི་བཀའ་ལུང་ཕེབས་ཤིང་། གྲུབ་པའི་དབང་ཕྱུག་རྒྱལ་བ་རྫོགས་ཆེན་པའི་བསྟན་འཛིན་སྐྱེས་བུའི་མཚན་གྱི་ཅོད་པན་པདྨ་ཕྲིན་ལས་བཤད་སྒྲུབ་ཉི་མ་ཞེས་མངའ་གསོལ་ཏེ་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་འདུན་དུ་ཞབས་བརྟན་སྨོན་ལམ་སོགས་བགྱིས་པ་དང༌། དུས་མཚུངས་སུ་ཁང་གདུང་གཏེར་ཆེན་འཆི་མེད་རིག་འཛིན་རིན་པོ་ཆེས་ཞལ་པར་ཐོགས་ནས་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཉིན་མོ་དེར། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཡང་སྤྲུལ་ཆེ་བའི་ཁྲི་ལ་མངའ་གསོལ་མཛད་པར་དགྱེས་པའི་བསྟོད་སྨོན་དང༌། ཡང་སྲིད་འཁྲུལ་མེད་ཡིན་པ་གསུངས་པ་སོགས་དེ་ལྟ་བུའི་སླད་མེད་རྣམ་ཐར་བཟང་པོའི་བདག་ཉིད་ཅན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་འདི་ཉིད། དེང་གི་དུས་སུ་འཛམ་གླིང་ཉི་མ་ཤར་ནུབ་ཀྱི་མི་རིགས་དང་སྐད་རིགས་མི་གཅིག་པའི་སྐལ་བ་མཆོག་ལྡན་གྱི་སྐྱེ་བོ་བགྲངས་ལས་འདས་པར་ཟབ་ཡངས་ཆོས་ཀྱི་བདུད་རྩི་རང་སྐལ་གང་འདོད་དུ་གནང་སྟེ་སྐུ་ཚེ་ཚེ་ལྷའི་ངོ་བོར་འཚོ་ཞིང་བཞུགས་པ་ལགས།
གླིང་ལྔའི་ཤར་ནུབ་མུ་ཁྱུད་ས་ཆེན་པོར།།
ཕྲིན་ལས་རྨད་དུ་བྱུང་བའི་སེམས་དཔའ་ཆེ།།
རྫོགས་ཆེན་ར་ཉག་དཔལ་སྤྲུལ་ལྷ་མའི་དབང་།།
བསོད་ནམས་ཞིང་དུ་མཚན་གྱི་པདྨོ་བཞད།།

ཆོས་ནོར་ཐར་འདོད་འགུགས་པའི་ཐབས་འཕྲུལ་གྱིས།།
ལྷུན་པོའི་ཤར་ནུབ་གཅིག་ཏུ་བཅིངས་དང་ལྷན། །
ཐེག་མཆོག་ཟབ་མོ་རྫོགས་པ་ཨ་ཏིའི་ལུགས།།
སྤེལ་ལ་འགྲན་པའི་ཟླ་བྲལ་ཁྱེད་ཉིད་ཙམ།། 

ཆེར་སྙིགས་དུས་ཀྱིས་རྒུད་པའི་སྨག་རུམ་ན།།
ལོག་སྨྲ་ཆོམ་རྐུན་ཚོགས་ཀྱི་ཉེར་སྤྱོད་ལས།།
དཀར་མིན་ལས་ཀྱི་འབྲས་བུ་སྡོ་བའི་དུས།།
འཕྲིན་ལས་ཕན་བདེ་བསྐྲུན་པའི་བྱེད་པོ་ཉིད།།

བསླུ་མེད་བཀའ་ལུང་གསེར་གྱིས་ཅོད་པན་ཉིད།།
རྡོ་རྗེས་རྒྱས་བཏབ་གང་གི་སྤྱི་བོ་རུ།།
སྲིད་ཞིའི་ཏོག་མཛེས་བསྟན་འགྲོའི་དཔུང་མཉེན་དུ།།
བརྟན་ཅིང་མཛད་འཕྲིན་མཐའ་གྲུར་ཁྱབ་པར་སྨོན།།

ཟོལ་མེད་དྲང་བདེན་གྱི་རྣམ་པར་ཐར་བ་འདི་ཉིད་༧དཔལ་འོག་མིན་ཨྱོན་སྨིན་གྲོལ་ གླིང་ཞེས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་སློབ་ཁུངས་སུ་ཏོགས་པའི་གྱི་ན་བ་ འགྱུར་མེད་དངོས་གྲུབ་དར་རྒྱས་སམ་རྒྱུན་འབོད་དུ་རྫོགས་ཆེན་གྲགས་པ་རྒྱལ་མཚན་ཞེས་པ་དེས་རབ་རྒྱན་ས་ཡོས་ཧོར་ ༣ པའི་ཚེས་ ༡༤ ལ་གུས་པའི་བློས་ཀུན་ནས་བསླངས་ཏེ་སྦྱར་བར་དགེའོ།། དགེའོ།། །།
ཞེས་རྣམ་ཐར་ཚིག་ཉུང་དོན་རྒྱས་ཤིག་བཀོད་འདུག་པར་གང་ལ་དད་ཅིང་འགྲོགས་པའི་སྤྲང་འཁྱམས་པ་དྲང་སྲོང་དཀར་པོ་འབོད་པས་ཚིགས་སུ་བཅད་པ་རྣམས་དང་བ་ཆེན་པོས་བསྣན་བྲིས་བྱས་པ་དགེ་ལེགས་སུ་གྱུར་ཅིག།།





No comments:

Post a Comment