Saturday 14 February 2015

ཚོན་མདོག་ཅན་གྱི་སྙན་ངག

ཉི་མ་དམར་པོ་ནུབ་རིར་ཡིབ་ཅིང་།།
སྡོང་ལོ་སེར་པོ་རླུང་གི་འཁུར་དུས།།
སེམས་པ་སྐྱ་བོ་སྨག་དང་འདྲེས་ནས།།
རྒྱང་རིང་ཨ་མའི་ཕྱོགས་སུ་ཤོར་སོང་།།

རྩམ་པ་དཀར་པོ་ལྟ་བུའི་བྲོ་བ།།
འབྲི་མར་སེར་པོ་ལྟ་བུའི་བཅུད་བཟང་།།
འོ་ཇ་དཀར་པོ་ལྟ་བུའི་ཞིམ་མངར།།
ས་མཐར་འདི་རུ་མྱོང་རྒྱུ་མི་འདུག །

ཤོག་ལེ་དཀར་པོ་ལེབ་མོ་ཞིག་ཏུ།།
སེམས་པ་དམར་པོ་འཕྲིན་དུ་བྲི་སྐབས།།
སྐྲ་ལོ་དཀར་པོ་ཅན་གྱི་ཨ་མ།།
དྲན་འཛིན་ཡིད་ཀྱི་ཐིག་ལེར་འཆར་སོང་།།

ཐང་ཤིང་སྔོན་མོའི་ནགས་གསེབ་འདི་ནས།།
སྤྲེའུ་སེར་པོ་མ་བུ་ཚོགས་ཀྱིས།།
བརྩེ་སེམས་དམར་པོས་ཕན་ཚུན་འཁྱུད་འདི།།
ང་ལ་ཨ་མས་དུང་བ་འདྲ་བྱུང་།།

ས་རཱ་མཐོ་སློབ་ཏུ་འཛིན་གྲྭ་ཚོགས་བཞིན་པའི་སྐབས་ཤིག་ལ་སྙན་དགེ་ནས་ང་ལ་མཛུབ་མ་བསྟན་ཏེ། ཁྱོད་རང་ཡར་བཞེངས་ནས་ནག་སྤང་སྟེང་དུ་མཚོན་མདོག་འདྲ་མིན་སྣ་ཚོགས་ཡོད་པའི་སྙན་ངག་གང་དྲན་ཞིག་བྲིས་ཟེར། འཛིན་གྲྭ་ནང་དུ་སྙན་ངག་མཁན་ནི་མང་པོ་ཡོད། འོན་ཀྱང་མ་བྲིས་ནི་ཐབས་མེད་རེད། སོང་ཙང་། ང་ཡར་སོང་ནས་ནགས་སྤང་སྟེང་འདི་འདྲ་ཞིག་བྲིས་པ་ཡིན། སྙན་དགེ་ནས་ཡག་སྡུག་གི་སྐད་ཆ་གང་ཡང་མ་གསུངས།

No comments:

Post a Comment