Monday 26 January 2015

འབའ་པ་ཕུན་ཚོགས་དབང་རྒྱལ་གླེང་བ། ༼ སྒྲོལ་མ་ལྷ་མོས། ༽

༡༽ ཆུང་དུས་ཀྱི་འཚོ་བ། ཕུན་ཚོགས་དབང་རྒྱལ་མཆོག་ནི་ལྷ་ས་ནས་རོབ་རྩིས་བྱས་ན་མལ་ལེ་ལྔ་བརྒྱ་ཙམ་དང་། པེ་ཅིང་ནས་མལ་ལེ་ཆིག་སྟོང་ཉིས་བརྒྱ་ཙམ་གྱི་སར་ཆགས་པའི་ཁམས་ཀྱི་མཛེས་སྡུག་ལྡན་པའི་འབའ་ཐང་སྒོ་ར་ནང་པ་ཞེས་པའི་ཁྱིམ་དུ་༡༩༢༢ལོའི་ཕྱི་ཟླ་དང་པོའི་ནང་སྐྱེས། ཁོང་གི་ཡབ་ཀྱི་མཚན་ལ་སྒོ་ར་ཨ་ཤེས་དང་། ཡུམ་གྱི་མཚན་ལ་དབྱངས་ཅན་ཟེར། ཁོང་གཉིས་ལ་བུ་རྒན་པ་ཕུན་ཚོགས་དབང་རྒྱལ་དང་། དེ་འོག་ཆོས་འཕེལ། ཐུབ་བསྟན་དབང་ཕྱུགས། བུ་མོ་སྐལ་བཟང་ལྷ་མོ། བུ་སྐལ་བཟང་རྣམ་རྒྱལ། བུ་མོ་སྐལ་བཟང་དབྱངས་ཅན་བཅས་ཡིན། ཕུན་ཚོགས་དབང་རྒྱལ་དགུང་ལོ་བཞི་ལ་སོན་སྐབས། ཁོང་རང་གི་ཨ་ཞང་མཉམ་དུ་དགོན་པ་ནང་དུ་སྡོད། ཡིན་ན་ཡང་གློ་བུར་དུ་ཨ་ཞང་དེ་འདས་གྲོངས་སུ་ཕྱིན་པར། ཁོང་རང་ལོ་ན་ཤིན་ཏུ་ཆུང་བ་དང་དགོན་པ་ནང་དུ་ལྟ་སྐྱོང་བྱེད་མཁན་གྱི་གཉེན་ཚན་གཞན་སུ་ཡང་མེད་སྟབས་ཨ་ཞང་གྲོངས་པ་དེར་ཁོ་རང་དགོན་པ་དང་བྲལ་དགོས་བྱུང་། ཁོ་རང་དགུང་ལོ་བདུན་ཙམ་ལ་སོན་སྐབས་རྒྱ་གཞུང་གི་༡༩༠༣ལོར་འབའ་ཐང་གི་གཞུང་བཙུགས་སློབ་གྲྭ་དེར་དེང་རབས་ཀྱི་སློབ་གྲྭ་ཞིག་བསྐྲུན་ཏེ་བོད་ཕྲུག་རྣམས་ངེས་པར་སློབ་ཞུགས་བྱེད་དགོས་པའི་གཏན་འབེབས་བྱས་པ་ལྟར་ཁོ་རང་ཡང་སློབ་གྲྭར་དེ་བསྐྱོད་འགོ་བཙུགས་ཏེ་རང་ལོ་བཅུ་གཉིས་བར་མུ་མཐུད་སོང་འདུག །སློབ་གྲྭར་ནང་གི་རྒན་ལགས་ནིི་བརྒྱ་སྐད་ཆུ་རྒྱུག་རྒྱུག་ལྟར་སྨྲ་ཐུབ་པའི་བོད་རིགས་ཡིན་ཞིང་། སློབ་ཚན་ནི་རྒྱ་ཡིག་དང་བོད་ཡིག །ཨང་རྩིས་བཅས་རེད། སློབ་གྲྭའི་འཆར་ཅན་བྱེད་སྒོ་ནི་ཧ་ཅང་སྟབས་བདེ་ཡིན་པ་སྟེ། ཞོགས་པ་ཆུ་ཚོད་གཉིས་ཙམ་འཛིན་གྲྭ་འཚོགས་རྗེས་དགུང་ཟས་དང་། དེ་རྗེས་ཕྱི་དྲོ་ཡང་བསྐྱར་འཛིན་གྲྭ་ཆུ་ཚོད་གཉིས་ཙམ་འཚོགས་ཀྱི་ཡོད། ཁོང་ནི་སློབ་གྲྭ་དང་སློབ་སྦྱོང་ལ་དགའ་བས་སྦྱང་བརྩོན་ཧུར་ཐག་བྱེད་ཀྱིན་ཡོད་པ་དང་ཁོང་གི་ཨ་མས་ཁོ་རང་བོད་ཡིག་ལ་བྱང་ཆུབ་པ་ཞིག་བཟོ་འདོད་ཡོད་སྟབས་འབའ་ཐང་དུ་དཔེ་མཛོད་ཐོག་མར་བསྐྲུན་མཁན་གྲྭ་ལོག་གཅིག་གི་ས་ནས་བོད་ཡིག་གི་སློབ་སྦྱོང་འཕར་མ་བྱེད་རྒྱུའི་བཀོད་བསྒྲིགས་བྱས། དུས་སྐབས་དེའི་རིང་ཁོ་རང་ནི་རྒྱུན་ལྡན་གྱི་བྱིས་པའི་དུས་སྐབས་ལྟར་སྐྱིད་པོ་ཞིག་མེད་པར་སྔོན་བྱུང་གི་དམག་འཐབ་དང་བློ་སྟོབས་ཆེ་བའི་ཁམས་པ་ཚོའི་ལོ་རྒྱུས་གོ་ཐོས་འོག་འཚར་ལོངས་བྱུང་བ་ཞིག་ཡིན། དེ་ཡང་ཁམས་པ་ཚོའི་སེམས་ནང་ཕྱི་མིས་དབང་བསྒྱུར་བྱས་པར་འཁོན་འཛིན་ཟབ་མོ་ཡོད་ཅིང་། འབའ་ཁམས་སུ་རྒྱ་ནག་གི་ལས་བྱེད་དང་དམག་དཔུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་དུ་འབྱུང་བཞིན་པ་དང་། ལྷག་པར་དུ་འབའ་སྡེའི་མི་མང་ནས་རྒྱ་ནག་གི་བྱ་ངན་ཇི་བྱས་གཞུང་ས་མཆོག་ལ་སྙན་གསེང་ཞུས་འབྲས། འཕྲལ་དུ་རྒྱ་དམག་ལ་རྒོལ་ལན་གྱིས་ཕྱིར་འབུད་དགོས་རྒྱུ་དང་གཞུང་ས་ནས་རོགས་སྐྱོར་ཇི་དགོས་གནང་འཐུས་ཆོག་རྒྱུ་ཞེས་བཀའ་རྒྱ་ཕེབས་གསལ་བཞིན། ཆོས་སྡེ་དགོན་སོགས་སེར་སྐྱ་གཉིས་ནས་རྒྱ་དམག་སྟོང་ཕྲག་དང་འཐབ་འཛིངས་ཡུན་རིང་བྱས་རྗེས་འབའ་སྡེ་པ་ལྷན་རྒྱས་གཙོར་བྱས་པའི་འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་སྣོད་བཅུད་གཉིས་ཀར་གྱོང་གུད་ཚབས་ཆེན་ཕོག །དེའི་སྐབས་འབའ་ཁོངས་སུ་རིས་མེད་དགོན་སྡེ་མང་པོ་ཞིག་རྒྱ་ཡིས་མེར་བསྲེགས་བཏང་བ་དང་རང་བྱོན་རྫོང་ནས་ཀྱང་དཔའ་བོ་མང་པོའི་ཚེ་སྲོག་ཤོར་ཡོད། དེ་མ་ཚད་སྐབས་དེ་སྐལ་བཟང་ཚེ་རིང་དང་བློ་བཟང་དོན་གྲུབ་སོགས་དཔའ་བོ་སྙིང་སྟོབས་ཅན་མང་པོ་ཞིག་གི་སྣེ་ཁྲིད་འོག་འབའ་ཐང་ནང་ཡོད་ཡུལ་དམག་དང་མི་མང་གྲྭ་པ་བཅས་ཀྱིས་རྒྱ་དམག་ལ་རང་སྲོག་འབེན་ལ་བཙུགས་ཏ་ཕར་རྒོལ་བྱེད་བཞིན་ཡོད། ཕུན་དབང་མཆོག་གི་རྒྱ་དམག་གིས་བོད་མི་དམར་གསོད་བཏང་བ་དེ་དང་དམག་ཤེེད་ཅན་མིའུ་ཝན་ཧྲེའི་དབང་བསྒྱུར་ལ་མ་འདོད་པའི་ཚོར་བ་དྲག་པ་ཡོད་ཅིང་། འབའ་ཐང་ལ་དབང་བསྒྱུར་བྱེད་མཁན་ལིའུ་ཝན་ཧྲེའི་ལ་སེམས་གཏིང་ནས་འཁོན་འཛིན་བཅངས་པར་མ་ཟད་ཉིན་གཅིག་དགྲ་ཤ་ལེན་རྒྱུའི་རྨི་ལམ་བཟུང་། ད་དུང་ཁམས་པས་རང་སྲིད་རང་སྐྱོང་བྱ་རྒྱུའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་དཔའ་བོ་གང་དེ་གཉིས་ཀྱི་ཞབས་རྗེས་སུ་འབྲངས་རྒྱུའི་དམིགས་ཡུལ་དང་། སྤྱིར་ཁོ་རང་དགུང་ལོ་བཅུ་བཞིར་མ་གཏོགས་སོན་མེད་ནའང་རང་གི་མི་ཚེའི་ཁ་ཕྱོགས་ཐག་གཅོད་བྱས་ཟིན། དེ་ཡང་སྐལ་བཟང་ཚེ་རིང་དང་བློ་བཟང་དོན་གྲུབ་ཀྱི་རྐང་རྗེས་དེད་དེ་རྒྱ་ནག་ཏུ་སློབ་གཉེར་བྱེད་པར་བསྐྱོད་འདོད་བྱུང་། དེ་ལྟར་བྱས་ན་ང་ཡང་བོད་མིའི་རང་དབང་གི་དོན་དུ་འཐབ་རྩོད་བྱེད་མཁན་ཁྲོད་ཀྱི་འགོ་ཁྲིད་ཅིག་ཏུ་གྱུར་ཐུབ། “བོད་མི་ཕམ་ཉེས་བྱུང་བ་དེས་ངའི་བློ་སྟོབས་ཞུམ་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་འབད་འཐབ་དེ་འདྲ་བྱེད་ཐུབ་པར་སྤོབས་པ་ཆེན་པོ་སྐྱེས། སྤོམ་མདའ་སྟོབས་རྒྱལ་གྱི་ཡུལ་དམག་གིས་དཔུང་འཇུག་ཐེངས་དང་པོ་དེ་འགོ་འཛུགས་བྱེད་དུས་ང་ལ་ཚོར་སྣང་ག་རེ་བྱུང་མིན་གསལ་པོར་དྲན་གསོས་ཀྱི་འདུག །དགོན་པ་ནས་གྲོང་བརྡར་དབར་གྱི་བར་ཐག་ཕི་ཀྲི་ལྔ་རེའི་མཚམས་སུ། གཏུམ་དྲག་དང་འཇིགས་ཟིལ་ཆེ་བའི་སྤོམ་མདའ་སྟོབས་རྒྱལ་གྱི་སྲུང་དམག་བཞག་པ་མཐོང་དུས་ང་ནི་རང་གི་མི་རིགས་ལ་སྤོབས་པ་སྐྱེས་བྱུང་། དེ་བཞིན་སྐལ་བཟང་ཚེ་རིང་གིས་བར་སྣང་ལ་ཐུང་མདའ་བརྒྱབ་སྟེ་འཛམ་གླིང་མི་མང་ལ་བོད་མིས་འབའ་ཐང་ལ་དབང་བསྒྱུར་བྱ་རྒྱུ་ཡིན་པའིི་ཁྱབ་བསྒྲགས་བྱེད་པ་མཐོང་དུས་ངའི་སྙིང་ཇི་ལྟར་འཕར་ལྡིང་བྱས་པ་ད་ལྟའང་གསལ་པོར་དྲན་སོས་ཀྱི་འདུག” །ཅེས་ཁོ་རང་བློ་བཟང་དོན་གྲུབ་དང་སྐལ་བཟང་ཚེ་རིང་ལྟ་བུ་ཆགས་འདོད་ཡོད་པར་ངེས་པར་དུ་དེང་རབས་ཀྱི་ཤེས་ཡོན་སྦྱང་དགོས་པའི་བསམ་བློ་དེ་དུས་ནས་འགོ་ཚུགས་ཚུལ་ཁོང་གི་བོད་མི་གསར་རྗེ་བ་ཞིག་ཞེས་པའི་དེབ་ནང་གསལ་འདུག །
       སྐབས་དེ་བོད་ནང་ལ་ཡང་བཀྲ་མི་ཤིས་ལུ་གུ་བརྒྱུད་ལྟར་བྱུང་དང་འབྱུང་བཞིན་པ་ཞིག་རེད། ད་ཡང་སྤྱིར་༸རྒྱལ་དབང་ཡབ་སྲས་དབར་དམ་སེར་རིགས་གཏན་ནས་མེད་པ་ཡང་གཞུང་བླའི་ཞབས་འབྲིང་དབར་རང་རང་འཁུར་འཁྲིའི་ལས་དོན་བྱེད་ཕྱོགས་དབང་གིས་གཞུང་དང་བླ་བྲང་བར་འགལ་བ་བྱུང་བ་དང་། པཎ་ཆེན་རིན་པོ་ཆེ་ཡང་རྒྱ་ནག་ཏུ་ཕེབས་དགོས་བྱུང་ཡོད། དེ་ཙམ་མ་ཟད་བོད་གཞུང་ནང་ལ་ཡོད་པའི་དེང་དུས་ཀྱི་ཤེས་ཡོན་ཅན་རྣམས་ཀྱི་གསར་རྗེའི་ལས་འགུལ་ལ་གདན་ས་ཁག་གི་སློབ་དཔོན་ལྟ་བ་མཁྲེགས་འཛིན་ཅན་རྣམས་ནས་ཡུལ་ལུང་ཡར་རྒྱས་ལ་ཆོས་ཕྱོགས་ནས་དགག་བྱ་ཡང་ཡང་བྱུང་བ་དེ་དག་ནི་ཆབ་སྲིད་ལ་གནོད་པའི་འགལ་རྐྱེན་བསམ་བཞིན་ཆེད་བཟོས་བྱས་པ་ཞིག་མ་ཡིན་ཡང་ཕྱི་རྒྱལ་གྱི་གནས་ལུགས་ཇི་བཞིན་མ་རྟོགས་པ་དང་། ནང་པའི་ཆོས་ཁོ་ནར་སྲུང་བརྩེ་ཧ་ཅང་ཆེ་དྲག་པའི་དབང་གིས་བོད་གཞུང་ནས་རྒྱ་གར་དང་རྒྱལ་རྩེ་སོགས་སུ་སློབ་སྦྱོང་དུ་གཏོང་གནང་མཛད་པའི་དྲག་པོའི་དཔོན་རིགས་ལོ་གཞོན་རྣམས་ཀྱི་དམག་སྤྱི་བཀའ་བློན་ཚ་རོང་པས་གཟིགས་བསྐྱངས་ཆེ་ཞིང་། ལྷ་སའི་ནང་སྤྱོད་ལམ་གང་ཅི་དབྱིན་ཇི་ལྟ་བུའི་གསར་སྤྲོས་དང་དང་འདོད། ལྷག་པར་སེ་ར་དང་འབྲས་སྤུངས་གྱི་རི་རྒྱུད་དུ་དམག་གི་སྦྱོང་བརྡར་ཆེད་རི་འཛེག་དང་གྲ་བཞིའི་ཐང་དུ་རྟ་ཐོག་གྲུ་གུ་རྩེད་པ་སོགས་གཞུང་ཞབས་སེར་སྐྱ་རྒན་གྲས་དང་གདན་སའི་གྲྭ་རིགས་རྣམས་གསར་བརྗེར་མི་དགའ་བས། ཚ་རོང་ཟླ་གྲགས་དམག་སྤྱི་ལས་ཐོག་གནས་དབྱུངས་ཀྱིས་སླད་ལན་ཚན་ཞུ་འཚངས་མི་ཆོག་པ་བཅས་དེ་དང་དེ་འདྲ་བའི་བཀྲ་མི་ཤིས་པའི་གནས་ཚུལ་ཇི་མང་ཡོད། ཡང་ཕྱོགས་གཞན་ཞིག་ལ་ཕྱི་གླིང་བཙན་འཛུལ་བྱེད་མཁན་གྱི་དགྲ་བོ་ལ་ཁ་གཏད་བྱེད་བཞིན་ཡོད། ཡིན་ན་ཡང་སྐབས་དེ་བོད་ནང་གི་མཐོ་བའི་མི་སྣ་དང་མི་མང་བར། གཞུང་ཞབས་ཕན་ཚུན་བར། ཐ་ན་བོད་མི་ཚང་ལ་ཕྱིའི་དགྲ་བོ་བཙན་འཛུལ་བྱེད་པར་མི་དགའ་བ་དང་ངོ་རྒོལ་ཐ་གཅིག་ཏུ་བྱས་ཀྱང་ནང་ཕན་ཚུན་རྡོག་རྩ་གཅིག་སྒྲིལ་མེ་པ་སྒེར་གྱི་མཚན་གནས་དང་གོ་ས་ཐོག་འགྲན་བརྩོད་གྱིས་སྤྱིའི་ལས་དོན་ལ་བསམ་བློ་གཏོང་མཁན་ནི་ཉིན་མོའི་སྐར་མ་དང་མཚུངས་ཡོད།
༢༽ ཕུན་དབང་དང་བོད་གཞུང་བར་གྱི་འབྲེལ་བ།
ཕུན་དབང་མཆོག་ནི་ཕྱི་ལོ་༡༩༣༦ལོ་ནས་རྒྱལ་ས་ནན་ཅིན་དུ་ཆབ་སྲིད་སློབ་གྲྭའི་ཟུར་གཏོགས་བོད་སོག་སློབ་གྲྭ་རུ་སློབ་སྦྱོང་གནང་བ་དང་ཞོར་དུ་སི་ཏ་ལིན་དང་ལེ་ཉིན་གྱི་མི་རིགས་སྐོར་གྱི་བརྩམས་ཆོས་འབོར་ཆེན་བཀླགས་ཡོད་པ་དང་ ༡༩༣༩ ལོར་སློབ་གྲྭ་དེ་ཁྲུན་ཆིན་དུ་སྤར། ཁྲུན་ཆིན་དུ་ཁོང་གིས་བསམ་བློའི་གོ་རྟོགས་མཐོར་འདེགས་ཆེད་ཕྱོགས་གཅིག་ནས་སློབ་སྦྱོང་ལ་འབད་བརྩོན་རྒྱུན་མར་གནང་བ་དང༌། ཕྱོག་གཞན་ཞིག་ནས་སྐབས་ཀྱི་རྩ་དོན་དང་འབྲེལ་བའི་རང་གི་དམིགས་ཡུལ་ཏེ་དྲག་ཤུགས་ལ་བརྟེན་ནས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱས་ཏེ་བོད་ཀྱི་ལམ་ལུགས་རྙིང་པ་བསྒྱུར་བཅོས་ཀྱི་ཚབ་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་བརྟན་པོ་ཞིག་འཛུགས་རྒྱུའི་ཆེད་དུ་གོ་མིན་ཏང་ཆབ་སྲིད་སློབ་གྲྭའི་ནང་དུ་བོད་རིགས་གུང་ཁྲན་ཚོགས་པ་གསར་འཛུགས་གནང་བ་གོ་མིན་ཏང་འབྲེལ་ཡོད་མི་སྣས་ཤེས་ཚོར་བྱུང་སྟེ། ཁོ་རང་གོ་མིན་ཏང་ཆབ་སྲིད་སློབ་གྲྭའི་ཞོར་གཏོགས་བོད་སོག་སློབ་གྲྭའི་སློབ་སྤྱི་ཅང་ཅེ་ཧྲིས་ནས་ཕྱིར་འབུད་བཏང༌། དེ་རྗེས་ཁམས་ཁུལ་དུ་ཕྱིར་ལོག་ནས་ཕྱི་ཚུལ་དུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་དོན་ལ་ཁམས་ཁུལ་གསར་བརྗེ་བྱ་རྒྱུའི་བྱེད་སྒོ་སྤེལ་བར་གོ་མིན་ཏང་སྲིད་གཞུང་ནས་ཚོར་བས་འབྲི་ཆུའི་ནུབ་རྒྱུད་བོད་གཞུང་མངའ་ཁོངས་སུ་བྲོས་བྱོལ་གནང༌། ཕྱི་ལོ་༡༩༤༣ལོར་ལྷ་སར་ཕེབས་ཏེ་ཡང་བསྐྱར་བོད་རིགས་གཅིག་གྱུར་བཅིངས་འགྲོལ་གནའ་འབྲེལ་ཚོགས་པ(དེབ་གཞན་དུ་བོད་རིགས་དམར་ཤོག་ཚོགས་པ་ཞེས་བྲིས་འདུག)བཙུགས་ཏེ་བསམ་བློ་ཁོག་ཡངས་ཅན་གྱི་སྐུ་དྲག་དག་ལ་འབྲེལ་བ་གནང་སྟེ་ཞི་བའི་སྒོ་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་འབྱུང་རྒྱུའི་ཤུགས་རྐྱེན་ལ་སྒོ་གང་ས་ནས་འབད་པ་དང༌། ཚོགས་པའི་མིང་ཐོགས་ནས་བོད་གཞུང་བཀའ་ཤག་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ། སྤྱི་ཚོགས་དམངས་གཙོའི་བཅོས་བསྒྱུར་ཁག་ལག་བསྟར་བྱེད་དགོས་པ་དང༌། མི་དམངས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པ། དམངས་གཙོའི་སྤྱི་ཚོགས་གསར་བའི་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན། ཕྱོགས་གཞན་ཞིག་ནས་ཁམས་ཕྱོགས་སུ་བོད་དམག་འབོར་ཆེན་རྩ་འཛུགས་ཆེད་བོད་སྲིད་གཞུང་ནས་གོ་མཚོན་འཐོབ་རྒྱུའི་འབད་བརྩོན་གནང་ཡང་གྲུབ་འབྲས་གང་ཡང་མ་ཐོབ། རྒྱ་གར་དང་ཨུ་རུ་སུའི་དམར་ཤོག་ཚོགས་པ་དག་ལ་འབྲེལ་བ་གནང་ཡང་རོགས་རམ་གང་ཡང་མ་ཐོབ་པས་གོ་མིན་ཏང་སྲིད་གཞུང་གི་མངའ་འོག་ཏུ་ལུས་འི་འབའ་ཐང་དུ་ཕྱིར་ལོག་མི་བྱེད་ཀ་མེད་བྱུང་སྟེ། རང་རིགས་ལ་ཤ་ཞེན་ཅན་མགོན་པོ་ཚེ་རིང་དང་མཉམ་འབྲེལ་བྱས་ཏེ་ཤར་བོད་མི་དམངས་རང་སྐྱོང་མནའ་འབྲེལ་ཚོགས་པ་”བཙུགས་ནས་གོ་མིན་ཏང་ས་གནས་ཀྱི་དམག་ཤེད་ཅན་གཏོར་སྟེ་ཁམས་ཁུལ་གཅིག་གྱུར་གྱི་སྲིད་གཞུང་འཛུགས་རྒྱུའི་འཆར་བཀོད་གནང་ནས་དྲག་པོའི་འོས་ལངས་ལ་ཕམ་ཉེས་བྱུང་བ་དང༌། གོ་མིན་ཏང་སྲིད་གཞུང་ནས་འཇུ་བཟུང་བཀའ་རྒྱ་བཀྲམས་པས་ཡང་བསྐྱར་ལྷ་སར་ཕེབས། དུས་མཚུངས་ཆབ་སྲིད་ཀྱི་དུས་དབང་གིས་བོད་གཞུང་གིས་ཀྱང་ཕུན་དབང་སོགས་བོད་མི་མང་པོ་ལྷ་ས་ནས་ཕྱིར་འབུད་བཏང༌ཡོད་པ་རེད
༣༽ རང་སྐྱོང་འཐབ་རྩོད་དང་ཆིན་ཁྲིན་བཙོན་ཁང་།
དེ་ལྟར་རང་སྟོབས་ལ་བརྟེན་ནས་བོད་ཁམས་གཅིག་གྱུར་གྱི་ཞིང་ཁམས་ཤིག་འཛུགས་རྒྱུར་འབད་བརྩོན་རྒྱ་ཆེར་གནང་ཡང་སྔ་ཕྱིར་ཕམ་ཉེས་བྱུང༌ཞིང་། མཐར་དེ་ལྟར་ཡོང་རྒྱུའི་རེ་བ་མངོན་འགྱུར་མེད་པར་རྟོགས་ནས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་རང་གི་བསམ་བློའི་ཁ་ཕྱོགས་ལ་འགྱུར་བ་གནང་བ་སྟེ། རྒྱ་ནག་གུང་ཁྲན་ཚོགས་པ་དང་མཉམ་འབྲེལ་གནང་ནས་དེའི་སྟོབས་ཤུགས་བེད་སྤྱོད་དེ་བོད་ཀྱི་ལམ་ལུགས་རྙིང་་བསྒྱུར་བཀོད་བཏང་ནས་བོད་ཀྱི་ས་ཁུལ་ཡོངས་རྫོགས་གཅིག་གྱུར་གྱི་རང་སྐྱོང་ཚད་ལྡན་ཞིག་འཛུགས་ཐུབ་རྒྱུའི་རེ་བ་བྱས། སྐབས་དེའི་བོད་ཁུལ་ལ་མཚོན་ན་དེ་བས་ལེགས་ཤོས་ཀྱི་ཐབས་ཤས་ཤིག་མེད་པར་རྟོགས་ནས་པེ་ཅིང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་ཐུབ་རྒྱུར་ཧུར་བརྩོན་གནང་བ་དང༌། སྐབས་དེའི་གྲོས་མཐུན་གྱི་ཕྱོགས་གཉིས་ཀྱི་སྐད་བསྒྱུར་བ་འབའ་བ་ཕུན་ཚོགས་དབང་རྒྱལ་དང་བཀྲ་ཤིས་དབང་ཕྱུག་གཉིས་ཡིན་འདུག་སྟེ། བཀྲ་ཤིས་དབང་ཕྱུག་གི་“རང་གི་ལོ་རྒྱུས་མདོར་བསྡུས”ལས་སྐབས་དེར་ཁོ་བོ་ཨ་མདོའི་ཡུལ་སྐད་ལས་དབུས་གཙང་གི་ཡུལ་སྐད་ཇི་བཞིན་བཤད་མི་ཤེས་བར་བརྟེན། ཞི་མཐུན་བཀའ་མོལ་གནང་སྐབས་ཀྱི་སྐད་བསྒྱུར་ནི་དེ་སྔ་ལྷ་སར་བཞུགས་མྱོང་ཞིང་དབུས་གཙང་གི་སྐད་ལུགས་མཁྱེན་མཁན་ཕུན་ཚོགས་དབང་རྒྱལ་མཆོག་གིས་གནང༌། དབུས་གཙང་ཡུལ་སྐད་དང་ཨ་མདོའི་ཡུལ་སྐད་ནི་གཙོ་བོ་སྐད་གདངས་ཀྱི་ཐོག་ནས་ཁྱད་པར་ཆེ་ཙམ་ཡོད་པ་ལས་ཡི་གེའི་ཐད་གཅིག་གྱུར་ཡིན་ཁར། མིང་ཚིག་ཀྱང་མང་ཆེ་བ་གཅིག་གྱུར་ཡིན་སྟབས་ཡིག་བསྒྱུར་གྱི་ཐད་ཁོ་བོས་བྱས་”ཞེས་བྲིས་འདུག་པ་དང་བཅིངས་གྲོལ་དམག་གིས་ལྷསར་དཔུང་འཇུག་བྱེད་སྐབས་ཕུན་དབང་མཆོག་སྐད་བསྒྱུར་བ་གནང་སྟེ་མཉམ་དུ་བསྐྱོད་ཡོད་པ་རེད། རྗེས་སུ་པེ་ཅིང་ནས་དམའ་རིམ་མགོ་ཁྲིད་ངན་པས་གཡོ་ཇུས་དང་ཕྲག་དོག་གི་དབང་གིས་བོད་ཐོག་འཛིན་པའི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་བྱུང་སྟེ་སྔར་གྱི་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་དང་དམ་བཅའ། ཁས་ལེན། ཁ་གཡང་སོགས་ལག་ལེན་གྱི་ཐོག་སྟོང་ར་གྱུར་ཏེ། བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་ལམ་ལུགས་དམར་རྗེན་དུ་མཐོང་སྟབས། རང་གཅེས་ཀྱི་བསམ་བློ་ཡོང་སུ་བཏང་ནས་བོད་མི་རིགས་ཀྱི་ཆེད་དུ་བློ་སྤོབས་ཆེན་པོས་ངོ་རྒོལ་དང་བོད་ཁུལ་གྱི་གནས་ཚུལ་གོང་རིམ་ལ་སྙན་ཞུ་ཕུལ་བ་སོགས་ཀྱི་དབང་གིས་མི་རིགས་ལ་ཤ་ཞེན་ཆེ་ཞིང༌། བློ་སེམས་དཀར་བའི་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་བདེན་དོན་གྱི་ཆེད་དུ་ཕམ་ཉེས་བྱུང༌བ་སྟེ། ཉེས་མེད་ཉེས་འགལ་གྱི་ཞྭ་མོ་ཆེན་པོ་ཞིག་བསྐོན་ནས་མི་ལོ་བཅོ་བརྒྱད་ཀྱི་རིང་འཛམ་གླིང་ན་མིང་དུ་གྲགས་ཆེ་བའི་ཆིན་ཁྲེན་ཆབ་སྲིད་བཙོན་ཁང་དང་པོའི་ནང་འཚོ་དགོས་བྱུང་བ་རེད། ཕུན་དབང་གིས་སྲིད་འཛིན་ཧུའུ་ཅིན་ཐོ་ལ་ཕུལ་བའི་འཕྲིན་ཡིག་ནང་དུ་ལོ་རབས་དྲུག་བཅུ་པའི་ནང་རང་ཁྱིམ་གུང་ཁྲན་ཏང་གི་མི་རེ་འགས་ཉེས་མེད་ཉེས་འདོགས་ཀྱིས་{བོད་རང་བཙན་གྱི་ལས་འགུལ་སྤེལ་བར་}ཁ་གཡར་ནས་ཆིན་ཁྲེན་བཙོན་ཁང་དང་པོར་མི་ཧྲེང་གཅིག་པོར་བཙོན་འཇུག་བྱས་ཏེ། ལུས་དང་སེམས་ཐོག་མི་ལོ་བཅོ་བརྒྱད་རིང་གདུག་རྩུབ་ཚད་མེད་ཀྱིས་མནར་གཅོད་བཏང་”ཞེས་གསུངས་པ་ལྟར་ལགས་ཤིང་། དུས་སྐབས་དེར་ཁོང་གི་ཆུང་མ་ཡང་བཙོན་ཁང་གཞན་ཞིག་ཏུ་མནར་གཅོད་འོག་འདས་གྲོངས་སུ་གྱུར་་དང༌། སྤུན་གྲོགས་དང་བུ་ཕྲུག་དག་ཀྱང་ཚད་གཞི་མི་འདྲ་བའི་རྡུང་རྡེག་དང་བཙོན་འཇུག་བྱས་ས་ཁོང་གི་མ་རྒན་ལགས་ནས་དེ་དོན་ལ་སྡུག་བསྔལ་ཚད་མེད་གནང་ནས་འདས་གྲོངས་སུ་གྱུར། འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ལུས་པོ་བཙོན་དུ་ཚུད་ནའང་བློ་སྤོབས་ལ་ཞུམ་པ་མེད་པར་ད་དུང་ཕམ་ཁའི་ཁྲོད་ནས་རྒྱལ་ཁ་ལ་རེ་བ་མངོན་དུ་ཕྱོགས་ཏེ། མར་ཁེ་སི་རང་ལུགས་ཀྱི་རིག་གཞུང་དེབ་མང་པོ་དང༌། ལྷག་པར་དུ་མཚན་ཉིད་རིག་པའི་དཔེ་དེབ་མང་པོ་ཀློགནས་སློབ་སྦྱོང་དང་ཞིབ་འཇུགགཏིང་ཟབ་པོ་གནང་མཐར། སྐད་གྲགས་ཅན་གྱི་དེབ་རྩོད་སྒྲུབ་རིག་པའི་གསརདཔྱད་ཅེས་་ལེགས་གྲུབ་བྱུང་སྟེ་མར་ཁེ་སི་མཚན་ཉིད་རིག་པ་འཕེལ་རྒྱས་དང་བོད་མི་རིགས་ཀྱི་མཚན་སྙན་དང་ལ་རྒྱ་མཐོར་འདེགས་གནང༌། ཆིན་ཁྲེན་ཆབ་སྲིད་བཙོན་ཁང་དང་པོའི་ནང་ཁོང་གིས་མཐའ་མཇུག་བྲིས་བའི་སྙན་ཚིག་དུམ་བུ་ཞིག་ཡོད་པ་ནི་འདི་ལྟར། ཉི་གཞོན་འོད་ཐིག་སྒེའུ་ཁུང་ཟུར་ནས་འཕྲོས།། ནུབ་ཁའི་ཉི་འོད་ལྕགས་སྒོའི་ངོགས་སུ་གསལ།། ཉམ་ངའི་བཙོན་ཁང་སྒོ་ལྕགས་མདོ་སྦུག་མནན།། གཅིག་པུར་གྱང་ལ་མི་ལོ་བཅོ་བརྒྱད་བལྟས།། དབྱར་དགུན་སྟོན་དཔྱིད་ཡོལ་ནས་སྐྱར་དུ་སླེབས།། དཔྱིད་ཀྱི་མེ་ཏོག་སྟོན་གྱི་ཟླ་བ་དེ།། ལྕགས་རི་མཐོན་པོའི་ཕྱི་ལ་གནས་པ་ཙམ།། འཇིག་རྟེན་འདི་རུ་ཁྲིམས་གཅོད་གཏོང་ཐབས་མང།། སྐྱེས་ཆེན་དམ་པ་སྔར་ནས་གནོད་ཅིང་འཚེ།། གནས་བབ་ལས་དབང་སྐྱོ་བ་བཀའ་དྲིན་ཆེ།། ཐོས་བསམ་འབད་པ་བསྐྱེད་པས་གོ་རྟོགས་རྙེད།། དེ་ཡིས་རང་བཞིན་གཉིས་ཀར་རྒྱུས་ཡོད་དང༌།། འཇིག་རྟེན་ཁམས་ཀྱི་འཕོ་འགྱུར་གནས་ལུགས་རྟོགས།། སྡུག་བསྔལ་ཁྲོད་ནས་བདེ་བ་འཚོལ་གནས་སུ།། བདེ་བའི་སེམས་ཀྱིས་སྡུག་བསྔལ་གཞོམ་པར་བྱེད།། དཀའ་ཡང་སྐྱིད་པའི་འབྲས་བུ་ལག་ཏུ་སོན།། ང་ནི་རང་དབང་ཆེད་དུ་རང་དབང་ཤོར།། རང་དབང་མེད་ཀྱང་རང་དབང་ཡོད་པ་ཡིན།། ཞེས་བྲིས་འདུག་པ་འདི་ལས་འབའ་་ཕུན་དབང་གི་ཆིན་ཁྲིང་བཙོན་ཁང་ཆེན་མོའི་རྣམ་པ་དང་བཙོན་འཇུག་གི་དུས་ཡུན། སློབ་སྦྱོང་གི་གོ་རྟོགས། སྡུག་བསྔལ་གྱི་མྱོང་ཚོར་སོགས་གསལ་པོར་མཚོན་ནུས་པ་འདུག་གོ།།
                  ༤༽ བཙོན་གྲོལ་ཐོབ་པའི་ཕུན་དབང་དང་རྒྱ་ནག་གི་དབང་འཛིན་པ།
ཕུན་དབང་མཆོག་བཙོན་གྲོལ་ཐོབ་མ་ཐག་ཕལ་ཆེར་ལྐུགས་པ་ལྟ་བུ་ཆགས་ཡོད་པ་དང་“རྩོད་སྒྲུབ་རིག་པའི་འཚོལ་ཞིབ་གསར་པ་”དང༌། “ཟླ་བའི་གོ་འི་སླ་གཟུགས་ཀྱི་རྣམ་བཤད་”“རང་བྱུང་རྩོད་སྒྲུབ་རིག་པའི་འཚོལ་ཞིབ་བསྐྱར་མ་”ལ་སོགས་པའི་ཕུལ་བྱུང་བརྩམས་ཆོས་ཁག་འཛམ་གླིང་ལ་ལེགས་སྐྱེས་སུ་ཕུལ་ཐུབ་བྱུང་བ་ནི་ངོ་མ་བསམ་ཡུལ་ལས་འདས་པའི་མཛད་པ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་གསར་ཤོག་དང་དུས་དེབསོགས་ཀྱི་སྟེང་དུ་ཁོང་གི་གྲུབ་འབྲས་ལ་གདེང་འཇོག་དང་མཚན་སྙན་འཛམགླིང་ཡོངས་ལ་གྲགས་ཡོད། འདི་ཁོ་ནས་ཀྱང་ཁོང་གི་སྙིང་སྟོབས་དང་བློ་གྲོས་ཟླ་མེད་ཀྱི་ཕུལ་བྱུང་ཏང་གཤིས་མཚོན་ཐུབ་ཅིང་། ཕྱི་ལོ༡༩༨༠ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྟེགས་བུའི་ཐོག་བློ་མཐུན་ཏན་ཞའོ་ཕིན་གྱིས་ཁོང་གི་ལག་ལ་དམ་པོར་འཇུས་ཏེ། “ཁྱེད་ཀྱིས་དཀའ་སྡུག་ཆེན་པོ་མྱངས་སོང༌། ཁྱེད་ལ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དེ་རྦད་དེ་ནོར་འཁྲུལ་རེད།” ཅེས་གསུངས་པ་དང༌། དེ་མུར་སྐབས་དེའི་སྤྱི་ཁྱབ་སྲིད་འཛིན་ཧུའུ་ཡའོ་པང་ནས་ཀྱང༌། “དེ་རིང་ཁྱེད་རང་གི་མཚན་སྙན་སླར་གསོ་བྱས་པ་དང༌།” ཅེས་དཀར་འདོན་གནང་ཞིང༌། ༡༩༨༠ ལོ་ནས་སྐབས་ལྔ་་དང་དྲུག་པ། བདུན་པ་བཅས་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་དང༌། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་སོགས་ལ་བདམས་པ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་མཚན་ཉིད་རིག་པའི་རབ་འབྱམས་པའི་སློབ་མའི་སློབ་སྟོན་པ་སོགས་ཀྱི་འགན་བཞེས་མྱོང༌ཞིང་། ཏན་ཞའོ་ཕིན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གསར་འི་འོག་རང་མི་རིགས་ཀྱི་ཁེ་དབང་ལ་རྩ་ཁྲིམས་ཀྱི་འགན་སྲུང་ཡོང་ཆེད་གོང་རིམ་ལ་སྙན་ཞུ་དང་བསམ་ཚུལ། གྲོས་འདོན་གནང་སྟེ་མི་རིགས་ལ་ཤ་ཞེན་རུས་ཞེན་གྱི་སྒོ་ནས་ཕན་འབྲས་ལྡན་པའི་བྱ་བ་མང་དུ་སྒྲུབས་གནང་ཡོད། མདོར་ན་འབའ་་ཕུན་ཚོགས་དབང་རྒྱལ་ནས་རང་གི་མི་ཚེ་ལ་འོད་སྟོང་ལྡན་པ་ཞིག་དང་ཕ་ཡུལ་གངས་རིའི་ལྗོངས་སུ་མི་རིགས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང༌། འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་གྱི་གངས་ལྗོངས་ཞིག་ཏུ་འགྱུར་ཆེད་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་བློ་སྤོབས་ཆེན་པོས་དཀའ་སྡུག་སྣ་ཚོགས་རྒྱབ་ཏུ་བསྐྱུར་ནས་འབད་བརྩོན་གནང་བ་ལ་མི་རབས་ཕྱི་མ་རྣམས་ཀྱིས་ཤེས་རྟོགས་དང་སློབ་སྦྱོང་གནང་དགོས་པའི་གནད་དམ་པ་ཞིག་ཏུ་གྱུར་ཡོད།

༥༽ ཕུན་དབང་གི་ལྟ་བ་དང་རྒྱ་ནག་དམར་ཤོག་གི་ལྟ་བའི་ཁྱད་པར།
བོད་མི་གསར་བརྗེ་བ་ཞིག་གི་དངོས་མྱོང་ཆབ་སྲིད་འཚོ་བའི་བརྒྱུད་རིམ་སྤྱི་དང༌ལྷག་པར་ཐུན་མོང་མ་ཡིན་པའི་དམར་པོའི་རིང་ལུགས་པའི་གསར་བརྗེའི་བསམ་བློ་དང་སྤྱོད་ལམ་རྣལ་མ་ཞིག་འབུར་དུ་ཐོན་པས་མི་རྣམས་ཀྱི་མིག་ལམ་དུ་དོན་ངོ་མའི་དམར་ཞིང་མཁས་པའི་བོད་མི་ཏང་ཡོན་ཞིག་གི་རང་གཟུགས་གསོན་ཉམས་དོད་པོ་ཞིག་སྣང་བར་བྱས་པ་དང་ལྷན་དུ་དེ་སྔའི་གཟི་བརྗིད་ཆེ་བར་བསྔགས་པའི་རྒྱ་ནག་གི་གུང་ཁྲན་ཏང་ཡོན་མང་པོ་ཞིག་གི་བརྗིད་ཉམས་བག་ལ་ཞ་བར་བྱས་ཡོད། ཐ་ན་མའོ་ཙེ་ཏུང་དང་ཏིང་ཞོའོ་ཕིང་སོགས་མར་ལེ་རིང་ལུགས་པའི་སྲས་ཀྱི་ཐུ་བོར་རློམ་པ་དག་ཀྱང་ཁོང་གི་མདུན་དུ་གདོང་འབག་གྱོན་པའི་གསར་བརྗེ་བ་ཙམ་གྱི་ཚོར་སྣང་ཞིག་མི་རྣམས་ལ་རང་བཞིན་གྱི་བྱུང་ཡོད། དེ་ནི་མའོ་སོགས་ཀྱིས་མར་ལེའི་དགོངས་པ་ཇི་བཞིན་མ་རྟོགས་པ་རེད་ཅེས་བརྗོད་དཀའ་ནའང་ཆབ་སྲིད་ཀྱི་རྒྱ་རིགས་ཆེན་མོའི་ཁེ་ཕན་སོགསདགོས་དབང་ཞིག་གིས་ལོག་འགྲེལ་གྱིས་༡༩༥༧ཟླ་༨པའི་ཚེས་༤ཉིན་མི་རིགས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོགཀྲོའུ་ཨེན་ལའེ་ཡིས། <རང་རྒྱལ་གྱི་མི་རིགས་སྲིད་ཇུས་སྐོར་གྱི་གནད་དོན་ཁ་ཤས>ཞེས་པའི་གཏམ་བཤད་སོགས་ལས་གསལ་རྟོགས་ཐུབ། གཞི་རྩའིམི་རིགས་ཁག་གི་བདག་དབང་འདྲ་མཉམསྟེ། མི་རིགས་ཀྱི་རང་སྲིད་རང་སྐྱོང་དང༌། ཐ་ན་རང་བཙན་སྤྱི་མཐུན་རྒྱལ་ཁབ་ཀྱང་འཛུགས་ཆོག་པའི་ལེ་ཉིན་གྱི་མི་རིགས་རང་ཐག་རང་གཅོད་གཙང་མའི་དགོངས་དོན་ལ་སྔ་ཕྱི་བར་གསུམ་དུ་ཁས་ལེན་གཏན་ནས་མ་བྱས་པར། ཀྲུང་གོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཚམ་ཚུལ་བརྒྱུད་སྒྲོག་གིས་ཉ་ཉུང་མཉམ་བསྲེས་ཀྱིས་གྲངས་ཉུང་མི་རིགས་ཁག་ལ་ཆབ་སྲིད་ཀྱི་མགོ་སྐོར་དང་དྲག་ཤུགས་ཟུང་སྦྲེལ་གྱིས་དབང་སྒྱུར་བྱས་པས་གསར་བརྗེའི་གཙོ་འཛིན་གྱི་རྒྱའི་དཔོན་རིགས་ནི་དེ་དག་གུང་ཁྲན་ཏང་ཡོན་ཞིག་ལ་ལྡན་དགོས་པའི་མ་མཐའི་ཚད་གཞི་ལས་ལྷུང་ཡོད། མི་རིགས་ལ་སྤྱི་ཚོགས་གསར་བའི་བདེ་སྐྱིད་འཚོ་གནས་ཤིག་གང་མྱུར་འཐོབ་རྒྱུར་ཡིད་ཆེས་ཀྱིས་དཀའ་ངལ་གང་མང་ལ་གདོང་ལེན་བྱེད་སྐབས་རྒྱ་ནག་གུང་ཁྲན་ཏང་གིས་ཁོང་ལ''ས་གནས་མི་རིགས་རིང་ལུགས་པའི''ཞྭ་མོ་གཡོགས་ཏེ་ཁེར་རྐྱང་དུ་སྡུག་སྦྱོང་ཚད་མེད་མྱོང་དགོས་བྱུང༌རུང་ཁོང་གིས་མར་ལེའི་གསུང་རྩོམ་མང་པོར་སློབ་སྦྱོང་གིས་རྩོད་སྒྲུབ་རིགས་པས་རིག་པའི་ཀློང་བརྡོལ་ནས་ཞིབ་འཇུག་བྱས་འབྲས་སུ། མུ་མཐུད་དེ་བོད་སོགས་གྲངས་ཉུང་མི་རིགས་ཁག་གི་ལས་སྐལ་ལ་ཐུགས་ཁུར་ཆེ་བཞེས་ཀྱིས། མི་རིགས་ཁག་གི་ཆབ་སྲིད། དཔལ་འབྱོར། རིག་གནས་ཐད་ཀྱི་རང་སྐྱོང་རང་བདག་གི་དབང་ཆར་ཁས་ལེན་བརྩི་བཀུར་དགོས་པའི་མར་ལེའི་དགོངས་དོན་དྲི་མ་མེད་པ་ལག་བསྟར་ཡོང་སླད་ཀྲུང་གོའི་རྩ་ཁྲིམས་གསར་བཅོས་ནང་ལ་གཞུང་ལུགས་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་ཁག་གི་རང་སྐྱོང་བདག་དབང་ཆ་ཚང་དགོས་པ་སོགས་ཀྱི་དགོངས་འཆར་རིན་ཐང་བྲལ་བ་བཏོན་ནས་སླར་ཡང་ཀྲུང་དབྱང་དང་འགལ་ཟླའི་ཉེན་ཁར་ལྷུང༌། དེ་རྗེས་ཧུའུ་ཡོ་པང་དང༌། ད་ལྟའི་སྲིད་འཛིན་ཧུའུ་ཅིན་ཐོ་ལའང་བོད་དོན་ཐད་ྋགོང་ས་མཆོག་གི་ལམ་དབུ་མ་ལྟར་གྱི་ཐག་གཅོད་གནང་རྒྱུ་ནི་མར་ལེའི་དགོངས་དོན་དང་མཐུན་ལ་རྩ་ཁྲིམས་དང་མ་འགལ་བའི་བོད་མི་དམངས་ཀྱི་མངོན་འདོད་ངོ་མ་ཡིན་ཚུལ་གྱི་དགོངས་འཆར་ཤུགས་ཆེན་འདོན་བཞིན་པ་འདིས་ཀྱང་ཕུན་དབང་གི་ལྟ་བའི་འཁྱེར་སོ་དང་རྒྱ་ནག་པའི་དམར་པོའི་ལམ་ལུགས་བར་གྱི་ཁྱད་པར་ཤེས་ཐུབ་པ་མ་ཟད་ཁོང་གི་སྙིང་སྟོབས་དང་བློ་གྲོས་ཟླ་མེད་ཀྱི་ཕུལ་བྱུང་ཏང་གཤིས་ཀྱང་མཚོན་ཐུབ། དེས་ན་ང་ཚོས་ཁོང་གི་མཁས་མཛངས་ལྡན་པའི་དྲང་བདེན་འཐབ་རྩོད་འདི་ལ་ཡི་རང་ཞུ་འོས་ལ། ལྷག་པར་བོད་ནང་གི་རྣམ་དཔྱོད་ཅན་ཚོས་ཁོང་གི་རྗེས་སུ་འབྲངས་ཏེ་བོད་དོན་གླེང་རྒྱུ་ནི་ཧ་ཅང་གལ་ཆེ་ལ་ངེས་པར་སྒྲུབ་དགོས་པའི་དུས་ལ་བབ་པའི་འགན་འཁྲི་ཞིག་ཀྱང་ཡིན་ནོ།།
༦༽ མར་ཁེ་སིའི་དང་། མོའོ་བཅས་ཀྱི་མི་རིགས་ཀྱི་ལྟ་གྲུབ།
མར་ཁེ་སེའི། “མི་དང་མིའི་བར་བཤུ་གཞོག་རྩ་མེད་ཕྱིན་པ་ན། མི་རིགས་བར་གྱི་བཤུ་གཞོག་ཀྱང་དེ་ལྟར་རྩ་མེད་འགྲོ་བ་དང་། མི་རིགས་ནང་ཁུལ་ན་གྲལ་རིམ་བར་གྱི་ཁ་གཏད་འགལ་རྩ་མེད་པ་ཕྱིན་ཚེ། མི་རིགས་ཕན་ཚུན་གྱི་དགྲ་འཛིན་འགལ་བའང་རྩ་མེད་དུ་འགྲོ་བ་ཡིན། མི་རིགས་ཀྱི་གནད་དོན་ནི་འབྱོར་མེད་གྲལ་རིམ་གསར་བརྗེ་ཡི་ཆ་ཤས་ཤིག་ཡིན་པ་ལས།གནད་དོན་རྐྱང་པ་ཞིག་ཏུ་བལྟ་མི་རུང་།” དེ་ནི་༡༨༤༣ཡལོར་འགྲེམས་སྤེལ་བྱས་པའི་འཇིའུ་མིའི་གནད་དོན་གླེང་བ་ཞེས་པའི་རྩོམ་ཡིག་ཏུ། “ཁོང་གིས་འཇིའུ་མིའི་གནད་དོན་ནི་ཆབ་སྲིད་བཅིངས་འགྲོལ་གྱི་གནད་དོན་ཙམ་དུ་མ་ཟད། མི་རིགས་བཅིངས་འགྲོལ་གྱི་གནད་དོན་ཞིག་དང་འགྲོ་བ་མིའི་རིགས་བཅིངས་འགྲོལ་གྱི་གནད་དོན་ཞིག་ཀྱང་ཡིན།” ཞེས་དང་། “མི་རིགས་བཅིངས་འགྲོལ་དང་འགྲོ་བ་མི་རིགས་བཅིངས་འགྲོལ་ཞེས་པ་ནི། “མི་རྣམས་བརྙས་བཅོས་མྱོང་དུ་འཇུག་པ་དང་བྲན་ཏུ་བཀོལ་བ། ཕྱིར་འབུལ་བྱེད་པ་དང་མཐོང་ཆུང་ཕོག་ཏུ་འཇུག་པར་བྱེད་པའི་ཡོངས་རྫོགས་མགོ་རྟིང་སློག་དགོས།” ཞེས་བཀྲལ་ཡོད། ཊིའུ་ཆེའི་(Deutsch)འདུ་ཤེས་འཛིན་སྟངས། ཞེས་པ་ ༡༩༤༦ ལོར་ཨིན་ཁེ་སེ་དང་མཉམ་དུ་བྲིས་པའི་རྩོམ་ཡིག་ཏུ། “མི་རིགས་ཁག་དབར་གྱི་འབྲེལ་ལམ་དེ་མི་རིགས་སོ་སོའི་ཐོན་སྐྱེད་ནུས་ཤུགས་དང་ལས་བགོས། ནང་ཁུལ་འབྲེལ་གཏུགས་ཀྱི་འཕེལ་རྒྱས་འགྲོ་ཚད་ལ་རག་ལས་པ་དང་མི་རིགས་ཤིག་གི་རང་སྟེང་གི་ནང་ཁུལ་གྲུབ་ཆ་ཧྲིལ་པོ་དེ་ཉིད་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ལས་བགོས། ཕྱི་ནང་འབྲེལ་གཏུགས་ཀྱི་འཕེལ་ཚད་ལ་རག་ལས་ཡོད།” ཅེས་དང་། “གུང་ཁྲན་རིང་ལུགས་ཀྱི་བསྒྲགས་གཏམ་ནང་མར་ཨིན་ཟུང་ནས་“མིས་མི་ལ་བཤུ་གཞོག་མེད་པར་བཟོས་ན། མི་རིགས་ཀྱི་མི་རིགས་ལ་བཤུ་གཞོག་བྱེད་པ་དེ་མཚུངས་སུ་མེད་པ་འགྲོ་བ་དང་མི་རིགས་ནང་ཁུལ་གྱི་གྲལ་རིམ་འགལ་ཟླ་མེད་པར་བཟོས་ན། མི་རིགས་བར་གྱི་འགལ་ཟླའི་འབྲེལ་བ་དེ་མཚུངས་སུ་མེད་པར་འགྲོའོ།།” མདོར་ན་མར་ཁེ་སེའི་མི་རིགས་ཀྱི་སྙིང་དོན་ནི་འབྱོར་མེད་གྲལ་རིམ་མམ་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དེ་ཡིན། ལེ་ཉན་གྱིས་“མི་སུ་ཞིག་གིས་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་ཁས་མ་བླངས་པ་དང་རིམ་པ་མི་འདྲ་བའི་མི་རིགས་ཀྱི་གཉའ་གནོན་དང་འདྲ་མཉམ་བྱུང་མེད་ས་དེར་འཐབ་རྩོད་རྒྱག་མ་ཐུབ་པ་ཡིན་ན། མི་རིགས་དེ་མར་ཁེ་སེ་རིང་ལུགས་པ་ཞིག་མིན་པ་མ་ཟད། ཐ་ན་དམངས་གཙོ་རིང་ལུགས་པ་ཞིག་ཀྱང་མིན།” ཞེས་བཤད་ཡོད་ལ། དེ་ལ་༸གོང་ས་མཆོག་གིས་ཕྱི་ལོ་༡༩༨༡ལོར་ཏེང་ཞའོ་ཕིང་ལ་སྩལ་བའི་ཕྱག་འཕྲིན་གལ་ཆེ་དེའི་ནང་“འགྲོ་བ་མིའི་རིགས་སྤྱི་དང་ལྷག་པར་འབྱོར་མེད་གྲལ་རིམ་གྱི་བདེ་རྩར་སྨིན་པའི་དམར་པོའི་ལྟ་བ་དང་ལེ་ཉེན་གྱི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ལ་ཕྲན་རང་བློ་མོས་དང་ཡིད་ཆེས་ཡོད།” ཞེས་གསུངས་ཡོད། ཡང་མི་རིགས་ཀྱི་གནད་དོན་ཐོག་ལ་“མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་མི་རིགས་སོ་སོའི་ལས་དབང་རང་ཉིད་ནས་ཐག་གཅོད་བྱེད་པ་ལས་གཞན་སུ་ཞིག་གིས་མི་རིགས་དེ་འཚོ་ཡི་བར་བཙན་དབང་གིས་ཐེ་བྱུས་བྱས་པ་དང་། སློབ་གྲྭ་དང་ལུགས་སྲོལ་གོམ་གཤིས་བཅས་གཏོར་བརླག་དེ་བཞིན་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པར་ཚད་བཀག་བཟོ་རྒྱུའི་ཐོབ་ཐང་མེད། མི་རིགས་སོ་སོའི་རང་གི་འདོད་པ་བཞིན་རང་གི་གནད་དོན་ཐག་གཅོད་བྱེད་པ་དང་། རང་སྐྱོང་གི་རྩ་འཛིན་ལྟར་སོ་སོའི་འཚོ་བ་བཀོད་བསྒྲིགས་བྱས་ཆོག །དེ་བཞིན་མི་རིགས་གཞན་མཉམ་རྒྱལ་ཕྲན་མཉམ་འབྲེལ་གྱི་འབྲེལ་བ་བཙུགས་པའམ་ཡང་ན་རྦད་དེ་ཁ་བྲལ་དུ་འགྲོ་རྒྱུའི་ཐོབ་ཐང་ཡོད།  མི་རིགས་ཚང་མ་རང་བདག་ཡིན་ཞིང་འདྲ་མཉམ་ཡིན།” ཞེས་གསལ་ཡོད། རྒྱུ་མཚན་དེ་འདྲ་མང་པོ་ཞིག་དང་ཕུན་ཚོགས་དབང་རྒྱལ་རང་ཉིད་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པའི་དུས་སྐབས་དེ་ཚོ་ནང་། མར་ལེའི་ལྟ་གྲུབ་དང་འབྲེལ་བའི་ཕྱག་དཔེ་ཇི་སྙིད་ཅིག་གཟིགས་མྱོང་ཡོད་པ་དང་། གཞན་མར་ལེའི་ལྟ་གྲུབ་ལ་རྒྱུས་མངའ་ཡོད་པའི་ཤེས་ཡོན་ཅན་མང་པོའི་ལམ་སྟོན་འོག་ཁོ་རང་གི་མར་ལེའི་མི་རིགས་ལ་འཛིིན་པའི་ལྟ་གྲུབ་ལ་ཡིད་སྨོན་རབ་ཏུ་བསྐྱེད་པ་མ་ཟད། རྒྱ་གར་གྱི་དམར་ཕྱོགས་ཚོགས་པ་དང་ཨུ་རུ་སུའི་དམར་ཤོགས་ཚོགས་པ་བཅས་ལ་འབྲེལ་བ་བྱས་པ་དང་། གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་ཐད་སྦྱང་བརྩོན་དང་ཉམས་ཞིབ་བྱེད་པ་ནི་ཁོ་རང་གི་གུང་ཁྲན་རིང་ལུགས་ཀྱི་ལྟ་བ་ཡང་དག་པ་འམ་མཆོག་ཏུ་གྱུར་པ་ཞིག་ཆགས་ཡོད། སྐབས་དེར་རྒྱ་ནག་ནང་ལ་གུང་ཁྲན་རིང་ལུགས་སམ་དམར་པོའི་ལྟ་བ་ཡང་ན་མར་ལེའི་ལྟ་གྲུབ་དར་བཞིན་ཡོད། ད་མ་ཚད་རྒྱ་ནག་དམར་ཤོག་བཙུགས་རྗེས་གནད་དོན་ཚང་མའི་ལངས་ཕྱོགས་ཐད་ཨུ་རུ་སུར་ལད་ཟློས་ཀྱིས་མི་རིགས་སྐོར་ལའང་རང་ཐག་རང་གཅོད་སོགས་ཀྱི་དབང་ཆ་ཡོད་པའི་སྐོར་གསལ་བསྒྲགས་བྱས་པ་སྟེ། རྒྱ་ནག་མི་དམངས་ཀྱིས་གསར་བརྗེ་བདག་བཟུང་ལྟ་བུར་“ཞིང་ཆེན་མནའ་འབྲེལ་རང་སྐྱོང་དང་དྲག་པོའི་གཅིག་གྱུར་ཆེན་པོ་ལ་ངོ་རྒལ་བྱེད་དགོས་”ཞེས་དང་། རང་དབང་གི་རྒྱལ་ཕྲན་མཉམ་འབྲེལ་རྩ་འཛིན་ཐོག་སོག་པོ་དང་། བོད། ཁ་ཆེའི་ཡུལ་བཅས་མཉམ་འབྲེལ་གྱིས་ཀྲུང་ཧྭ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་རྒྱུ་དང་། སོག་པོ་དང་། བོད། ཁ་ཆེའི་ཡུལ་གསུམ་རང་སྐྱོང་བཅས་ཏེ་དམངས་གཙོའི་རང་སྐྱོང་རྒྱལ་ཕྲན་ཆགས་རྒྱུ་བཅས་གསུམ་ཡོད། ཡང་མའོས་“གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ལེགས་སུ་བཏང་བ་དང་། མི་རིགས་རང་ཉིད་ཀྱི་ཆོས། རིག་གཞུང་། སྐད་ཡིག་སོགས་གྲངས་ཉུང་མི་རིགས་ལ་མི་རིགས་རང་སྐྱོང་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱེད་དགོས།” ཞེས་གསུངས་ཡོད། ཡིན་ནའང་རྒྱ་དམར་སྲིད་དབང་ཐོབ་རྗེས་སྒེར་དབང་ལམ་ལུགས་མེད་པར་བཟོས་ནས་སྤྱི་ཚོགས་རིང་ལུགས་བཙུགས་ཟིན་ནའང་། མི་རིགས་གནད་དོན་ལ་ངོས་ལེན་མི་བྱེད་པའི་ཁར་མི་རིགས་རང་དབང་གི་འཐབ་རྩོད་བྱུང་སྐབས། མའོས་“མི་རིགས་ཀྱི་འཐབ་རྩོད་འདི་མཐར་གཏུགས་ནས་བཤད་ན་གྲལ་རིམ་འཐབ་རྩོད་ཀྱི་གནད་དོན་ཞིག་ཡིན།” ཞེས་བརྗོད་དེ་མི་རིགས་གཉའ་གནོན་དང་། མི་རིགས་རྩ་མེད་བཟོ་བའི་གདུག་རྩུབ་ཀྱི་བྱ་སྤྱོད་དེར་གསར་བརྗེ་དང་གྲལ་རིམ་འཐབ་རྩོད་ཀྱི་འདྲ་འབག་གཡོགས་ཐབས་བྱས་པ་རེད། གང་ལྟར་རིག་གནས་གསར་བརྗེ་དང་ ༡༩༨༩ ལོ་རྒྱ་ནག་དང་ཤར་ཡོ་རོབ་ནང་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གི་ནང་མང་གཙོའི་ལས་འགུལ་སོགས་དུས་འགྱུར་བྱུང་བའི་རྗེས་སུའང་། རྒྱ་དམར་གཞུང་གིས་མར་ཁེ་སེའི་རིང་ལུགས་ཀྱི་དར་ཆ་དེ་མུ་མཐུད་དེ་སྒྲེང་བཞིན་ཡོད་པ་དེར་དོན་ངོས་ཐོག་ཡིད་ཆེས་བྱེད་མཁན་ཉིན་མོའི་སྐར་མ་ལྟ་བུར་གྱུར་ཡོད།
༧༽ མཇུག་གི་གཏམ།
གོང་དུ་བཤད་པའི་དམར་ཤོག་གི་ལྟ་བ་དེ་ཚོ་ནི་སྤྱིར་གུས་མོའི་ཞིབ་འཇུག་གི་ལས་བྱ་དང་འབྲེལ་བ་དེ་ཙམ་ཡོད་མེད་ལ་མ་ལྟོས་པར། དེང་སྐབས་སྤྱི་ཚོགས་ནང་གནས་པའི་ཤེས་ལྡན་འགའ་དང་ཤེས་རྨོངས་ཅན་རྣམས་ནས་དམར་ཤོག་ལྟ་བ་དང་ཡང་ན་གུང་ཁྲན་རིང་ལུགས་ཞེས་པ་དེ་དག་མཐོང་བ་དང་ཐོས་པ་ཙམ་གྱིས་དེ་ནི་ཡང་དག་ཅིག་མིན་པ་དང་། མི་རིགས་ཀྱི་ཆོས་དང་རིགས་གཞུང་གོམས་སྲོལ། རང་དབང་དང་སྐད་ཡིག་བཅས་ལ་ལྡོག་རུས་བཏང་མཁན་ཞིག་དང་རྩ་མེད་བཏང་མཁན་མདོར་ན་གདུག་རྩུབ་ཅན་གྱི་ལྟ་བར་ངོས་འཛིན་བྱེད་པ་མ་ཟད། འབའ་པ་ཕུན་ཚོགས་དབང་རྒྱལ་ཡང་རྒྱ་ནག་གི་དབུ་ཁྲིད་མའོ་དང་། ཅང་ཙེ་མིན་གྱི་ལྟ་བ་འཛིན་མཁན་གྱི་གྲས་ཤིག་ལ་ངོས་འཛིན་བྱེད་ཀྱིན་འདུག །ཡིན་ནའང་ཕུན་ཚོགས་དབང་རྒྱལ་མཆོག་གི་དམར་ཤོག་ལྟ་བ་དང་། མར་ཁེསེའི་ལྟ་བ་ནི་དེང་སང་རྒྱག་ནག་དམར་པོའི་གཞུང་གི་ལྟ་བ་དང་གཅིག་མཚུངས་མིན་ཞིང་། ཕུན་དབང་མཆོག་ནི་མར་ལེའི་ལྟ་གྲུབ་ཀྱི་ལམ་དུ་འགྲོ་མཁན་མཆོག་ཏུ་གྱུར་པ་ཞིག་དང་ཡང་དག་པ་ཞིག་ཡིན་པ་རེད། དེ་ཡང་ཨ་རིས་སི་ཊོ་ཊེལ་(Aristotle)གྱི་ཞལ་ནས། ང་རང་ངའི་དགེ་རྒན་ལ་དགའ། དེ་ལས་ཀྱང་བདེན་དོན་ལ་དགའ། ཞེས་གསུངས་པ་ལྟར།  ལྟ་བ་དང་བསམ་ཚུལ་ཡང་ན་དགོངས་འཆར་གང་ཞིག་འདོན་པའི་ཚེ། ཐོག་མར་གཞུང་ལུགས་ཀྱི་རྩ་དོན་དང་གཏན་ཚིགས་སྟེང་དེ་ཉིད་ཚུགས་ཐུབ་ཡིན་མིན་ལ་བསམ་བློ་གཏོང་དགོས། ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང༌། གཏན་ཚིགས་དང་མཐུན་པའི་བསམ་གཞིགས་ལ་བརྟེན་ན། ད་གཟོད་ཡིན་མིན་གྱི་ཁྲུན་ཐག་ཆོད་ཡོང༌། ཤེས་ཡོན་ལྡན་པ་དང་བསམ་གཞིགས་རང་རྐྱ་འཕེར་བའི་མི་ཞིག་ཡིན་ཚེལྟ་ཚུལ་མི་འདྲ་བ་དང་གནད་དོན་གང་ཞིག་ལ་དམིགསནས། རྒྱུ་མཚན་གང་ཡིན་གསལ་བོར་འདྲི་བཤད་བྱེད་གལ་ཆེ་སྟེ། ཕ་རོལ་པོས་བཤད་པ་ལ་གནས་ལུགས་ཡོད་མེད་དང༌། ཁུངས་ལུང་ཡོད་མེད། དོན་དངོས་དང་མཐུན་མིན་བཅས་ལ་རིགས་པས་བརྡར་ཤ་གཅོད་པ་ལས། བླུན་པོ་ཆུ་སྣ་གར་འཁྲིད་དང་བྲན་བཀོད་འདུ་ཤེས་སོགས་ངེས་པར་སྤངས་དགོས་པ་ཡིན། བདེན་དོན་དང་རྩ་དོན་གང་ཞིག་ཡིན་རུང༌། ཐམས་ཅད་ཡུལ་དུས་རྐྱེན་གསུམ་ངེས་ཅན་ལ་བརྟེན་ནས་བྱུང་བ་ཡིན། འདི་གསུམ་སྤངས་ནས་གནད་དོན་གང་ཞིག་ལ་དཔྱད་བསྡུར་དང་བདེན་རྫུན་གྱི་ཤན་འབྱེད་པར་འདོད་པ་ནི་ཆེས་ལོག་པར་གྱུར་པའི་ལས་ཡིན་ཞིང༌། མི་རིགས་གནད་དོན་ལ་མཚོན་ནའང་དེ་བཞིན་ནོ།། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་ནི་བདེ་དོན་ལ་དམིགས་པའི་དོན་སྙིང་ལྡན་པ་ཞིག་ཡིན། ལྟ་བ་འདིར་ཀུན་འཇུག་གི་དོན་སྙིང་ལྡན་པ་ཡིན་ཏེ། མི་རིགས་འདྲ་མཉམ་སྐོར། སྤྱི་ཚོགས་རིང་ལུགས་མ་ཟདདམངས་གཙོ་རིང་ལུགས་ཀྱི་རྩ་དོན་ལྟར་ནའང༌། མི་རིགས་འདྲ་མཉམ་ཞེས་པ་ནི་མི་རིགས་ལ་བཙན་གཉོམ་དང་ཆེ་ཆུང༌། སྔོན་ཐོན་དང་རྗེས་ལུས་ཐ་ན་རིགས་རྒྱུད་དང་ཁ་དོག་སོགས་མི་འབྱེད་པར། ཁྲིམས་དབང་གི་སྟེང་ནས་ཐམས་ཅད་འདྲ་མཉམ་ཡིན། འདི་ནི་གཞི་རྩའི་རྩ་དོན་ཞིག་གོ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་ནི། མི་རིགས་ཆེ་ཆུང་གང་ཡིན་ཡང༌། ཐམས་ཅད་ལ་ངོ་བོའི་སྟེང་རང་ཉིད་ཁོ་ན་མ་གཏོགས་གཞན་མི་རིགས་ལ་མེད་པའི་ཐུན་མིན་ཀྱི་ཁྱད་ཆོས་ཤིག་ཡོད་པ་ཡིན། ཁྱད་ཆོས་དེ་ནི་མི་རིགས་གང་དེས་རང་ཉིད་འཚོ་བའི་རྒྱལ་ཁམས་དེ་རུའམ་ཡང་ན་འཛམ་གླིང་རིག་གནས་ཀྱི་ཐུན་མོང་གི་གན་མཛོད་དུ་ཕུལ་བའི་ལེགས་སྐྱེས་དང་མཛད་རྗེས་ཡིན། དོན་སྙིང་འདིའི་ཐད་ནས་བལྟས་ན། མི་རིགས་ཆེ་ཆུང་ཡོད་ཚད་འདྲ་མཉམ་གྱི་སར་གནས་ཤིང༌། མི་རིགས་ཤིག་མི་རིགས་གཞན་གང་དང་བསྡུར་ནའང་འདྲ་མཉམ་ཡིན། རྒྱུ་མཚན་དེའི་དབང་གིས། སྤྱིར་བཏང་བཤད་ན། མི་རིགས་ཕན་ཚུན་བར་དུ་ཕྱོགས་གང་ཡིན་ཡང་སུ་ལའང་ཁྱད་དབང་མེད་ཅིང༌། རིས་མེད་གཅིག་མཚུངས་སུ་བལྟ་དགོས་པ་ཡིན། འོན་ཏེ་ཞིབ་ཏུ་བསམས་ན། མི་རིགས་འདྲ་མཉམ་ཞེས་པ་ནི་ངོ་བོའི་སྟེང་མི་རིགས་ཆེན་མོ་གང་དེས་མི་རིགས་ཉམ་ཆུང་དག་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ལ་བསྟན་པ་ཡིན།  སྟབས་བདེར་ལབ་ན། དེ་ནི་ཆེ་བས་ཆུང་བར་དང༌། བཙན་པོས་གཉོམ་ཆུང་ལ། མང་པོས་ཉུང་བར་འདྲ་མཉམ་ངང་འགྲོགས་དགོས་པར་བཤད་པ་ཡིན་ཏེ། རྒྱུ་མཚན་ནི་མི་རིགས་འདྲ་མཉམ་མིན་པ་དེ་རྟག་ཏུ་མི་རིགས་ཆེན་པོ་དང་སྟོབས་ལྡན། སྲོལ་རྒྱུན་གྱི་བཙན་དབང་འདུ་ཤེས་དང་ནོར་འཁྲུལ་གྱི་ལྟ་སྤྱོད་དག་ལས་བྱུང་བ་ཡིན།  དེའི་ཕྱིར། མི་རིགས་འདྲ་མཉམ་ཡོང་མིན་དེ་ཡང་མཐར་གཏུགས་ན་མི་རིགས་ཆེན་པོ་དང་མི་རིགས་སྟོབས་ལྡན་ལ་རག་ལས་སོ།། ཡང་བཤད་ན། བདེན་དོན་ནི་དོན་སྤྱི་ཙམ་མ་ཡིན་པར་བྱེ་བྲག་དངོས་ཡོད་ཅིག་ཡིན་པ་ནང་བཞིན། མི་རིགས་འདྲ་མཉམ་ཡང་དོན་སྤྱི་ཙམ་མ་ཡིན་པར་བྱེ་བྲག་ཆབ་སྲིད་དང་དཔལ་འབྱོར། གནས་ལ་སོགས་པའི་ཁྲོད་དུ་མངོན་ཡོང་ཞིང༌། ལྷག་པར་དུ་མི་རིགས་སྐད་ཡིག་གིས་མཚོན་པའི་མི་རིགས་འདྲ་མཉམ་ནི་འདི་ལྟ་བུ་ཞིག་ཏུ་ངེས། དེར་མ་ཟད། བདེན་དོན་བྱེ་བྲག་པ་འདི་དག་ངེས་པར་དུ་བཅའ་ཁྲིམས་སྟེང་གསལ་བོར་གཏན་ལ་ཕབས་ནས་ལག་བསྟར་དང༌། བཅའ་ཁྲིམས་ཀྱིས་དེ་དག་ལ་སྲུང་སྐྱོབ་བྱེད་པ་ཡིན།འདི་ལས་ང་ཚོས་མཐོང་ཐུབ་པ་ནི། དོན་སྤྱི་ཙམ་གྱི་གོ་དོན་དེ་བྱེ་བྲག་གི་ནང་དོན་གྱིས་ཕྱུག་པར་བྱས་པ་དང༌། དེ་ལ་ཁྲིམས་དབང་གི་སྟེང་ནས་སྲུང་སྐྱོབ་བྱས་པ་ཡིན་ཚེ། མི་རིགས་འདྲ་མཉམ་ལ་མཚོན་ན་ད་གཟོད་མིང་དོན་མཚུངས་པ་ཞིག་ཡིན། དེ་ལས་ལྡོག་པའི་གྲགས་པ་དོན་གཉེར་དང་ཁ་བཤད་ཆུ་ཡི་ཝུ་བ་ལྟ་བུའི་མི་རིགས་འདྲ་མཉམ་དེས་དོན་དངོས་ལ་ཕན་ཐོགས་ཅི་ཡང་མེད་པར་མ་ཟད། རང་མགོ་རང་གིས་གཡོགས་པ་ཞིག་གོ།།
       ཡང་གཅིག་བཤད་ན། མི་རིགས་འདྲ་མཉམ་ཞེས་པའི་གོ་དོན་ནི།  མཐར་གཏུགས་ན་མི་རིགས་སོ་སོའི་བདག་དབང་འདྲ་མཉམ་ཡིན་པར་གོ་དགོས་ཏེ། མི་རིགས་ཆེ་ཆུང་དང་བཙན་གཉོམ་གང་ཡིན་ཡང་ཕན་ཚུན་བར་གཅིག་ཁོངས་གཅིག་གཏོགས་ཀྱི་འབྲེལ་བ་མེད་པ་དང༌། མི་རིགས་སོ་སོ་བ་དེར་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་ཡོངས་ནས་རང་གི་བདག་དབང་ཡོད་པར་ངོས་ལེན་དང་བརྩི་འཇོག་བྱེད་པ་ཡིན། བདག་དབང་འདིར་གུང་ཁྲང་ཏང་གིས་མགོ་ཁྲིད་བྱེད་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ངོ་མ་ཞིག་ཡིན་ཚེ་རོལ་མྱོང་ཐུབ་པ་ཡིན། གཞན་ཡང་དམངས་གཙོ་རྒྱལ་ཁབ་རྣལ་མ་ཞིག་ཡིན་ཚེ། ཁྲིམས་དབང་སྟེང་མི་རིགས་གཉའ་གནོན་ལམ་ལུགས་མེད་པར་བཏང་ཕྱིར། མི་རིགས་སོ་སོས་རང་རང་གི་རྩ་བའི་ཁེ་ཕན་ལ་དམིགས་ནས། གདོད་ནས་འདྲ་མཉམ་ཡིན་པའི་རྨང་གཞིའི་སྟེང་མཐུན་སྒྲིལ་དང༌། བློ་སེམས་གཅིག་མཐུན་གྱིས་མི་རིགས་ཁྱིམ་གཞི་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་བརྩོན་བྱེད་པ་ཡིན།  དེའི་རྒྱུ་མཚན་གང་ཡིན་ཞེ་ན། གུང་ཁྲང་ཏང་དང་དམངས་གཙོ་ཏང་གི་ངོ་བོ་དང༌།  སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དང་དམངས་གཙོ་རྒྱལ་ཁབ་ངོ་མའི་སྤྱི་ཚོགས་ཀྱི་ངོ་བོ་དེ་མི་རིགས་དང་རིགས་རྒྱུད་གཉའ་གནོན་དང་བཤུ་གཞོགམཐོང་ཆུང་དང་བརྙས་བཅོས་བྱེད་པ། ལྷག་པར་དུ་མི་རིགས་གཞན་འགྱུར་སྲིད་ཇུས་དང་གཏན་ནས་མཐུན་ཐབས་མེད་ཅིང་ཕན་ཚུན་འགལ་ཟླར་གནས་པ་ཞིག་ཡིན། དེའི་ཕྱིར། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དང་དམངས་གཙོ་རྒྱལ་ཁབ་རྣལ་མ་ཞིག་ཡིན་ཚེ།  མི་རིགས་སོ་སོ་རང་མོས་མཉམ་འབྲེལ་དང་རང་རྟོགས་སྒོས་མཐུན་སྒྲིལ་བྱེད་འོས་པ་ཞིག་ཡིན་པའི་གནད་ཀྱང་འདི་ལགས་སོ། དོར་བསྡུས་ན། མི་རིགས་འདྲ་མཉམ་ནི་མི་རིགས་གནད་དོན་ཐག་གཅོད་པའི་རྩ་བའི་ལྟ་བ་དང་རྩ་དོན་ཡིན།   ཨིན་ཀི་སིས (Engels)ཁོ་ཚི་ཀེ་ (KarlKautsky) ལ་སྤྲིངས་པའི་འཕྲིན་ཡིག་ཏུ། རྒྱལ་སྤྱིའི་མཉམ་འབྲེལ་ནི་འདྲ་མཉམ་གྱི་རྨང་གཞིའི་སྟེང་ད་གཟོད་བྱུང་རུང་ཞིག་ཡིན་ཞིང༌། ཐ་ན་འདྲ་མཉམ་ཕྱོགས་སོ་སོའི་ཁྲོད་སྟོབས་ཆེ་བ་དེས་ཐད་ཀར་ལག་བསྟར་བྱས་པའི་ཆ་རྐྱེན་འོག་ད་གཟོད་དགོས་མཁོ་དང་ལྡན་པ་ཞིག་ཡིན། མི་རིགས་བར་གཉའ་གནོན་མེད་པ་ནི་བྱ་གཞག་ཡོད་ཚད་བདེ་ཐང་ངང་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་རྩ་བའི་ཆ་རྐྱེན་ཡིན།” ཞེས་གསུངས་འདུག་པ་ལྟར། མི་རིགས་འདྲ་མཉམ་དངམཐུན་སྒྲིལཞེས་པའི་ཐ་སྙད་འདི་ནི་མི་རིགས་གཉའ་གནོན་ལམ་ལུགས་གཏོར་བ་དང་བསྟུན་ནས་བྱུང་བ་ཞིག་ཡིན། སྤྱིར་བཏང་བཤད་ན། མི་རིགས་མཐུན་སྒྲིལ་ཡོང་ཐབས་དང་རིགས་རྒྱུད་དང་གྲུབ་མཐའ་བར་གྱི་མཐུན་སྒྲིལ་མཛའ་བཤེས་ཡོང་ཐབས་ནི་མི་རིགས་སོ་སོའི་བར་གྱི་འདྲ་མཉམ་དང་མཛའ་མཐུན་གྱི་རྨང་གཞི་ཉག་ཅིག་ཡིན། རྨང་གཞི་འདིའི་སྟེང་ད་གཟོད་མི་རིགས་མཐུན་སྒྲིལ་མངོན་དུ་འགྱུར་ཞིང་ཡུན་རིང་བ། སྲ་ཞིང་བརྟན་པ་ཞིག་ཆགས་ཐུབ།དེ་ལས་ལྡོག་སྟེ། མི་རིགས་འདྲ་མཉམ་གྱི་རྨང་གཞི་མེད་པའི་མི་རིགས་མཐུན་སྒྲིལ་ནི་བཙན་དབང་གང་ཞིག་གི་གནོན་ཤུགས་འོག་བྱུང་བའི་ཁ་བདེན་ཁོག་རྫུན་དང་ཕྱི་མཐུན་ནང་འགལ་གྱི་མཐུན་སྒྲིལ་རྫུན་མ་ཡིན། དེའི་ཕྱིར། སྡོམ་ཚིག་འདི་ལྟ་བུ་ ཞིག་འབྱུང་སྟེ། མི་རིགས་མཐུན་སྒྲིལ་དངོས་མ་ཞིག་ཡིན་ཕྱིན། ངེས་པར་དུ་དེར་བསྟུན་གྱི་མི་རིགས་འདྲ་མཉམ་བདེན་ཐུབ་ཅིག་དགོས་ཏེ། འདྲ་མཉམ་གྱི་རྒྱུ་དང་ལྡན་ཚེ་མཐུན་སྒྲིལ་གྱི་འབྲས་བུ་འབྱུང་བས། འདྲ་མཉམ་དང་མཐུན་སྒྲིལ་བར་ལ་རྒྱུ་འབྲས་ཀྱི་རྣམ་གཞག་འཇུག་པ་ཡིན། དེར་བརྟེན། མི་རིགས་མང་པོའི་རྒྱལ་ཁབ་ཏུ། མི་རིགས་ མཐུན་སྒྲིལ་སྤེལ་དགོས་ཤིང༌། ལྷག་པར་དུ་མི་རིགས་འདྲ་མཉམ་གླེང་དགོས། དེ་ལྟ་མ་ཡིན་ཚེ། མཐུན་སྒྲིལ་དང་འདྲ་མཉམ་བར་གཙོ་ཕལ་གྱི་མགོ་མཇུག་ལྡོག་རྒྱུ་ལས་མ་འདས་སྙམ་མོ།།
བོད་མེ་ཡོས་ཕྱི་ལོ་༢༠༡༡ལོའི་ཟླ་༣། ཚེས་༢༨། ཉིན་ས་རཱ་མཐོ་སློབ་ཏུ།།
དེབ་འདིའི་དཔྱད་གཞིའི་ཡིག་ཆ་ནི།
བོད་མི་གསར་བརྗེ་བ།
འབའ་ཐང་གི་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ།
མི་ཚེའི་བྱུང་བ་བརྗོད་པ།
ཆེད་རྩོམ་ཕྱོགས་བསྒྲིགས།
བོད་ཀྱི་སྲིད་དོན་རྒྱལ་རབས་བཅས་སོ།།


No comments:

Post a Comment