Wednesday 26 November 2014

བོད་དང་མན་ཇུའི་བར་གྱི་འབྲེལ་བ། རྩོམ་འབྲི་བ་སྒྲོལ་མ་ལྷ་མོ།

སྤྱིར་བཏང་བོད་དང་མན་ཇུའི་འབྲེལ་བ་ནི་མན་ཇུས་རྒྱ་ནག་དབང་བསྒྱུར་མ་བྱས་པའི་སྔོན་ནས་བྱུང་འདུག ཡིན་ན་ཡང་བོད་དང་མན་ཇུའི་དབར་གྱི་གཞུང་འབྲེལ་གྱི་འབྲེལ་ལམ་ཐོག་མ་དེ་མན་ཇུ་གོང་མ་ཐེ་ཙུང་ནས་ཕྱི་ལོ་ ༡༦༣༩ ལོར་རང་ཉིད་ཀྱི་རྒྱལ་ས་མུག་དཱུན་དུ་ཏཱ་ལའི་བླ་མར་གདན་ཞུའི་མགྲོན་བརྡ་ཞིང་ཕུལ་བ་ནས་བཟུང་འགོ་ཚུགས།

སྐབས་དེའི་ཏཱ་ལའི་བླ་མ་རང་ཉིད་སྐུ་ངོ་མ་གདན་ཞུས་ལྟར་ངོ་ཕེབས་མ་ཐུབ་ཀྱང་མན་ཇུ་གོང་མའི་རྒྱལ་སར་སྐུ་ཚབ་གཏོང་གནང་གིས་གོང་མ་ཐེ་ཙུང་ནས་ཏཱ་ལའི་བླ་མ་དང་ཁོང་གི་ཆོས་བརྒྱུད་ལ་ཡོན་བདག་ཞུ་རྒྱུའི་དང་ལེན་ཞུས་པ་དེར་ཞལ་བཞེས་གནང་། གོང་མ་ཐེ་ཙུང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་ལ་དམིགས་བསལ་གྱི་ཆེ་མཐོང་དང་འབྲེལ་བའི་ཕེབས་བསུ་ཟབ་རྒྱས་ཞུས་ཏེ་གུས་བཀུར་མཚོན་ཆེད་འབུལ་བ་རྒྱ་ཆེར་བསྟར་འབུལ་ཞུས།
       ཕྱི་ལོ་ ༡༦༤༤ ལོར་ཐེ་ཙུང་གི་ཤུལ་འཛིན་རྒྱལ་བརྒྱུད་ཤུན་ཙི་ཕྱི་ལོ་༡༦༤༤-༡༦༦༡རྒྱལ་ཁམས་ཀྱི་བདག་པོར་གྱུར་ཅིང་དེ་མཚམས་རྒྱ་ནག་ཀྱང་དེའི་ཁོངས་སུ་གཏོགས་སུ་གྱུར་ཡོད། དེའང་རྒྱ་ནག་གོང་མ་ཏཱ་མིང་རྒྱལ་པོས་རྒྱ་ནག་གི་མངའ་སྡེ་རྣམས་ལེགས་པར་སྐྱོང་མ་ཐུབ་པས་ནང་ཟིང་དང་། དཔལ་འབྱོར་ཉམས་རྒུད་ཆེ་བར་བརྟེན་ཤར་ཕྱོགས་མན་ཇུ་རི་ཡ་ཞེས་སོག་རིགས་སུ་གཏོགས་པའི་ཡུལ་ཞིག་ནས་གཡོ་ཐབས་ཀྱིས་བཙན་འཛུལ་བྱས་ཏེ་ཏཱ་མིང་གོང་མའི་སྲིད་དབང་འཕྲོགས་ཏེ་རྒྱ་ནག་ཡོངས་རྫོགས་དབང་བས་མན་ཇུའི་གོང་མ་དང་པོ་ཤུན་ཙི་ནས་སྲིད་དོན་ལ་གཏོགས་པའི་ཆེ་རྒུ་ཚང་མ་གྲོས་ཚོགས་ཀྱི་རྒྱ་བོད་གཉིས་ས་མཚམས་རྒྱ་ཆེའི་ཁར། ལྷག་པར་བྱང་ཐང་ཤར་དུ་རྒྱ་སོག་ས་མཚམས་རྒྱ་ཆེ་ཞིང་རྟག་ཏུ་སོག་པོ་རྣམས་ནས་རྒྱ་མིའི་ས་མཚམས་སུ་བཙན་འཛུལ་ཡང་ཡང་བྱེད་ཀྱིན་ཡོད་པ། སོག་པོ་ཚོས་ཏཱ་ལའི་བླ་མ་རིན་པོ་ཆེར་ཆོས་ཕྱོགས་ནས་བཀའ་གསུང་དང་ལེན་ཞུ་བར་བརྟེན་རྒྱ་བོད་གཉིས་མཆོད་ཡོན་གྱི་འབྲེལ་བ་ཡག་པོ་བྱུང་ན། སོག་པོས་རྒྱ་ནག་དང་། མན་ཇུའི་ས་ཁོངས་གནོད་འཚེ་མི་བྱེད་པས་རྒྱ་ནག་ལ་དོན་ཕན་ཤིན་ཏུ་ཆེ་བ་ལོ་རྒྱུས་རིང་པོའི་ཐོག་ནས་གསལ་པོར་ཤེས་པས་ད་ལན་ཏཱ་ལའི་བླ་མ་རིན་པོ་ཆེ་རིན་པོ་ཆེ་པེ་ཅིང་དུ་གཟེངས་བསྟོད་ཆེ་མཐོང་དང་བཅས་གདན་ཞུ་ཞུ་རྒྱུ་གལ་ཆེ་ཡིན་པས་ཚང་མ་མོས་མཐུན་བྱུང་སྟེ་ལོ་ཤས་སྔོན་ནས་གདན་ཞུའི་ཞུ་ཡིག་དང་བཅས་མི་སྣ་ཡང་ཆེད་གཏོང་བཀའ་བཞེས་དོན་སྨིན་ཐོབ་པ་ལྟར། སླར་ཡང་ལྕགས་སྟག ༡༦༥༠ ལོ་དང་ལྕགས་ཡོས་ ༡༦༥༡ ལོ་སོ་སོར་མན་ཇུ་གོང་མས་གདན་ཞུ་ནོམ་ཆིང་བླ་མ། ཏ་འོན་ནོར་བུ་དབོན་པོ། ངོ་ནོའི་ཁོ་ཡ། སེ་ཚན་མཁན་པོ། ཤེས་རབ་བླ་མ་སོགས་སྔ་རྟིང་རིམ་པར་འབྱོར་བར་བརྟེན། ཆུ་འབྲུག་ ༡༦༥༢ ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ཉིན་རྒྱ་ཆེའི་ཆིབས་ཧྲག་དང་། ཕེབས་སྐྱེལ་བཅས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་རྒྱ་ནག་ཏུ་ཆིབས་ཞལ་བསྒྱུར། ཕྱི་ལོ་༡༦༥༣ ལོར་ཞབས་སོར་འཁོད་བསྟུན་ཡུལ་གཉིས་ཀྱི་མངའ་བདག་ཕན་ཚུན་དབར་གྱི་འབྲེལ་བ་དམ་ཟབ་ཏུ་གྱུར། སྐབས་དེར་དམིགས་བསལ་གྱི་རྣམ་འགྱུར་མཚོན་ཆེད་རྒྱ་ནག་གོང་མས་ཏཱ་ལའི་བླ་མར་ཕེབས་བསུ་ཞུ་སླད་པེ་ཅིང་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཕེབས་པ་དང་། མཇལ་འཕྲད་དང་པོའི་སྐབས་རང་ཉིད་ཀྱི་མགྲོན་པོར་འཚམས་འདྲི་ཞུ་སླད་ཁྲི་ལས་བབས་ཏེ་འདོམ་བཅུ་ཙམ་གྱི་སར་གོམ་འགྲོས་གནང་བ་དང་། ཡུལ་གྱི་བདག་པོ་རྣམ་གཉིས་དུ་གཅིག་ཏུ་རང་རང་གི་བཞུགས་ཁྲིར་འཁོད་དེ་གསོལ་ཇ་མཉམ་བཞེས་གནང་བ་བཅས་ཀྱིས་སྐབས་དེའི་བོད་དང་མན་ཇུའི་བར་གྱི་འབྲེལ་བའི་གནས་སྟངས་དེ་མཚོན་པ་རེད།
       ཕན་ཚུན་བརྩེ་བཀུར་མཚོན་ཆེད་མན་ཇུ་གོང་མ་དང་ཏཱ་ལའི་བླ་མ་གཉིས་ཕན་ཚུན་སྔར་ན་མ་གྲགས་པའི་ཆེས་མཐོའི་མཚན་གསོལ་ཞུ་རེས་གནང་བ་དེས་མི་ལོ་བཅུ་ཕྲག་ཙམ་གྱི་གོང་དུ་བཙུགས་ཟིིན་པའི་མཆོད་ཡོན་གྱི་འབྲེལ་བ་དེ་སླར་ཡང་སྲ་བརྟན་ཏུ་གྱུར། མཆོད་ཡོན་གྱི་འབྲེལ་ལམ་དེ་ཉིད་ཆིང་རྒྱལ་རྒྱུད་ཡོངས་རྫོགས་རིང་བོད་དང་མན་ཇུའི་དབར་གྱི་འབྲེལ་ལམ་གྱི་གཞི་རྩ་ལྟ་བུར་གནས་པར་བརྟེན། དེའི་རང་བཞིན་གསལ་བཤད་བྱེད་རྒྱུ་ནི་གལ་གནད་ཅན་ཞིག་ཡིན། མཆོད་ཡོན་གྱི་འབྲེལ་བ་དེ་དུས་རབས་བཅུ་གསུམ་པ་དང་བཅུ་བཞི་པའི་ནང་ཐོག་མར་ས་སྐྱ་བླ་མ་རྣམས་དང་སོག་པོ་ཁཱང་ཆོའི་དབར་བྱུང་བ་དང་། དེ་རྗེས་ཡོན་གོང་མ་ཚོའི་དབར་བྱུང་བ་ཞིག་ཡིན། ཆིང་གོང་མ་རྣམས་ནས་ཀརྨ་པ་སྐུ་ཕྲེང་རིམ་བྱོན་རྣམས་ལ་ཡོན་བདག་ཞུ་རྒྱུས་མོས་འདེབས་བྱས་པ་དང་། སོག་ཨལ་ཏན་ཁཱང་དང། མན་ཇུ་གོང་མ་ཚོས་དགེ་ལུགས་པའི་ཏཱ་ལའི་བླ་མ་རིམ་བྱོན་གྱི་ཡོན་བདག་ཞུ་རྒྱུར་དགའ་མོས་ཆེ་བ་བྱས་འདུག མཆོད་ཡོན་ནི་གཙོ་བོ་ཆ་རྐྱེན་གཉིས་འདུས་པ་ལས་གྲུབ་པ་ཡིན་ཅིང་། སྔ་མའི་དོན་ནི་ཐ་སྙད་དེ་རང་ན་གསལ་པོར་རྟོགས་ཐུབ་ངེས་ཡིན། མཆོད་ཡོན་ནི་མིང་ཚིག་གཉིས་བསྡུས་པའི་ཚིག་སྡུད་ཅིག་ཡིན་སྟེ། ཀ༽ མཆོད་ཡོན་ནི་ཡིན་དམ་ལྷ་དང་། བྱང་ཆུབ་སེམས་དཔའ། གནས་བརྟེན་དགྲ་བཅོམ་ལ་སོགས་པ་དང་། ནང་པའི་རྣལ་འབྱོར་པའམ། དྲང་སོང་རྗེ་བཙུན་སོགས་མཆོད་པར་འོས་པའི་ཡུལ་དམ་པ་རྣམས་དང་། ཁ༽ ཡོན་བདག་ནི་མཆོད་ཡུལ་གྱི་གང་ཟག་བྱད་པ་ཅན་ནམ་ཡུལ་གང་ཞིག་ལ་མཆོད་བྱེད་ཀྱི་དངོས་པོ་སྦྱོོར་བ་པོའམ། སྐྱེ་བོ་ཕལ་པ་ཞིག་གིས་བློ་སེམས་ཆོས་ལ་གཏད་དེ་མཆོད་པའི་ཡུལ་དེར་ཟང་ཟིང་གི་ཡོ་བྱད་དངོས་སུ་སྦྱར་ཏེ་མཆོད་པ་ཡིན། ཆ་རྐྱེན་གཉིས་པ་ནི་སྲུང་སྐྱོབ་ཀྱི་བྱེད་སྒོ་ཡིན་ཏེ། དེ་ནི་མཆོད་ཡོན་གྱི་འབྲེལ་བ་ནང་ཡོན་བདག་དེས་རང་གི་བླ་མའམ་སློབ་དཔོན་དང་། ཆོས་ལུགས་སམ་བསྟན་པ་བཅས་ལ་དགྲའི་གནོད་འཚེ་ལས་སྐྱོབ་པ་བྱ་དགོས་པ་དེ་ཡིན། དེའི་ལན་དུ་མཆོད་ཡུལ་བླ་མ་དེས་ཡོན་བདག་དང་དེའི་ཆབ་འབངས་རྣམས་ལ་ཆོས་ཕྱོགས་ནས་བདེ་དོན་སྒྲུབ་རྒྱུ་དང་། དེ་དག་གི་བདེ་དོན་ཆེད་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་ཆོས་མཐུན་གྱི་བྱ་བ་སྤེལ་ཐབས་གནང་རྒྱུ་བཅས་ཡིན། དེ་ལྟ་ནའང་དུས་རབས་བར་མའི་ནང་བསྐྱབ་བྱ་སྐྱོབ་བྱེད་ཀྱི་འབྲེལ་བའི་ཁྱད་ཆོས་བསྟན་པ་ལྟར་མ་ཡིན་པར་དེ་འདྲའི་སྲུང་སྐྱོབ་བྱེད་པ་དེས་སྐྱོབ་པ་པོ་དེ་ཉིད་སྐྱོབ་ཡུལ་དེ་བླ་ན་མེད་པའི་མཆོད་ཡུལ་ཡིན་པའི་རྒྱུ་མཚན་གྱི་ཆ་ནས་གསལ་པོ་ཡིན་པ་མ་ཟད། སྐྱོབ་ཡུལ་དེའི་ཐོབ་ཐང་ལྟ་བུར་དཔུང་རོགས་སོགས་ཀྱི་འབོད་བསྐུལ་བྱ་རྒྱུའི་ཐོབ་ཐང་ཡོད་པ་དང་། སྐྱོབ་པ་པོ་དེས་ཀྱང་རང་གི་འཁུར་འཁྲིའི་ལས་འགན་ལྟར་དུང་བའི་སྒོ་ནས་ཞབས་འདེགས་དེ་དག་བསྒྲུབ་རྒྱུའི་འགན་འཁུར་ཡོད་པ་བཅས་དངོས་ཡོད་གནས་སྟངས་ཀྱི་ར་འཕྲོད་བྱུང་ཡོད།
       ཡང་དེབ་ཐེར་ཀུན་གསལ་མེ་ལོང་ནང་འཁོད་པ་ལྟར་ན། མིན་ཆིང་སྲིད་གཞུང་གིས་ཕོ་ཉ་མངགས་ཏེ་རྒྱལ་མཆོག་ལྔ་པ་ཆེན་པོ་དང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་མེས་རྒྱལ་ནང་ཁུལ་དུ་གདན་དྲངས། སྐབས་དེར་པཎ་ཆེན་དགུང་ལོ་མཐོ་བས་ཕེབས་མ་ཐུབ། གོང་མ་ཤུན་ཙིས་ཕོ་ཉ་ཡང་ཡང་བཏང་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་རྣམ་གཉིས་གདན་དྲངས་པ་དེ་ནི་གོང་མ་འདི་དག་སངས་རྒྱས་ཆོས་ལུགས་ལ་དད་གུས་ཆེ་བའི་རྐྱེན་གྱིས་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ལགས། ཆིན་གོང་མ་ཆེན་པོས་སངས་རྒྱས་ཆོས་ལུགས་འདི་གལ་ཆེར་འཛིན་པ་དེར་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་ཡོད་པ་ནི། རྒྱལ་ཡོངས་ཁུལ་དུ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་མང་པོ་ཡོད་པ་དང་། ལྷག་པར་བོད་སོག་མི་དམངས་ཀྱིས་ཆོས་ལུགས་ལ་དེ་རིགས་ལ་དད་པ་ཆེ་བས། དེ་བེད་སྤྱད་ནས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་གཏོང་བའི་ཆེད་དུ་རེད། ཆན་ལུང་གོང་མས་བརྩམས་པའི་བླ་མའི་རྣམ་བཤད་ཅེས་པའི་ནང་གསལ་པོར་བཀོད་དོན་“ཕྱི་ནང་དགེ་ལུགས་པ་གཙོ་བོ་ནི་མི་འདི་གཉིས་ཏཱ་བླ་དང་པཎ་ཆེན་ཡིན་གཤིས། མོང་གོལ་སྡེ་ཁག་རྣམས་དབང་དུ་འདུ་དགོས་ན་དགེ་ལུགས་པའི་ཆོས་ལུགས་སྤེལ་ནས་དེ་དག་བདེ་གནས་ཡོང་བ་བྱེད་དགོས་པ་ནི་བྱ་བ་ཆུང་ངུ་ཞིག་མ་ཡིན། དེར་བརྟེན་དགེ་ལུགས་པའི་ཆོས་ལུགས་ལ་སྲུང་སྐྱོབ་མེ་བྱེད་ཐབས་མེད་ཡིན་“ཟེར། དེ་ནི་༸གོང་ས་མཆོག་མེས་རྒྱལ་ནང་ཁུལ་དུ་ཕེབས་ཕྱོགས་བསྐོར་དེབ་འདིའི་ནང་ལ་གཤམ་གསལ་ལྟར་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ ༡༦༥༢ ལོའི་ཟླ་བ་ ༣ ཚེས་ ༡༥ ཉིན་ཆིབས་ཞབས་སུ་གསོལ་གཟིམ་ཞབས་འབྲིང་། བོད་སོག་གི་དཔོན་རིགས་བཅས་དཔལ་ལྡན་འབྲས་སྤུངས་ནས་ཆོབས་ཁ་བསྒྱུར་ཏེ་མེས་རྒྱལ་ནང་ཁུལ་དུ་ཕེབས། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་། སྡེ་སྲིད་བསོད་ནམས་ཆོས་འཕེལ་སོགས་བོད་སོག་གི་དཔོན་རིགས་སེར་སྐྱ་ཡོངས། མངའ་འབངས་མི་སེར་བཅས་ནས་ཕེབས་སྐྱེལ་ཞུས། དེ་ནས་རྒྱལ་དབང་ལྔ་པ་དང་། ཆིབས་ཞབས་གསོལ་གཟིམ་དཔོན་རིགས་བཅས་མཚོ་སྔོན་གྱི་ཕྱོགས་སུ་ཕེབས། སྐབས་དེར་གོང་མ་ཤུན་ཙིས་ནང་བློན་ཤཱ་ཀུ་ཏཱ་ར་ཁང་སོགས་དཔོན་རིགས་རྣམས་ཀྱིས་ལམ་སྣེ་དྲངས་ཏེ་ཕེབས་པས་ནིང་ཤཱ་ཞེས་པའི་ས་གནས་དེར་འབྱོར། དེ་ནས་གོང་མ་ཤུན་ཙིས་གནང་བའི་ཕེབས་བྱམས་སེར་པོ་གསེར་ཏོག་ཅན་ལ་བཞུགས་ཏེ་རྒྱལ་ས་པེ་ཅིང་ཕྱོགས་སུ་ཕེབས། རྒྱལ་མཆོག་ལྔ་པ་ཆེན་པོ་པེ་ཅིང་དུ་ཕེབས་སྐབས་ཕེབས་བསུ་ཞུ་ལུགས་སྐོར། འཇམ་དབྱངས་གོང་མ་ཆེན་པོས་བཀའ་ཡི་བློན་པོ་ཚོར་གྲོས་མཛད་པས། མན་ཇུའི་བློན་པོ་རྣམས་ཀྱིས་ད་ལྟ་ཕྱི་སོག་དབང་དུ་བསྡུས་མེད་པས་གོང་མ་པེ་ཅིང་གྲོང་གི་ཕྱིར་བསྐྱོད་དེ་ཏཱ་ལའི་བླ་མར་ཕེབས་བསུ་ཞུས་ན་ཕྱི་སོག་འགུག་ཐབས་བྱེད་པར་ཕན་ཐོགས་ལྷག་པར་ཆེ་ཟེར། ཡང་རྒྱ་རིགས་ཀྱི་བློན་པོ་རྣམས་ནས་གོང་མ་ཤུན་ཙི་ནི་གནམ་འོག་རྒྱལ་ཁབ་ཆེན་པོའི་བདག་པོ་ཡིན་པས། ཕེབས་བསུར་བསྐྱོད་ན་མི་ལེགས་ཟེར་རྩོད་གླེང་མང་ཙམ་བྱུང་སྐད། དེ་བརྟེན་གོང་མ་ཤུན་ཙིས་རི་དྭགས་རྔོན་པར་འགྲོ་བའི་ཚུལ་མཛད་དེ་ལམ་བར་རྒྱལ་དབང་ལྔ་པ་དང་མཇལ་ཟེར་རྒྱ་ཡིག་གི་དེར་ཐེར་ཁག་ལ་འཁོད། འོོན་ཀྱང་བོད་ཀྱི་དེབ་ཐེར་གཙོ་བོ་ཁག་གི་ནང་དུ། རྒྱ་མཆོག་ལྔ་པ་ཆེན་པོ་པེ་ཅིང་དུ་ཕེབས་པའི་སྐབས་སུ། གོང་མ་ཆེན་པོའི་བཀའ་ལྟར་ཨུའུ་ཇིང་ཆེན་ཝང་རྟ་པ་སྟོང་ཕྲག་གསུམ་ཙམ་ཕེབས་བསུར་ཡོང་བ་དང་། ཝང་གིས་རིན་པོ་ཐ་ནའི་ཕྲེང་བ། གསེར་སྲང་ལྔ་བཅུ་ལས་གྲུབ་པའི་མདོང་མོ། གསེར་སྒ་རིན་པོ་ཆེའི་ཕྲས་བརྒྱན་པ། ཁ་བཏགས་ཉིན་བདེ་མ་རྣམས་ཕྱག་རྟེན་དུ་ཕུལ། ལྕགས་རིའི་ནང་དུ་ཚུད་ནས་རིམ་བཞིན་ཕེབས་སྐབས་རྒྱལ་སྲིད་སྣ་བདུན་གྱི་མདུན་བསྟར་དང་བཅས་སེར་ཕྲེང་བསྒྲིགས། འཇམ་དབྱངས་གོང་མ་ཆེན་པོ་ཁྲི་ལས་བབས་ཏེ་གཞུ་འདོམ་བཅུའི་སར་ཕེབས་ནས་བསུ་བ་མཛད། ཕྱག་འཇུས་ཏེ་ལོ་ཙཱ་བ་བརྒྱུད་ཕན་ཚུན་འཚམས་འདྲི་གནང་། དེ་ནས་ཕོ་བྲང་གི་དབུས་སུ་བྱོན་ཏེ་འཇམ་དབྱངས་གོང་མ་ཁྲི་ཐོག་ཏུ་བཞུགས། དེའི་གཡས་ཕྱོགས་སུ་ཡོད་པའི་ཁྲི་ཅུང་དམའ་བ་ཞིག་གི་ཐོག་ཏུ་རྒྱལ་མཆོག་ལྔ་པ་བཞུགས་སུ་བཅུག དེ་ནས་རྒྱལ་དབང་ལྔ་པ་དགོན་སེར་ཞེས་པའི་བཞུགས་ཁང་ནང་གདན་དྲངས། འཇམ་དབྱངས་གོང་མ་ཆེན་པོས་གསེར་གྱི་བྱང་བུ་གསེར་ཆོས་ཀྱི་ཤོག་བུ་་མཐུགས་ཤོས་དང་མཉམ་པ་བཅོ་ལྔ་འཕྲུལ་མིག་ཏུ་སྦྲེལ་ཏེ་ལྟེབ་ཆོག་པ་ཞིག་ཐོག་“ནུབ་ཀྱི་ལྷ་གནས་ཆེ་དགེ་བར་བདེབར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་“ཞེས་རྒྱ་བོད་ཧོར་གསུམ་གྱི་ཡི་གེ་ཤན་སྦྱར་འཁོད་པའི་འཇའ་ས་གནང་། རྒྱལ་མཆོག་ལྔ་པོས་“གནམ་གྱི་ལྷ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་“ཞེས་པའི་གསེར་གྱི་བྱང་བུ་ཞིག་འབུལ་བར་ཞུས། དེ་ནས་སྤྱི་ལོ་ ༡༦༥༣ ལོའི་བོད་ལ་ཕྱིར་ལོག་ཕེབས།  ༡༦༦༧ ལོར་གསེར་ཡིག་པ་རྣམས་ཐོན་པ་དང་ལྷན་དུ་བྱམས་གླིང་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་དང་། ཁང་སར་རབ་བརྟན་གཉིས་གོང་དུ་ཞུ་ཡིག་འབུལ་རྟེན་དང་རྒྱ་སོག་བར་གྱི་གཞུང་ལ་སེལ་ཅུང་ཟད་བྱུང་བར་མཚོ་སྔོན་དཔོན་ཁག་གི་གོང་དུ་དགོངས་བསངས་ལ་རྟ་ནོར་གྱིས་གཙོས་དངོས་པོ་དཔངས་མཐོ་བ་ཕུལ། ས་མཚམས་རྣམས་ཀྱང་སོ་སོར་མ་འདྲེས་པ་དབྱེ། རྐུན་ཇག་གི་རིགས་མི་ཡོང་བའི་ཕན་ཚུན་ཁྲིམས་ཁ་བསྡམས་ཚོང་གི་ལས་སྒོ་མི་བསྡམས་པ་སོགས་རྒྱ་སོག་གཞུང་བཟང་པོ་དགོས་པའི་རྒྱུ་མཚན་འབུལ་བར་བཏང། དེའི་སྐོར་ལ་སྡེ་པ་དང་རྒྱ་པོ་བཀའ་བགྲོས་ཤིང་།་ད་ལི་ཧུང་ཐའི་ཇིས་ཀྱང་ཁུར་བསམ་བསྐྱེད་པའི་དཔོན་པོ་རྣམས་ཀྱིས་འབུལ་བ་ལའང་རྩེག་གཏམ་མ་བྱས་པར་དུས་འཁྲུག་ཞི་སྟེ་ལུས་ཅན་འབྱམས་སུ་ཀླས་པར་མི་འཇིགས་པ་བྱིན་པའི་འབྲས་བུ་གཅིག་ཏུ་དཀར་ཞིང་ཕན་བདེའི་གསོས་སྨན་བླ་ན་མེད་པར་གྱུར། ༡༦༧༤ ཤིང་སྟག་ལོར། འཇམ་དཔལ་དབྱངས་གོང་མ་རྒྱལ་པོ་དང་བཀའི་ཁྲིམས་ཀྱི་བྱེད་པོ་ཕིང་སིང་ཆིང་ཝང་རྒྱལ་བློན་ཐུགས་ཀྱི་འཛིན་སྟངས་མ་གཅིག་སྐབས་མ་ཧཱ་ཙི་ནའི་རྒྱལ་ཁམས་ཆེན་པོར་གཡུལ་འཁྲུག་རླབས་པོ་ཆེན་བྱུང་སྐབས་། མན་ཇུ་གོང་མ་ཁང་ཤིའི་ནས་བཀའ་ཤོག་བཀའ་ངག་བསྒྱུར་བར་མཁར་སྔོན་པོའི་ཏཱ་ཆི་བླ་མ་དང་། ལ་དུ་ཇར་ཀོ་ཆེ་ཆེད་གཏོང་གནང་བ་བླ་མ་འཕན་ཡུལ་མདར་མ་འཚོ་ཞིང་། ལ་དུས་ཇར་ཀོ་ཆི་ཅན་གྱི་བཀའ་ཤོག་རྟེན་ལྡན་སྤྲད་པ་བླངས། གང་ཅིའི་གནས་ཚུལ་ཞིབ་པར་ཉན་ཞེས་དང་། ཏཱ་ལའི་བླ་མ་རིན་པོ་ཆེ་ནས། བོད་སོག་གི་དམག་རྣམས་རྒྱ་ཡུལ་ཚ་བ་མི་ཐུབ་ཅིང་། འབྲུམ་ནད་མ་ཐར་བས་ཕན་ཐོགས་དཀའ་ཞིང་།་ལྷག་པར་སོག་པོའི་དམག་མི་རྣམས་དགྲ་ཤུགས་ཆེ་ཡང་རང་དབང་འདུལ་དཀའ་བས་ཞབས་རྔོ་ཐོགས་མིན་ཞེས་བཀའ་ལན་རྩལ་བ་དང་། ཕྱོགས་མཚུངས་ཕིང་སིང་ཆིང་ཝང་གིས་ཀྱང་། ཡེ་གེ་སྐྱེལ་མཁན་ཤེའུ་པེའི་ལི་ཆཱེང་ཀུའི་ཅན་ཆེད་གཏོང་གིས་མངགས་ནི་དམག་རོགས་སྐྱབས་འཇུག་ཞུས་ཀྱང་། རྒྱལ་བློན་ནང་འཆམ་དགོས་པའི་བཀའ་སློབ་ཐོག།“དཔོན་བློན་ཧེ་བག་གཅིག་དང་གོང་གི་རྒྱལ་རབས་གཉིས་ཏེ་རྒྱལ་རབས་གསུམ་གྱི་བར་བོད་ཀྱི་མཆོད་ཡོན་དང་འབྲེལ་ཟབ་ཆེ་ཞིང་ངེད་རང་གིས་གོང་དུ་ཕྱིན་པའི་བདག་རྐྱེན་མཐའ་ཀླད་པ་མཛད་ཚུལ་ཝང་རང་ལ་རྒྱུས་ཡོད་པས། གོང་དུ་བསམ་སྦྱོར་ལོག་པ་མི་ལམ་ཙམ་དུ་མི་བྱེད། བྱས་ན་དཀོན་མཆོག་ཐུགས་ཁྲེལ་བ་མ་ཟད། ཁྱེད་རང་ཡང་ཞེ་ཁྲེལ་བ་ལས་འོས་ཅི་མཆིས། ཝང་དང་སྔོན་ཆད་འདྲིས་མེད་ནའང་ད་ལམ་གསར་དུ་ངོ་ཤེས་ཐོགས་པ་དང་། རྣམ་འདྲེན་ཤཱཀྱ་སེང་གེའི་རྗེས་སུ་ཞུགས་པ་རྣམས་འགྲོ་བ་མཐའ་དག་ལ་མཉེས་གཤིན་པར་བྱེད་པར་ཁྱད་ཆོས་ཡིན་པས། འཁོར་བཅས་ལ་བསམ་པ་རྣམ་དག་མ་གཏོགས་ལོག་སྒྲུབ་བྱེད་རྒྱུ་མེད། ལར་ནས་བོད་པས་ཕན་ཚུན་གཉིས་ཀར་ཤུགས་ནུས་མི་ཐོན། སོག་པོ་ཨོ་རོད་ནི་དྲག་ཤུལ་ཆེ་བས་ཚང་མར་རྡབ་སིག་ལས་སྤྲོས་པའི་ལེགས་ཚོགས་མེད་ཚུལ་སོགས་མཆོག་གསུམ་ཐུགས་ཁྲེལ་བའི་རྒྱུ་མཚན་གྱི་ཡིག་ངག་དང་བཅས་གསེར་ཡིག་པ་རྣམས་བརྫོང་བདའ་བྱས་“ཞེས་གསལ།
       མན་ཇུ་གོང་མ་དང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་༸གོང་ས་ལྔ་པ་ཆེན་པོ་དང་ཕན་ཚུན་འབྲེལ་པ་ཇི་བྱུང་གི་གནས་ཚུལ་གོང་དུ་བརྗོད་པ་རྣམས་ལ་དཔྱད་ན། བོད་རྒྱ་རྒྱལ་ཁབ་གཉིས་ཕན་ཚུན་རང་བཙན་འདྲ་མཉམ་དུ་གནས་པ་ལས། བོད་རྒྱ་ནག་གི་ཁོངས་སུ་གཏོགས་པའམ་ཆ་ཤས་ལྟ་བུ་ཡིན་པའི་གནད་དོན་ཅུང་ཟད་ཙམ་ཡང་རྙེད་རྒྱུ་མེད། དེ་མ་ཚད། མན་ཇུའི་གོང་མ་ཚོས་༸རྒྱལ་མཆོག་ལྔ་པ་ཆེན་པོར་ཆེ་བསྟོད་གུས་བཀུར་ཤིན་ཏུ་ཆེན་པོ་ཞུས་ཡོད། དེ་ལྟར་ཞུ་དགོས་པའི་རྒྱུ་མཚན་ནི། མན་ཇུའི་གོང་མ་རང་ཉིད་ཁེ་ཕན་ལ་ཐུགས་པའི་གནད་དོན་གཉིས་ཡིན་ཏེ། གཅིག་ནི་མན་ཇུའི་གོང་མ་ཤུན་ཙིའི་ཕ་མེས་ཀྱི་དུས་ནས་བོད་ཀྱི་ཐིག་པ་ཆེན་པོའིི་ཆོས་ལ་ཡིད་ཆེས་དད་མོས་ཡོད་པ་དང་། ༸རྒྱལ་མཆོག་ལྔ་པ་ཆེན་པོ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་འཁྲིད་མཚན་སྙན་ཤིན་ཏུ་ཆེ་བས་སྐྱབས་ཡུལ་བཀུར་འོས་སུ་བཟུངས་པ་དང་། གཅིག་ཤོས་ནི། རྒྱ་ནག་གི་བྱང་ཕྱོགས་སུ་གནས་པའི་སོག་པོའི་རྒྱལ་ཕྲན་ཚོ་ནས་རྒྱ་ནག་ས་ཆར་བཙན་འཛུལ་བསུན་གཙེར་ཡང་ཡང་བྱེད་མུས་དང་། སོག་པོ་རྒྱལ་ཕྲན་ཚོར་བླང་དོར་སློབ་སྟོན་གནང་ཐུབ་མཁན་ཏཱ་ལའི་བླ་མ་སྐུ་ཕྲེང་ཚོ་མ་གཏོགས་སུ་ཡང་མེད་པའི་གནད་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པར་མན་ཇུའི་གོང་མ་ཚོས་གུས་བཀུར་བསྟུན་མཁས་མི་ཞུ་མཐུ་མེད་བྱུང་བ་ཞིག་ཡིན་པ་དང་། བོད་ཕྱོགས་ནས་ཀྱང་གཞུང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དབུ་བརྙེས་ཏེ་རིང་པོ་སོན་པའི་དུས་སྐབས་སུ་ཤར་ཕྱོགས་ཁྱིམ་མཚེས་སུ་གནས་པའི་རྒྱལ་ཁབ་དེ་མཐུན་གྲོགས་སུ་བསྟེན་རྒྱུ་གནད་ཆེར་བཟུང་སྟེ་མཐུན་འབྲེལ་དམ་ཟབ་གནང་ཡོད། འོན་ཀྱང་རྒྱ་ནག་གོང་མས་ངོ་ལོག་པ་ཚོའི་ཁ་གཏད་དུ་ཏཱ་ལའི་བླ་མར་དཔུང་རོགས་ཀྱི་རེ་འདུན་ཞུས་པར་ཏཱ་ལའི་བླ་མས་ཞལ་བཞེས་མ་གནང་བ་དེས་མན་ཇུ་དང་བོད་གཉིས་བར་གྱི་འབྲེལ་བའི་གནད་དོན་དེ་གཞན་དག་ཐོག་ལ་ཁྱབ་མེད་པ་དེ་བསྟན་པ་ཡིན།
༢། མན་ཆིང་སྲིད་གཞུང་གིས་བོད་ཕྱོགས་སུ་ཐེ་བྱུས་ཇི་ཆེར་ཕྱིན་པ།
ཏཱ་ལའི་བླ་མའི་སྐུ་ཚེའི་སྨད་ཆར་རྒྱལ་ཁབ་འཛིན་སྐྱོང་གི་ལས་དོན་རྣམས་འཇོན་ཐང་དང་ཡིད་ཆེས་འཕེལ་བའི་སྡེ་པ་སངས་རྒྱས་རྒྱ་མཚོར་བོད་ས་ལུག་ཕྱི་ལོ་ ༡༦༧༩ ལོར་འགན་ཁྲི་གནང་། ཁོང་ནི་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པ་རིག་གནས་སྤྱི་དང་ལྷག་པར་དུ་སྲིད་འཛིན་གྱི་བྱ་བ་དང་། ལོ་རྒྱུས་དང་སྨན་རྩིས་སོགས་ལ་སྦྱངས་པ་མཐར་ཕྱིན་པའི་སྐྱེ་བོ་མཁས་གྲགས་ཅན་ཞིག་ཡིན་གཤིས། བོད་ཀྱི་ལོ་རྒྱུས་དང་རིག་གནས། གསོ་བ་རིག་པ། སྐར་རྩིས་སོགས་འཕེལ་རྒྱས་གཏོང་རྒྱུས་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། ལྷག་པར་དུ་ཁོང་གིས་སྡེ་སྲིད་མཛད་རིང་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་དང་། སྔར་ཡོད་ཁྲིམས་ལུགས་ལ་བཟོ་བཅོས་དང་ཁ་སྐོང་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་བརྩམས། བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དགུང་གྲངས་རེ་དྲུག་ལ་ཕོ་བྲང་པོ་ཏ་ལར་འདས་ནས་སངས་རྒྱས་རྒྱ་མཚོར་ཡོང་ལངས་ཆེན་པོའི་ཉིན་ཚབས་འཕྲད་པར་བརྟེན་ཁོང་གི་ བོད་ཀྱི་དུས་བབ་ཞོད་འཇགས་ཡོང་བའི་ཆེད་དུ་༧གོང་ས་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་གསང་རྒྱ་བསྡམས་ཏེ་ཏཱ་ལ་སྐུ་ཕྲེང་ལྔ་པའི་མན་སྙན་གྲགས་ལ་བརྟེན་ནས་བོད་ཀྱི་ཆོས་སྲིད་དོན་ཆེན་ཁག་ཐོག་ཆོད་གཏན་འབེབས་ཤིང་།དུས་མཚུངས་ཏཱ་བླ་མ་ལྔ་པའི་མཚན་ཐོག་ནས་གོང་མ་ཁང་ཤི་ལ་ཕྲན་ལོ་ན་མཐོ་བས་རྒྱལ་ཁབ་ཀྱི་མཐའ་དག་སྡེ་སྲིད་ཆོས་སྐྱོང་དགོས་པས་གོ་གནས་ཤིག་གནང་ལ་མཚལ་ཞེས་ཞུས་པས་གོང་མས་ཀྱང་ཆོས་རྒྱལ་གྱི་གོ་གནས་གནང་བ་མ་ཟད་ཝ་ཁྲེན་ཏན་ལ་ཞེས་འཁོད་པའི་གསེར་གྱི་ཐམ་ཁ་ཞིག་ཀྱང་གནང་ཡོད།

འདི་མན་ཆད་འོད་ཟེར་བསྟན་འཛིན་གྱིས་བརྒྱབས་པ་རེད། ཞུ་དག་ཡག་པོ་བྱེད་པའི་དུས་ཚོད་རག་མ་སོང་ཟེར་བས་ཞིབ་ཚགས་གཟིགས་དགོས། མ་ཟད་ཚན་པ་ཁ་ཤས་བགོས་ནས་ཚན་པ་རེར་མིང་འདྲ་པོ་བཏགས་ན་ཡག་ས་རེད་བསམས་སོང་། མ་གཞི་ནས། རང་གི་བསམ་ཚུལ་གང་ཡོད་བྱས་ན་ཡང་འགྲིགས་མདོགས་ཁ་པོ་རེད། ཞུ་དག་ཡག་པོ་བྱོས།


དུས་མཚུངས་ཡུན་རིང་མ་སོང་བར་ཁང་ཤིའི་༧་གོང་ས་ལྔ་པ་མཆོག་སྔ་ས་ནས་གཤེགས་པའི་གཏན་གསན་སྐབས་སྡེ་སྲིད་ལ་གསེར་ཡིག་བཏང་ནས་འདྲི་རྩད་གནང་ཞིང་།མེ་བྱེ་སྤྱི་ལོ་༡༦༩༦ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཁམས་ཡོངས་ལ་༧་གོང་ས་སྐུ་ཕྲེང་ལྔ་པ་གཤེགས་སྐོར་དང་ཡང་སྲིད་ཀྱང་དགོང་གྲངས་བཅུ་གསུམ་ལ་གསོན་ཡོད་ལུགས་ཁྱབ་བསྒྲགས་ཐོག་པེ་ཅུན་དུ་ཕོ་ཉ་མངགས་ནས་གོང་མ་ཁང་ཤི་ལ་དེ་དོན་སྙན་སེང་ཞིབ་ཞུ་སྐབས་དེ་དུས་ཀྱི་དངོས་ཡོད་གནས་ཚུལ་གྱི་རྐྱེན་པས་༧་གོང་མ་ཡང་ཕོ་ཉའི་རེ་འདུན་ལ་མོས་མཐུན་མི་གནང་ག་མེད་དུ་ཐུག་པ་རེད།1༡༦༩༧མེ་གླང་ལོར་ཚངས་དབྱངས་རྒྱ་མཚོ་ཕོ་བྲང་པོ་ཏ་ལར་སྤྱན་དྲངས་ཏེ་གསེར་ཁྲིར་མངའ་གསོལ།དེའི་ཚེ་གོང་མ་ཁང་ཤི་ནས་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་སོགས་གསེར་ཡིག་པ་བོད་དུ་མངགས་ཏེ་གསེར་ཁྲིར་མངའ་གསོལ་མཛད་སྒོར་རྟེན་འབུལ་བསྟར།༢ལོ་དེར་གུ་ཤིའི་གདུང་རྒྱུད་དཀོན་མཆོག་ཏ་ལའི་ཧན་གྲོངས་པས་སྡེ་སྲིད་ཀྱིས་དེའི་བུ་ལྷ་བཟང་ཁང་རྒྱལ་པོའི་ཁྱིར་བསྐོས།དེ་རྗེས་སྡེ་སྲིད་དང་ལྷ་བཟང་ཁང་གཉིས་ཐུགས་མ་་མཐུན་པ་བརྟེན་ལྷ་བཟང་ཁང་གིསཕྱི་ལོ་༡༧༠༣-༡༧༡༡སྡེ་པར་དྲག་རྒོལ་བྱས་ཏེ་གློ་བུར་སྲིད་དབང་བཙན་བཟུང་བྱས་པར་རྒྱའི་གོང་མ་བློ་ཡིད་དགའ་བར་གྱུར་ཞེས་རོག་ཧིལ་གྱི་དེབ་ནང་གསལ་ཡོད་པ་བོད་ཀྱི་གནས་བབས་ནང་བྲིས་འདུག ༼ཤོག་གྲངས་ ༣༣་༣༤༽ སྡེ་པའི་སྐུ་སྲོག་བཀུམས་པ་ཙམ་མ་ཟད། སྐུ་ན་ཕྲ་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་ཇུན་གར་དང་ངན་འབྲེལ་གྱིས་ངོ་ལོག་ཇུས་འགོད་བྱས་ཚུལ་དང་ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་བླ་མའི་སྤྲུལ་སྐུ་དངོས་མིན་པས་རྣག་ཆང་དགའ་རྩེ་བྱེད་ཚུལ་ཞུས། གོང་མ་ཁཱང་ཞཱའི་ནས་ཨ་ས་ཁན་ཧོ་ཧོའི་སོགས་བོད་དུ་མངགས་ནས་ལྷ་བཟང་ཁང་ལ། བསྟན་སྐྱོང་ཀུན་ཧྲུན་ཧན་ཞེས་པའོ་ཆོ་ལོ་དང་། ཐམ་ག་གནང།  ལྷ་བསམ་གིས་ངག་དབང་ཡེ་ཤེས་རྒྱ་མཚོ་རྒྱལ་བའི་ཁྲིར་བཀོད་པར་གསེར་ཐམ་དགོས་ཚུལ་ཞུས་པར། གོང་མ་ཁཱང་ཞཱའི་ནས། བཀའ་ཡི་ཕུལ་སྐྱོང་བྱེད་པའི་སྐུ་དྲུག་པ་ཏཱ་ལའི་བླ་མའི་ཐམ་ཀ་ཞེས་པ་གནང། ༡༧༠༦ ལོར་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཕྱོགས་གདན་འདྲེན་རྩིས་ལ་མདོ་སྨད་ཁུལ་ཀུན་དགའ་ནོར་ཞེས་པའི་ས་ཆར་སྐུ་གཤེགས་པའི་ཚུལ་བསྟན། ༡༧༡༣ ལོར་གོང་མ་ཁཱང་ཞཱའི་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ལ་པཎ་ཆེན་ཨེན་ཏེ་ནི་ཞེས་པའི་འཇའ་ས་གསེར་ཐམ་གནང་སྟེ། ལྷ་བཟང་ཁང་ལ་རོགས་སྐྱོར་གྱིས་བོད་ཀྱི་ལས་དོན་ལེགས་སྒྲུབ་ཡོང་ཐབས་གནང་དགོས་ལུགས་གསུངས། དེ་ནི་རྒྱལ་བའི་ཡང་སྲིད་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་དགོན་དུ་ཕེབས་རྗེས་གོང་མའི་བཀས་མངགས། དཔོན་རིགས་ཆེ་བ་ཞིག་འབྱོར་ནས་དཔོན་ཁག་རྣམས་འདུས་འཛོམས་སར་བཀའ་ལུང་བསྒྱུར་བར། ཏཱ་ལའི་བླ་མའི་སྤྲུལ་འདིར་ཕེབས་ནས་བཟུང་ངེད་སེམས་ཤིན་ཏུ་བདེ། འདི་ཏཱ་ལའི་བླ་མ་གོང་མའི་སྐུ་སྐྱེ་འཁྲུལ་མེད་ཡིན་འདུག ངེད་དང་བསྟན་འཛིན་ཆོས་རྒྱས་ཀྱི་གདུང་བརྒྱུད་ཐམས་ཅད་སྦྱིན་བདག་ཡིན། ངེད་ནས་ལོ་གསུམ་གྱི་བར་གྲྭ་པ་བརྒྱ་དང་སུམ་ཅུ་སོ་བཞི་ལ་དབྱར་དགུན་གྱིས་གོས་རྒྱུ་སོགས་ཚང་མ་འབུལ་རྒྱུ་ཡིན། ཞེས་བཀའ་བསྒྱུར་བར། ༸རྒྱལ་དབང་མཆོག་དང་སྐུ་འཁོར་རྣམས་ནས་གོང་མར་ཐུགས་རྗེ་ཆེ་ཞུས།
       ༡༧༡༨ ལོར་༸གོང་མ་ཁང་ཞཱའི་རིགས་སྲས་བཅུ་བཞི་པ་ཅང་ཇན་ལྦང་དཔུང་བཅས་ཟི་ལིང་ནས་སྐུ་འབུམ་དུ་བཅར་བར། རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་སྐུ་འབུམ་གྱི་འདུ་ཁང་སྒོ་མཆོར་ནང་སྣེ་ལེན་བསུ་བ་མཛད། ཐང་གིས་༸རྒྱལ་བའི་ཕྱག་ནས་བརྟེན་ཏེ་ལྷན་དུ་འདུ་ཁང་དུ་ཕེབས། ཁྲིན་ལྦང་ལ་སྔོན་དུ་བཞུགས་གསུངས་ཀྱང་། ལྦང་ནས་གོང་མ་ཆེན་པོའི་བཀའ་ཡོད་པས་ཁྱོད་སྔོན་ལ་བཞུགས། ངས་ཕྱག་འཚལ་དགོས་གསུངས་ནས། ༸རྒྱལ་མཆོག་ཁྲིར་བཞུགས་སུ་གསོལ། ལྦང་གིས་ཕྱག་ཕུལ་ནས་ཁྲིར་བཞུགས། གང་ཉིའི་གསུང་གླེང་ཞིབ་ལྷུག་མཛད་པར། ལྦང་ཐུགས་དད་ལྷག་ར་སྐྱེས། དགྱེས་ཚོར་ཆེན་པོས་ངེད་ལན་རྒྱའི་དོན་དུ་དམག་ལ་འགྲོ་བ་འདི་དགའ་མོ་ཨེ་ཡོང་ཞུས་པར། ༸རྒྱལ་བས་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་ལ་དགོངས་ནས་དཀོན་མཆོགགསུམ་ལ་ཐུགས་བརྩེ་གཏད་དེ་གསོལ་བ་བཏབ་ན། འཇམ་དབྱངས་གོང་མ་ཆེན་པོ་ཡང་སྐུ་གསོད་གནད་དང་མི་འདྲ་བས་ཡག་པོ་ཡོང་འགྲོ་ཞེས་བཀའ་ལན་གནང།  ལྦང་ཕྱིར་ཕེབས་སྐབས་སྐུ་དངོས་ཀྱི་སྐྱེལ་ཐུང་མདད་དགོངས་ལ་ལྦང་ནས་ད་རེས་ཅེས་ཀྱང་གཟིམ་ཆུང་ནས་ཕྱིར་མ་ཕེབས། སླར་བོད་དུ་ཕེབསསྐབས་ངེད་ཀྱང་ཞབས་ཕྱིར་བཅར་རྒྱུ་ཡིན་ཞུས་ཏེ་དད་གུས་ཀྱི་རྣམ་འགྱུར་ཆེན་པོས་ཕྱིར་ཕེབས། ལྦང་ཟི་ལིང་དུ་ཕེབས་ནས་ཀོས་ཆེན་མང་པོ་དང་། གསར་གྱི་བུམ་པ་པདྨ་ར་གའི་ཏོག་ཅན་སོགས་དངོས་སྐྱེས་འབུལ་མི་ཚད་གཏོང་མདུན། ངོས་མཇལ་སྐབས་༸སྐྱབས་མགོན་མཆོག་ནས་ཐུགས་རྗེའི་གཟིགས་པ་གཞན་དང་མི་འདྲ་བ་གནང་ས་ད་ལྟ་ཡང་ཞལ་གྱི་དཀྱལ་འཁོར་ཡིད་མངོན་སུམ་བཞིན་དུ་གྱུར་ཏེ་དད་པ་འཕེལ་བཞིན་པར་ཡོད། སླར་ཡང་རྣམ་པ་ཐམས་ཅད་དུ་ཐུགས་རྗེས་འཛིན་དགོས་པའི་ཞུ་འཕྲིན་ཕུལ། གཟན་ཡང་གོང་མའི་སྲས་ལྔ་པ་དང་བདུན་པ།་གསུམ་པའི་སྲས་སོགས་ནས་ཀྱང་དད་སྟོབས་ཀྱིས་དངོས་འབུམ་བསྟན། ༸གོང་ས་མཆོག་སྐུ་འབུམ་དུ་བཞུགས་སྐབས་༸གོང་མས་རང་ཉིད་ཀྱི་སྲས་ཅང་ཇུན་ལྦང་སྐུ་འབུམ་དུ་ཆེད་དུ་མངགས་པ་དང་༸རྒྱལ་མཆོག་སྐལ་བཟང་རྒྱ་མཚོར་བསྟན་པ་རྒྱས་ཤིང་འགྲོ་བ་འདྲེན་པ་ཏཱ་ལའི་བླ་མ་དྲུག་པའི་ཐམ་ག་ཞེས་མན་ཇུ། སོག་པོ་དང་བོད་གསུམ་གྱི་ཡི་གེར་འཁོར་པའི་གསར་ཐམ་དང།  གསེར་གྱི་འཇའ་ས། རྟེན་ཆས་སྣ་མང་བཅས་འབུལ་བཞེས་མཛད། དེ་མ་ཚད་༸གོང་མ་མཆོག་སྐུ་འབུམ་ནས་བོད་དུ་ཕེབས་ྐབས་ཅང་ཇུན་ལྦང་ཉིད་འབྲི་ཆའི་ཁ་བར་ཕེབས་སྐྱེལ་དུ་བཅར།
༡༧༢༠ ལྕགས་ཀྱི་ཧོར་ཟླ ༩ ཚེས་ ༡༥ ཉིན། གོང་མ་ཕེབས་སྐྱེལ་དུ་མངགས་པ་ལྷོ་བྱང་ནས་འོང་བའི་ཅང་ཇུན་ཏེ་དམག་སྤྱི་ཆེན་པོ་གཉིས་དང། གོང་མའི་བློན་ཆེན་ཨ་ཏ་ཧ་ད་སོགས་དཔོན་རིགས། ཐུ་ཀཱན་ཧོ་ཐོག་ཐུ་དང།་བཀའ་འགྱུར་ཏཱ་བླ་མ། ཧོར་ཇིང་གིར་རྒྱལ་པོའི་གདུང་རྒྱུད་ཁལ་ཁ་དོན་གྲུབ་ལྦང་དང་གུང་ཚེ་དབང་ནོར་བུ་ཐའི་ཇི་ལྷ་དབང་རྒྱ་མཚོ། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་དུང་རྒྱུད་ཨེ་ཇུས་པའི་ལི་ཆིང་ལྦང་བློ་བཟང་བསྟན་འཛིན་སོགས་རྒྱལ་རིགས་ཆེན་པོ་དུ་མའི་འཁོར་ཚོགས་ཀྱིས་བསྐོར་ཏེ་༸རྒྱལ་དབང་སྐལ་བཟང་རྒྱ་མཚོ་མཆོག་ཕོ་བྲང་པ་ཏ་ལའི་ཚོམས་ཆེན་གྱི་གསེར་ཁྲིར་ཞབས་སུ་འཁོད། བཞུགས་ཁྲིའི་གཡས་ཕྱོགས་སུ་ཅང་ཇུན་ཆེན་པོ་གཉིས་ཀྱིས་གཙོས་གོང་མའི་མི་དྲག་ཁག་དང། སྡེ་སྲིད་སྟག་རྩེ་ླཧ་རྒྱལ་རབ་བརྟེན་སོགས་དཔོན་རིས་ཆེ་ཁག གཡས་ཕྱོགས་སུ་ཐུ་ཀུན་ཧོ་ཐོག་ཐུ་དང་བཀའ་འགྱུར་ཏཱ་བླ་མ། ཁལ་ཁ་དང། མཚོ་སྔོན་ཁུལ་གྱི་རྒྱལ་བརྒྱུད་དཔོན་རིགས། ཆོས་ཀྱི་ཁྲི་ལ་དབང་བའི་སྤྲུལ་སྐུ་ཆེ་ཁག་ལ་སོགས་པ་འཁོད་ནས་དགའ་སྟོན་ཤིན་ཏུ་རྒྱས་པ་བསྟན། སྐབས་དེ་མན་ཇུའི་དམག་དཔོན་ངའི་སི་ཅན་ཇུན་དང། ཇིང་གིར་རྒྱལ་པོའི་གདུང་བརྒྱུད་ཁལ་ཁ་དོན་གྲུབ་ཐང་དང། གུང་ཚེ་དབང་ནོར་བུ། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་བརྒྱུད་བསྟན་འཛིན་ཐང་དང། ཨེ་སྦུས་པའི་ལི་པའི་སི་ང་ཕོད་རྡོ་རྗེ་རྒྱལ་པོ། གུང་ལུམ་པ་བཀྲ་ཤིས་རྒྱལ་པོ་ཚོགས་འདུ་ནས་ཟླ་ཤས་རིང་སྲིད་བསྐྱངས། དེ་ནི་སྔོན་ལོར་ཇུན་གར་བའི་དཔོན་དམག་ཆོ་ཁག་གིས་བོད་ཀྱི་ནང་རྟེན་དང་རིན་ཆེན་རྒྱལ་ཆ་སོགས་རྩ་ཆེན་འགའ་ཤས་བརྐུས་འཁྱེར་བྱེད་པ་རྣམས་ཁང་ཆེན་པ་བསོད་ནམས་རྒྱལ་པོས་རུན་གར་དམག་རྣམས་ཕམ་ཉེས་སྟངས་ཏེ་རྩ་ཆེན་ནོར་རྣམས་གཞུང་ལ་འབུལ་བའི་བྱས་རྗེས་ལ། ༡༧༢༡ ལོར་པའི་སིའི་ཆོ་ལོ་དང་སྦྲགས་བློན་གཙོ་བོ་དང་། པའི་སི་ང་ཕོད་པ་རྡོ་རྗེ་རྒྱས་པོས་ལས་རོགས། གུང་ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ན་བ་དང་ཕོ་ལྷ་ནས་ཐའི་ཇིའི་གོ་ས་དང་བཅས་བཀའ་བློན་ཏུ་བསྐོ་བཞག་བྱས་པའི་བཀའ་བློན་ལྷན་ཚོགས་དེས་བོད་ཀྱི་ཆབ་སྲིད་ལོ་བདུན་བསྐྱངས། ༸རྒྱལ་བའི་སྐུ་སྲུང་ཕེབས་སྐྱེལ་དང་ཇུན་གར་མཐར་སྤྲོད་ཆེད་བཅར་བའི་མན་ཇུའི་དཔོན་དམག་ཡོངས་རྫོགས་ཕྱིར་ལོག དེ་སྔར་ཕན་མདོ་སྨད་ཁུལ་སོག་པོའི་རྒྱལ་རྒྱུད་འགའ་ཞིག་བཅའ་སྡོད་ཙམ་ལས་གཞི་རྩ་མདོ་སྨད་པའི་དཔོན་སྣེ་ཁག་གི་རང་ལུལ་རང་སྐྱོང་བྱས་ཏེ་གནས་མུས་ཡིན། བློ་བཟང་བསྟན་འཛིན་མཚོ་སྔོན་དུས་འཁྲུག་ནང་ཕམ་ཉེས་བྱུང་བའི་རྗེས་མན་ཇུས་ཟི་ལིང་མཁར་དུ་དམག་མི་ཁྲི་ཕྲག་བཞག་སྟེ་མདོ་སྨད་ཁུལ་བདག་བཟུང་ཐོག་མར་བྱེད་སྐབས་འདིར་མདོ་སྨད་ཁུལ་གྱི་བསྟན་དགོན་མི་སྡེར་གཏོར་བཤིག་མས་ཆག་ཚད་མེད་བྱུང་།
       རིམ་བཞིན་བོད་ཀྱི་ཆབ་སྲིད་སྐྱོང་མཁན་བཀའ་བློན་ལྔ་པོ་ལྟ་སྤྱོད་མི་མཐུན་པ་འགལ་ཟླ་ཆེན་པོར་གྱུར། ༡༧༢༧ ལརོ་བཀའ་བློན་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཙང་ཁུལ་གཞིར་དུ་བསྐྱོད་ཤུལ་ལ། བཀའ་བློན་ང་ལུམ་སྦྱར་གསུམ་གྱིས་ཁང་ཚན་པ་བསོད་ནམས་རྒྱལ་པོ་དང་དེའི་ནང་མི་ལྟོས་ཕྱོགས་རྣམས་བསད་པར་བརྟེན། ཕོ་ལྷ་བས་གཙང་དང་མངའ་རིས་ཁུལ་ནས་དམག་བསྡུས་ཏེ་ང་ལུམ་སྦྱར་གསུམ་གྱི་དགྲ་ཟླ་ལངས་ཏེ་དབུས་དཔུང་ཕམ་པར་བྱས། དེ་ནི་༸སྐྱབས་མགོན་མཆོག་གི་བཀའ་ཕེབས་པར་གུང་བློན་ལྟོས་པ་བཅས་ཀྱི་སྲོག་ལ་མི་སྐྱོན་པའི་སྙིང་རྗེའི་བསམ་པ་མངོན་དུ་བྱེད་དགོས། མིདབང་གིས་ཁོ་བོས་ནི་རང་ཅག་དབུས་གཙང་བཀའ་བློན་ཕན་ཚུན་སུས་འགལ་མི་དམངས་ཀྱི་དབུས་སུ་ཁ་ཤགས་འབྱེད་པའི་སྐབས་གཟུ་བོར་གནས་བའི་བར་དང་མི་དང་གཉིས་སུ་མེད་པའི་ཞིབ་གཅོད་པ་ཞིག་མན་ཇུ་༸གོང་མ་ནས་གཏང་གནད་མཛད་ཡོད་པ་དེ་དག་མ་འབྱོར་བར་དེ་སྲིད་དུ་དེ་དག་གི་སྲོག་མི་འཕྲོག་པ་དམ་བཅའ་ཞུས། དེ་ནས་རིམ་པོ་མ་སོང་བ་ཕོ་ལྷ་བས་མན་ཇུ་གོང་མར་ཞུ་བསྐུལ་བགྱིས་པ་ལྟར་ཨི་ལི་ཧན་ཨམ་བན་དང། ཛང་ཀི་ཨམ་བན་དཔོན་དམག་ལྷ་སར་འབྱོར། ང་ལུམ་སྦྱར་གསུམ་སྡེར་གཏོགས་ཚར་བཅད། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ལ་གོང་མས་པའི་སིའི་ཆོ་ལོ་དང། ཇུན་ལྦང་གི་འཇའ་ས་དང་བོད་ཀྱི་ལས་དོན་བྱེད་པོ་གཙོ་བོར་བསྐོར། གོང་གསལ་ཨམ་བན་གཉིས་དང་དཔོན་དམག་བྱིངས་བོད་ནས་རྒྱ་ནག་ཕྱིར་ལོག བོད་ནང་དུས་ཟིང་གློ་བུར་བ་སྔར་བཞིན་མི་འབྱུང་བའི་ལྟ་རྟོག་ཆེད་མེད་ཏཱ་ཞིན་དང་སེང་ཏཱ་ཞིན་གཉིས་དང་སྲུང་དམག་ཉིས་སྟོང་བཅས་བཞག དེ་ནི་སྲིད་དོན་རྒྱལ་རབས་ནང་ལ་དེ་ནི་ཕོ་ལྷ་བ་རང་ཉིད་ཀྱི་ཁེ་ཕན་སྒྲུབ་བྱེད་ཁོ་ནའི་ཆེད་དུ་བཞག་པ་དེས་རྒྱ་མིའི་དཔོན་དམག་ལྷ་སར་གཏན་སྡོད་བྱེད་སྲོལ་ཆུ་ངན་ལམ་བྱང་ཁོ་ལྟ་བུར་གནས་པར་རྗེས་སུ་སྤྱི་ལོ ༡༩༡༢ མན་ཇུའི་དཔོན་དམག་ལྷ་ས་ནས་མ་ཕུད་བར་བསྡད་པ་རེད། ཞེས་འཁོལ་འདུག
སྐབས་དེ་བོད་མི་སེར་སྐྱ་ཡོངས་ཀྱིས་༸རྒྱལ་དབང་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཞུས་པར་བརྟེན་ཕོ་ལྷ་བས་རང་ཉིད་ཀྱི་སྲིད་དོན་གྱི་ལམ་ཕྱོགས་འགག་རྐྱེན་ལྟ་བུ་མཐོང་སྟེ་མན་ཇུ་༸གོང་མ་རྒྱ་བོད་ས་མཚམས་ལ་གཟིགས་སྐོར་ལ་ཕེབས་སྐབས་མཇལ་འཕྲད་དགོས་ཚུལ་ཁ་གཡར་ཏེ་༸གོང་ས་མཆོག་ལི་ཐང་ཕྱོགས་ཕྱིར་འབུལ་ལྟ་བུ་བྱེད། ༸གོང་ས་མཆོག་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དུ་ཞབས་སོར་འཁོར་མཚམས་གོང་མས་ནས་མི་དྲག་ཁག་གཅིག་མངགས་འབྱོར་གདོང་དངུལ་དངོས་ཀྱི་རྒྱ་ཆེ་དང་བཅས་གོང་མའི་བཀའི་འཚམས་འདྲི་ཞུས་ཤིང་། མེ་རིང་དང་གི་དང་མཱུ་ཏཱ་ཞིན་གཉིས་ཞབས་ཕྱིར་སྡོར་རྒྱུ་དང་སྐུའི་སྲུང་ཆར་ཞིང་ཅོང་ཕིན་གྱིས་གཙོས་དམག་མི་སྟོང་ཕྲག་གཉིས་འཇོག་རྒྱུའི་བཀའ་ཕབ། ༡༧༣༠ལྕགས་ཁྱི་ལོར།གོང་མའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་བཅུ་བཞིའི་རྒྱུ་ཡོན་སྦྱར་བ་ལྟར།མི་ཉག་མགར་ཐར་དུ་གཙུག་ལག་ཁང་གསར་བཞེངས་མཛད།       ལོར་འདིར་༧རྒྱལ་དབང་མཆོག་བསྙུན་བཞེས་ཀྱི་གནས་ཚུལ་ཞབས་ཞུར་བཅར་སྡོད་མི་རིང་ཇིང་གི་ནིའི་གས་གོང་མ་ཉན་སེང་བཞེས་པ་གསན་འཕྲལ།བླ་སྨན་པ་ཧུ་ལིང་ཇིང་དང་རྡོ་རྗེ་སྦྱར་གོ་ཆོ་གཉྀས་ཤད་སྩོལ་ཀྱི་འབྱོར་ཏེ་ཕྱག་རྩ་ཞུས་ཏེ་གསོལ་སྨན་འབུལ་བཞེས་གནང་།སྐབས་དེར་ཁུལ་དེ་ས་གཡོ་བྱུང་བའི་འཇིགས་སྐྱོབ་ཆེད་གོང་མས་མགར་ཐར་གྱི་གཙུག་ལག་ཁང་ལྟེ་བའི་ནུབ་ཕྱོགས་སུ་ཀ་བ་བརྒྱ་ལྷག་གི་སར་གཟིན་ཁང་གསར་བསྐྲུན་ཞུས་པར་སྤོ་བཞུགས་མཛད། ༡༧༣༢ལོ་ཡས་མས་ནས་༧་མི་དབང་ཕོ་ལྷ་བ་དང་ལྷ་སྡོད་མན་ཇུའི་ཨ་བན་ཡང་ཡང་མི་མཐུན་པ་བྱུང་བ་དང་མན་ཇིའི་དམག་མིས་ཀྱང་མི་སེར་ལ་བསྡད་བསིག་ཆེ་རྐྱེན་རྒྱས་བསྡུས་བྱེད་ཆོག་སྐོར་དང་སྡོད་ཡུལ་ཡང་ལྷ་སའི་གྲོང་ཁྱེར་ལས་འགྱངས་ཆེད་གྲྭ་བཞི་ཙམ་སྤོ་དགོས་སྐོར་བཀའ་མོལ་གནང་སྟེ།ཨ་བན་མེ་ཏཱ་ཞན་དང་སེང་ཏཱ་ཞན་རྒྱ་དམག་ཆིག་སྟོང་ལྔ་བརྒྱ་བཅས་རྒྱ་ཡུལ་དུ་ཕྱིར་ལོག་གིས།ཅིའི་ཏཱ་ལོ་ཡེ་དང་རྒྱ་དམག་མི་ལྔ་བརྒྱ་ཐམ་པ་བཅས་གྲྭ་བཞི་རྒྱ་ཁང་གསར་རྒྱག་སར་སྤོས་འདུག དེ་ནི་ཀུན་མཁྱེན་༧རྒྱ་བའི་དབང་པོ་བོད་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཕེབས་རྫོང་ཞུ་བར་མན་ཇིའི་གོང་མའི་སྲས་བཅུ་བདུན་པ་ཁོ་ཤོས་ཁང་སི་ཆིང་ཝང་དང་ལྕང་སྐྱ་ཧོ་ཐོག་ཐུ་རིལ་བའི་རྡོ་རྗེ་སྟོན་འོར་རྣམས་མནར་མཐར་དུ་འབྱོར།མན་ཇུ་གོང་མས་ཕྱག་བྲིས་དང་འབུལ་ཆས་རྣམས་ཕུལ་ཏེ་མཛད་སྒོ་རྒྱ་ཆེན་པོ་གནང་༧གོང་མའི་སྲས་ལའང་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་སོགས་ཆོས་འབྲེལ་མང་ཙམ་གནང་།སྲས་རྒྱ་ཡུལ་དུ་ཕྱིར་ལོག་གནས་ཞིང་།༡༧༤༤ལོར་གོང་མ་ཆན་ལུང་གོ་ཡབ་ཀྱི་བཞུགས་གནས་རྙིང་པར་གཙུག་ལག་ཁང་ཆེན་པོ་གསར་དུ་བསྐྲུན་པར་བོད་ནས་བླ་མ་སློབ་དཔོན་བརྫངས་མདའ་དགོས་ཚུལ་སྐྱབས་ཞུས་ལྟར།མཚན་ཉིད་གྲྭ་ཚང་གི་བླ་མ་ཧར་གདོང་རབ་འབྱམས་པ་ངག་དབང་ཆོས་འཕེལ།རྒྱུད་པ་གྲྭ་ཚང་གི་བླ་མ་སྲད་རྒྱུད་དཀོན་མཆོག་བསྟན་དར།རིག་གནས་གྲྭ་ཙང་གི་བླ་མ་རྨོག་ལྕོག་ཞབསདྲུངས། གསོ་བ་གྲྭ་ཚང་གི་བླ་མ་ཕུན་ཚོགས་འཛམ་གླིང་། དེ་དག་གི་རོགས་ཟླར་གདན་ས་གསུམ་དང་། སོ་སོར་གཡོས་བཅས་ཆེད་བརྫངས་གནང། གོང་མ་ཆན་ལུན་ནས་གསོལ་བ་བཏབས་པ་བརྟེན་ནས་ལྕང་སྐྱ་ཧོ་ཐོག་ཐོ་ནས་བསྟན་འགྱུར་ཆེན་མོ་ཧོར་གྱི་སྐད་དུ་བསྒྱུར་བའི་ལོ་འདིར་ཟིན་པར་༧་རྒྱལ་དབང་མཆོག་ནས་བསྟོད་བསྔག་དང་ལེགས་སྐྱེལ་ཆེན་པོ་བསྩལ། ༡༧༤༧ལོར་ཝང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་འདས། བུ་འགྱུར་མེད་རྣམ་རྒྱལ་ལ་ཕ་དུས་ལྟར་བོད་ཀྱིི་ལས་དོན་བྱེད་རྒྱུའི་བཀའ་དང་ཇུན་ཝང་གི་གོ་ས་བཅས་གནང་། ཝང་འགྱུར་མེད་རྣམ་རྒྱལ་གྱིས་མན་ཇིའི་དཔུང་དམག་བརྒྱ་ལྷ་ས་བཞག་པདེ་བོད་དམག་བརྡབ་གསིག་ཆེ་བས་ཕྱིིར་འཐེན་དགོས་ལུགས་གོང་མ་སྙན་སེང་རིམ་ཞུས་ལ་དམག་མི་བཞི་བརྒྱ་ཐམ་པ་ཕྱིར་འཐེན་བྱེད་འདུག ཡིན་ནའང་ཁོ་རང་གིས་བྱུང་རྒྱལ་གྱི་བྱ་བ་སྣ་ཚོགས་བྱས་པ་དང་ཁོ་རང་ཉིད་ཀྱི་གཅེན་པོ་བསད། ལྷག་པར་དུ་འཇུན་སྒར་ལའང་མཐུན་ལམ་བྱེད་མིའི་མི་སྣ་འགྲིལ་བཞུད་བྱས་པའི་ནང་ནས་རྒྱ་ཕྱོགས་ནས་རྟོགས་ཏེ་ལྷ་སྡོད་ཏཱ་ཞན་གཉིས་ནས་པི་ཅིང་དུ་གསངསྟབས་སྙན་སྒྲོག་བྱས་ཏེ་ཧོར་ཟླ་༡༠་པའི་ཚེས་༡༣གྱི་ཉིན་ཁོ་རང་ཐབས་འཕྲུལ་གྱིས་ཁྲོམ་གཟིགས་ཁང་བོས་ཏེ་ཁོ་པའི་སྲོག་བཅད། དེ་འཕྲལ་ཏཱ་ཞན་གཉིས་ཀྱིས་གོང་མའི་བཀའ་ཡིན་ཚུལ་གྱིས་གུང་པཎྜི་ཏརབོད་ཀྱི་ལས་དོན་བྱེད་དགོས་རྒྱུའི་ཕྱག་མདའ་སྐྱེལ་བར་པཱ་ཙོང་ཞིག་བཏང་སྟེ་སྤྲད་འདུག་པས། གུང་པཎྚི་ཏ་པོ་ཏ་ལརསྐུ་མདུན་དུ་ཡོང་སྟེ་རྒམུ་མཚན་རྣམས་ཞིབ་པར་ཞུས། དེ་སྐབས་ཝང་འགྱུར་མེད་རྣམ་རྒྱལ་གྱི་གཡོག་བློ་བཟང་བཀྲ་ཤིག་སོགས་ཁ་ཤས་ནས་འཕྲལ་ཕུགས་གང་ལ་ཡང་བསམ་བླི་མ་བཏང་བར་ཏཱ་ཞན་གཉིས་ཀྱི་སོག་ལ་རྒོལ་བ་བརྩམས་པའི་གཏན་རྗེ་བླ་མ་མཆོག་གི་སྙན་དུ་གསན་འཕྲལ་མགྲོན་གཉེར་རྣམས་ཀྱི་གཙོས་དྲུང་འཁོར་སེེར་མོ་ཕལ་མི་ཆེ་དང་། སེར་འབྲས་གཉིས་ཀྱི་བླ་མ་ལས་སྣེ་གྲྭ་མང་དང་བཅས་པ་ཆེད་དུ་མངག་ཏེ་མི་དྲག་རྣམས་ཀྱིི་སྲོག་ལ་སྐྱོན་དུ་མི་འགུར་བའི་ཐབས་སྒོ་དུ་མ་ཞིག་མཛད་ནའང་བཀའ་ལ་ཅི་ཡང་མི་སེམས་པས་རས་སུ་བོར་ཏེ། ཏཱ་ཞན་གཉིས་ཀྱི་སྲོག་ལ་རྒོལ་དང་། དམག་མི་དུ་སྐྱོན་བྱས་པའི་ཐལ་ཆ་མི་ལེགས་བྱུང་འདུག   རྗེ་བླ་མ་མཆོག་ནས་བྱེད་སྒོ་གང་ས་ནས་ངན་པ་དེ་འདྲ་ཐུགས་ཀྱི་མ་བཟོད་པར་དབུས་གཙང་དྲག་ཀོང་། འདམ། ནག་ཆུ་སོགས་ས་གནས་ཆེ་བའི་རྫོང་དང་གཞིས་ཀ་མཐའ་དག་ལ། འགྱུར་མེད་རྣམ་རྒྱལ་གྱི་གཡོག་ཚུལ་མིན་བྱེད་པོ་དེ་དག་གི་རྗེས་འབྲངས་ཀྱིས་སྤྱོད་ངན་འུར་གཞོགས་སུས་ཀྱང་བྱེད་མི་ཆོག་པའི་བཀའ་སོག་བཀྲན་ཏེ་དྲིལ་བསྒྲགས། དེའི་ཚེ་སྐྱོན་མ་བྱུང་པ། སྦི་ཆི་ཆིས་གཉིས། ཕོགས་དཔོན། ཨ་བན་གཉིས་ཀྱི་ཟླ་བོ། དམག་མི། ཚོང་པ་བཅས་ཁྱོན་གཉྀས་བརྒྱ་པོར་ཧ་ལར་བསྡུས་ཏེ། འཚོ་བའི་ཡོ་བྱད་ཟས་གོས་སོགས་ལེགས་པར་གནང་སྟེ་བཀའ་དྲིན་གྱིས་བསྐྱངས། གུང་པཎྚི་ཏ་ལའང་གོང་མ་ཆེན་པོའི་བཀའ་མ་ཕེབས་ཀྱི་བར་སྲད་དོན་གྱི་ལས་དོན་བྱེད་དགོས་པའི་བསླབ་དོན་དང་ལས་ཐམ་ཞིག་ཀྱང་བསྩལ། ༼༡༧༥༥རབ་བྱུང་༡༣ཤིང་ཕག་ལོ་༧རྒྱལ་དབང་མཆོག་མགུལ་མཆམ་ལྟ་བུའི་བསྙུན་ཞུ་བཞེས་སྐབས། གོང་མས་ཨ་བན་བརྒྱུད་ཞུ་དོན་ལ། རྡོ་རྗེ་འཆང་ཏཱ་ལའི་བླ་མའི་མགུལ་འཆམ་འཕར་ཚུལ་གདངས་པའི་ཆེད་པེད་ཀྱིད་ལྕང་སྐྱ་ཧོ་ཐོག་ཐོ་ཅན་ལ་ཆེད་དུ་གཉིས་ཏེ་སེར་མོ་རྣམས་མས་སྐུ་རིམ་བྱེད་རྒྱུ་ཡོན་དང་། ཏཱ་ལའི་བླ་མའི་མཇལ་ཁ་མང་པོ་དང་ཐུགས་དམ་ཆོས་སྤྱོད་སོགས་རེ་ཞིག་འཐེན་ནས་སྐུ་གཟུགས་འཕྲོད་འགྲེན་གང་དྲག་གནང་དགོས་ཕེབས་པ་སྙན་སེང་ཞུས་ཡང་དེ་རྗེས་གོང་མའི་བཀའ་ལ་ཏཱ་ལའི་བླ་མའི་སྐུ་འཁྲུག་ནིང་གདངས་མ་བྱུང་བའི་གནས་ཚུལ་ཐོས་པས་ངེད་སེམས་ཁྲལ་སིན་ཏུ་ཆེ་བ་བྱུང་།ལྕང་སྐྱ་ཧོ་ཐོག་ཐོ་དབུས་པེ་ཅིང་ཕྱོགས་ཀྱི་སེར་མོ་བ་ཐམས་ཅད་ལ་སྐུ་རིམ་བསྒྲུབ་རྒྱུ་གནང་བ་ཡིན།བོད་དུ་སྐུ་གཟུགས་ལ་སྨན་བཅོས་བྱེད་པར་སྨན་པ་མཁས་པ་ཞིག་དང་། འཚམས་ཞུ་བཅས་སུ་མི་དྲག་ཞི་ཡ་ཞིག་ཟླ་༡༡་པའི་ནང་གང་འགྱོགས་བཏང་རྒྱུ་ཡིན་ཞེས་ཕེབས། ༡༧༥༧རབ་བྱུང་༡༣པའི་མེ་གླང་ལོར་རྒྱལམཆོག་བདུན་པ་སྐལ་བཟང་རྒྱལ་མཚོ་ཞི་བར་གཤེགས་པ་ཟླ་ཤས་ཞབས་པད་རྣམས་པས་ཐུགས་ཞུར་ཐོག་བོད་སྤྱི་་ཚོགས་གྲོས་བསྡུར་སྤྱི་མོས་མགྲིམ་གཅིག་གིས་ཨ་བན་བརྒྱུད་གོང་མ་གསེར་སྙན་སྒྲོན་པའི་བཀའ་ཡིག་དེ་ལོ་ཟླ་༤་ཚེས་༨་ཉིན་ཕེབས་དོན་བཞིན་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་རྒྱལ་ཚབ་ཀྱི་ཚབ་བཞེངས། མན་ཇུས་བོད་ཀྱི་ལས་དོན་ལ་ཐེ་བྱུས་མང་ཤོས་བྱེད་པའི་དུས་སྐབས་ཤིག་རེད
       ༡༧༥༨ལོར་རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་གཙང་ཐོག་ལྷ་རུ་སྒང་དུ་འཁྲུངས། པཎ་ཆེན་དཔའ་ལྡན་ཤེས་ཀྱིས་རྒྱལ་མཆོག་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། མཚན་གསོལ་དང་དགེ་ཚུལ་དང་དགེ་སློང་གི་བསླབ་སྡོམ་རིམ་པས་ཌྷའབུལ་གནང་། ༡༧༦༢ལོར་སྙེ་ཐང་དུ་ཕེབས་སྐབས་གོང་མ་ཆན་ལུང་གི་གསེར་ཡིག་སྦྱར་པར། ད་ལམ་དབུས་གཅང་གི་ལས་དོན་བྱེད་མི་མིའི་རིང་ཛང་གིས་ཞུས་གསལ་ཏཱ་ལའི་བླ་མའི་སྤྲུལ་བའི་སྐུ་ཕེབས་ཁྱོད་གཞན་དང་མི་འདྲ་བའི་ངོ་མཚར་ཅན་འདུག་ཟེར་བས་ངེད་སེམས་སིན་ཏུ་དགའ། དེའང་བར་ལམ་གོང་ས་སྐུ་ཕྲེང་བདུན་པ་སྐུ་གཤེགས་ནས་ངེད་ལ་སེམས་ཁྲལ་ཆེན་པོ་བྱུང་། དེ་ལྟར་ལོ་གསུམ་གྱི་ཁོངས་སུ་སྤྲུལ་སྐུ་གསར་བ་བྱུང་བ་དང་ངེད་སྐྱི་ཡིད་དང་མཐུན་པས་དགའ་སྤྲོ་སྐྱེས། སྤྲུལ་བའི་སྐུ་ཁྱེད་ནི་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཞྭ་སེར་གྱི་་རང་ལུགས་དར་ཞིང་རྒྱས་པའི་ཕྱིར་དུས་ཐོས་བསམ་ལ་བརྩོན་པར་མཛད་ནས་སྐུ་ཡོན་སྦྱོང་བ་སོགས་ལོ་ཤོར་མེད་པ་གལ་ཆེ། ད་ལམ་སྤྲུལ་བའི་སྐུ་གསལ་བོ་བྱུང་བའི་དགའ་སྟོན་རྟེན་འབྲེལ་དུ་ཁ་བཏགས་ཆེ་ལེགས། གསེར་གྱི་ཚེ་དཔག་མེད་ཀྱི་སྐུ། གཡང་ཀྲིའི་ཤཱཀྱ་ཐུ་པའི་སྐུ་རིན་པོ་ཆེའི་ཕྱག་ཕྲེང་བཅས་གནང་བ་འདི་སྤྲུལ་བའི་སྐུ་སྐུ་ཚེ་ཡུན་དུ་བརྟེན་ཞིང་། ཞྭ་སེར་གྱི་བསྟན་པ་དར་ཆེད་དུ་ཕབ་པ་ཡིན་ཞེས་གསལ། ༡༧༧༠ལོར་༧གོང་མ་ཆན་ལུག་གི་ཞེ་ཧོར་ཡུལ་དུ་པོ་ཐ་ལ་དང་བཀྲ་ཤིས་ལྷུན་པོ་ཞེས་པའི་ཆོས་སྡེ་གསར་རྒྱག་གནང་བའི་མཁན་པོ་དང་། དབུ་ཆོས་སོགས་མཁས་བཙུན་བཟང་གསུམ་འཛོམས་པ་འགའ་ཤས་བཏང་གནང་ཐུགས་རྗེ་ཆེ་བ་ཞེས་སྐྱབས་ཞུ་གནང་འབྱོར་ལྟར། རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་དང་། ས་མཐའི་ཡུལ་དུ་རྒྱལ་བསྟན་སྤེལ་བའི་དགོངས་བཞེད་བླ་མེད་ཀྱིས་སྒོ་མང་དགེ་བཤེས་སྲས་རྒྱུད་མཁན་པོ་སངས་རྒྱས་འོད་ཟེར། སྒོ་མང་གདུང་ནག་ཞབས་དྲུང་ངག་དབང་ཆོས་གྲགས། དབུ་མཛད་རྒྱུ་སྨད་དགེ་སློང་ངག་དབང་རིན་ཆེན་དང་། དགེ་སློང་ངག་དབང་སྐལ་ལྡན་བཅས་ལ་བལའ་སློབ་དང་བཅས་བརྫངས་མདའ་བཛད། ༡༧༧༧ལོར་མན་ཇུ་༧་གོང་མ་ཀོང་ཙོང་ཆན་ལུང་༼kao tsung shih-lu༽ནས་ཞེ་ཧོར་ཡུལ་དུ་གསར་རྒྱག་གནང་བའི་པོ་ཏཱ་ལ་དང་བཀྲ་ཤིས་ལྷུན་པོ་རབ་གནས་གནང་བ་དང་གོང་མ་རང་ཉིད་དགུང་ལོ་བདུན་ཅུ་ཐམས་པ་ཕེབས་རྒྱུའི་འཁྲུངས་སྐར་དགའ་སྟོན་སྐབས་བཀྲ་ཤིས་བདེ་ལེགས་ཀྱི་ཐུགས་སྨོན་ཤེས་བརྗོད་མཛད་པ་དང་། གཞན་ཡང་ཆོས་འབྲེལ་རྒྱ་ཆེ་ཞུ་དགོས་ཡད་པས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བློ་བཟང་དཔའ་ལྡན་ཡེ་ཤེས་རྒྱ་ནག་རྒྱ་ནག་ཏུ་གདན་ཞུ་ཞུ་རྒྱུ་སྐོར་བོད་གཞུང་རྒྱུད་ཞུ་ཡིག་སྔ་རྗེས་འབྱོར་བ་ལྟར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས། ཞེས་སྲིད་དོན་རྒྱལ་རབས་ནང་གསལ། ༡༧༨༦ ལོར་གོང་མའི་བཀའ་ཕེབས་དོན། ངེད་ཀྱི་ཐམ་ཀ་བླ་མ་ལྕང་སྐྱ་ཧོ་ཐོག་ཐུ་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་ཚབ། ཐམ་ཀ་བླ་མར། ཁྲི་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་ཕོ་བྲང་དུ་ཡོང་དགོས། ཧཱ་ལའི་བླ་མ་མདོ་སྔགས་ཀྱི་ཡོན་ཏན་ཐམས་ཅད་ནི་མཁྱེན། སྲིད་ཀྱི་བྱ་བ་ཐམས་ཅད་ཀྱང་ཐུགས་སུ་ཆུད་པས། ད་ཆ་ཆོས་སྲིད་གཉིས་ཀའི་ཐུགས་ཁུར་བཞེས་ནས། སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་ཐམས་ཅད་ཉེ་རིང་མེད་པའི་ཕན་པ་ཆེན་པོ་ངེད་ཀྱི་དགོངས་པ་དང་མཐུན་པ་གནངདགོསཞེས་སྐུ་ཕྲེང་བརྒྱད་པའི་མཛད་རྣམ་ནང་དུ་གསལ། ༡༧༨༧-༡༧༩༢ གོར་བོད་དམག་ནི་འཁྲུགས་སྐབས་མང་སྣེ་རུང་གིས་མ་བསྟེན་པར་སྐྱིད་གྲོང་སོགས་འགའ་ཤས་གོར་ཋན་ཤོར་ཞིང་ད་གོ་གཉའ་ནང་དང། སྐྱིད་གྲོང་ཁུལ་བཙན་འཛུལ་འགོག་ཆེད་ལྷ་སྡོད་མན་ཇའི་ཨམ་བན་གྱིས་དམག་རོགས་ཡོངས་དགོས་ཞེསཞུས་བ་ལྟར་གོང་མས་རྒྱ་བོད་མཆོད་ཡོན་གྱི་ལར་རྒྱར་གཟིགས་ཏེ་མན་ཇུའི་དཔོན་དམག་གང་འཚམས་བཏང།  ཡིན་ན་ཡང་ལོ་འདིར་གོར་བོད་ཆིངས་དོན་བྱུང་བ་ལས་གཞན་ཇག་རྐུན་གོར་ཋན་དམག་རྒྱབ་མེད། གོང་གི་བོད་གོར་བཞག་པའི་ཆིངས་ཡིག་དེ་ལ་མ་གནས་པར་ཕྱི་ལོ་ ༡༧༩༡ ལོ་མཇུག་ཏུ་འཁོན་འཁྲུག་བསྐྱར་ལངས་བྱུང་སྟེ་གོར་ཋས་གཞིས་ཀ་རྩེ་གྲོང་ཁྱེར་དང་པཎ་ཆེན་བླ་མའི་གདན་ས་བཀྲིས་ལྷུན་པོ་བཅས་གཏོང་བཅོམ་བྱས།
དུས་ཆོད་ནར་འགྱངས་ཆེན་པོ་བཏང་རྗེས་གོར་ཋ་རྣམས་བོད་ནས་མཐར་སྐྲོད་གཏོང་ཆེདགོངམ་ཆནལུང་གིས་མན་ཇུའི་དམག་སྤྱི་ཕུ་ཟི་ཀྲུང་ཐང་༼     ༽གྱི་འགོ་ཁྲིད་འོག་རྒྱ་དམག་ཕོན་ཆེ་ཞིག་བོད་ཀྱི་དཔུང་རོགས་སུ་བཏང། ཕྱི་ལོ་ ༡༧༩༢ ལོའི་དབྱར་ཐོག་བོད་དང་མན་ཇུ་རྒྱ་མི་བཅས་པའི་ཟུང་འབྲེལ་གྱི་དཔུང་དམག་གིསགོརདམག་རྣམསལེ་དབར་འགའ་ཤསཙམ་མ་གཏོགས་ཀ་ཐ་མན་གྲུར་སླེབས་ལ་ཉེ་བའི་བར་ཕྱིར་འབུད་བྱས་ཤིང་། འོན་ཀྱང་དམག་འཁྲུག་དེའི་ནང་ལ་ཕམ་ཉེས་ཆེ་བ་དེ་ནི་བོད་པན་བྱུང་ཡོད་ཅིང། གང་ཡིན་ཞེ་ན་དམག་དེའི་ཐད་ཀའི་རྗེས་འབྲས་སུ་བོད་མི་ཆོས་མན་ཇུར་རེ་ལྟོས་བྱ་རྒྱུ་དེ་ཆེ་རུ་ཕྱིན་པ་དང། མན་ཇུ་རྣམས་ལ་ནི་དཔལ་འབྱོར་དང། སྲིད་དོན། དམག་དོན་གང་གི་ཆ་ནས་ཀྱང་བཀག་སྡོམ་བྱ་དགོས་པའི་སློབ་གསོ་ལྟ་བུར་གྱུར། མི་ལོ་བདུན་ཅུ་དོན་ལྔའི་ནང་ཆིང་གོང་མས་བོད་ནང་ཐེ་བྱུས་བྱེད། གོ་མས་ཐེ་བྱུས་དེ་ཉིད་མཐའ་མ་དེ་ཡིན་པར་སེམས་ཐག་བཅད་དེ་ཡུལ་དེའི་གཞུང་དང་ལྷག་པར་ཕྱི་འབྲེལ་རྣམས་རང་ཉིད་ཀྱི་ཐདཀའི་བལྟ་རྟོག་འོག་འཇོག་སླད་བོད་ཀྱི་འཛིན་སྐྱོང་ཐོག་གལ་ཆིའི་བཅོས་བསྒྱུར་མང་པོ་བཏང་ཡོད་ཞེས་བོད་ཀྱི་གནས་བབས་ནང་དུ་གསལ།
བཅོས་བསྒྱུར་དེའི་ནང་ནས་གལ་གནད་ཆེ་ཤོས་ཁག་ནི། བོད་ཀྱི་འཛིན་སྐྱོང་ནང་ཨམ་བན་ཆོས་ཐེ་བྱུས་བྱེད་རྒྱུའི་བཅད་མཚམས་ཅན་གྱི་དབང་ཚད་ཅིག་སྤྲད་པ་དང། བོད་ཀྱི་དཔོན་རིགས་ཚོས་གནད་དོན་གལ་ཆེའི་རིགས་རྣམས་ཨམ་བན་ལ་སྙན་སེལ་ཞུ་དགོས་པ། ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་རྣམ་གཉིས་ནས་གོང་མར་འབྲེལ་བ་གནང་སྐབས་ཐད་ཀ་མ་ཡིན་པར་ཨམ་བན་བརྒྱུད་དགོས་པ་བཅས་ཀྱིས་ཨམ་བན་གྱི་གོ་གནས་དེ་ད་དུང་ཇེ་མཐོར་ཕྱིན་པ་མ་ཟད་བོད་ཀྱི་ཕྱི་འབྲེལ་དང། ཚོང་འབྲེལ། སྲུང་སྐྱོབ་བཅས་ཀྱི་སྟངས་འཛིན་ཡང་ཁོ་ཚོས་བྱ་རྒྱུ་ཡིན་པ་དང། གཞིས་ཀ་རྩེ་དང།  དིང་རི། པག་རི། བོད་ཤར་ཕྱོགས་སུ་ཆབ་མདོ་དང་བྲག་གཡབ་སོགས་སུ་མན་ཇུའི་དཔོན་རིགས་བསྐོར་འཛུགས་བྱས་པའི་ཐོག་ནས་སྲིད་བྱུས་གསར་པ་དེ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
ཡང་བཅོས་བསྒྱུར་གལ་ཆེ་གཞན་ཞིག་ནི་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་རྣམ་གཉིས་ཀྱིས་གཙོས་བོད་དང་སོག་པོའི་སེར་མོ་བའི་དབུ་ཁྲིད་བླ་ཆེན་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེ་སྔའི་སྲོལ་རྒྱུན་དུ་ཡང་སྲིད་འདེམས་སྒྲུག་ཞུ་རྒྱུའི་འགན་འཁུར་བླ་ཆེན་ཁག་དང་བོད་གཟུང་ཁོན་ལ་ཡོད་པ་ཞིག་ཡིན་པ་དང། དེ་དག་ཀྱང་གནང་སྲོལ་ཆོས་ཕྱོགས་ནས་བཤད་པའི་འགྲོ་ལུགས་གཞི་བཟུང་ལག་ལེན་བསྟར་ཡོད། འོན་ཀྱང་སྐབས་དེ་མི་དྲག་ཆེ་ཁག་གི་ནང་སྤྲུལ་སྐུ་ལ་ཧོབ་ཐོབ་རྒྱག་པའི་ཛ་དྲག་གི་གནས་ཚུལ་ཤུགས་ཆེར་འགྲོ་བཞིན་པ་དང་། ལྷག་དོན་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས། ཀརྨ་ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་སྒྲུབ་རྒྱ་མཚོ། དྲུང་པ་ཧོ་ཐོག་ཐུ་བློ་བཟང་སྦྱིན་པ། བསམ་ལྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དགུ་པ་བདེ་ཆེན་དབྱིངས་དབང་མོ། སོག་པོའི་དགེ་ལུགས་པའི་སྤྲུལ་སྐུ་ཆེ་ཤོལ་ཧལ་ཧ་རྗེ་བཙུན་དམ་པ་བཅས་སྤྲུལ་སྐུ་ཆེ་ཁག་དྲུག་བཅས་དེ་དག་མི་ཚང་གཅིག་གི་ནས་འཁྲུངས་པར་བརྟེན། སྐབས་དེའི་སྤྱི་ཚོགས་ཐོག་གླེང་ཕྱོགས་སྣ་ཚོགས་བྱུང་བ་དང།  ཡང་སྐབས་དེར་རྒྱལ་བ་པཎ་ཆེན་ལྟ་བུའི་སྤྲུལ་སྐུ་ཁག་ངོས་འཛིན་སྐབས། མི་དྲག་ཚོས་སྔོན་ཚུལ་ནས་ལ་མོ་དང་གནས་དགའ་སོགས་གཞུང་བརྟེན་སྲུང་མ་ཁག་གི་སྐུ་རྟེན་ལ་དངུལ་དངོས་སོགས་ཀྱི་ཁོག་བརླམས་པའི་དབང་ཤོད་དུ་སོངས་སྟེ། རང་རྐྱང་ཐུབ་པའི་ལུང་རྟགས་དང་འཆར་འབུལ་ཕྱག་རྟགས་ཡིད་རྟེན་མ་བྱུང་བའི་ཁར། སྐབས་ཤིག་ལ་སྐྱབས་རྗེ་ལྕང་སྐྱ་སྐུ་གོང་མས་མི་རྗེ་བཀའ་དྲིན་ཅན་དེ་ཉིད་ལ་སྐུ་རྩེད་ཀྱི་ཚུལ་དུ་བཀའ་ཕེབས་པར་རྒྱལ་བའི་མཆོག་སྤྲུལ་གྱི་སྐོར་འདི་རྩ་བ་ཆེ་སྟབས་རང་ཅག་རྣམས་ཀྱི་བློ་མ་འཁྱུད་པར་མངོན་ཤེས་ཡོད་རེས་ཆོས་སྐྱོང་ཁག་རྣམས་ལ་སྤྱན་འདྲེན་ཞུས་ཀྱང་ལོང་བའི་འཁར་ལྟ་བུ་བཅས་ལུང་ཕེབས་པ་ཚང་མ་པོ་ཏཱ་ལའི་གསེར་ཁྲིར་སྡེབས་གཅིག་ལ་བསྐྱལ་བས་ནི་མ་འཐུས། འདི་མུས་རང་འགྱངས་སུ་ལུས་ན་ནི་སྐུ་བགེགས་སོགས་ཇི་ཡོད་ཆ་མ་རྟོགས་པ་དང་། ཡང་ཕྱོགས་གཅིག་ནས་ཁལ་ཁ་ས་ཡོན་ནོར་ཡོན་གྱི་སྤྲུལ་སྐུ་ཨེར་ཧེ་ཎི་ཧོ་ཐོག་ཐུ་གཤེགས་རྗེ། ཁོང་གི་ཕྱག་མཛོད་ངག་དབང་བཀྲིས་ལྷ་སར་ཆེད་བཅར་གྱིས་ཏཱ་ལའི་བླ་མ་དང།  པཎ་ཆེན་རིན་པོ་ཆེ། ལ་མོ་ཆོས་སྐྱོང་སོགས་ལ་ལུང་རྟགས་འཆར་འབུལ་ཞུས་ཏེ་སོག་པོའི་རྒྱལ་པོ་ཐུ་ཕྷི་ཐུ་ཧན་གྱི་བུར་དམིགས་འཛུགས་བྱས་པ་སོགས་ངོས་འཛིན་ཚད་ལྡན་མ་བྱུང་བའི་གླེང་རྙོག་བྱུང་བ་བཅས་ཀྱི་གནས་ཙུལ་འོག་གོང་མ་ཀའོ་ཙུང་གི་རང་ཉིད་ཞྭ་སེར་བསྟན་པའི་སྲུང་སྐྱོབ་བྱེད་པོ་ཡིན་པའི་ཆ་ནས་ཆོས་ལུགས་དེ་བཞིན་ཉེས་སྐྱོན་གྱི་དྲི་མས་མ་གོས་ཤིང། ཉེ་དགའ་ཕྱོགས་ལྷུང་ལས་སྐྱོབ་ད་གསེར་བུམ་དཀྲུག་འདོ་གྱི་ལམ་ནས་འདེམས་སྒྲུག་ཞུ་ཕྱོགས་ཀྱི་ལམ་སྲོལ་གསར་གཏོད་བྱས། བཅོས་བསྒྱུར་དེའི་༼ཏཱ་ལའི༽བླ་མའི་ཡང་སྲིད་འདེམས་སྒྲུབ་ཞུ་ཕྱོགས་ཐད་ལ་གོང་མའི་ཤུགས་རྐྱེན་གང་ཡང་ཐེབས་མེད་ཡིན་ན་ཡང་མན་ཇུའི་ཆོས་ཕྱོགས་ནས་བོད་ཀྱི་སྲིད་ཕྱོགས་ལ་ཐེ་བྱུས་བྱས་པའི་གོ་སྐབས་བཟང་པོ་ཞིག་རག་ཡོད།
མན་ཇུ་བོད་ནས་མཐར་སྤྲོད་བཏང་བ།
རྒྱལ་མཆོག་སྐུ་ཕྲེང་དགུ་པ་ནས་བཅུ་གཉིས་པར་དགུང་གྲངས་མཐོན་པོར་མ་བཞུགས་སྟབས་དེའི་རིང་བོད་ཀྱི་ཆབ་སྲིད་སྐྱོང་མཁན་ནི་རྒྱལ་ཚབ་སྲིད་སྐྱོང་ཡིན། བོད་སྡོད་ཨ་བན་གྱི་ལས་འགན་ནི་རྒྱལ་བ་སྐུ་ཕྲེང་རིམ་ཕེབས་དང་རྒྱལ་ཚབ་དང་སྲིད་སྐྱོང་གསར་པ་རིམ་བྱུང་སྐབས་དེ་དག་གནས་ཚུལ་མན་ཇུའི་གོང་མར་སྙན་སིང་ཞུ་རྒྱུ་དང་། གོང་མས་ཁོང་ཚོར་གོ་མིང་གནང་ན་དེ་བརྒྱུད་བསྒྲགས་བྱ་རྒྱུ་ཙམ་ཡིན། དེ་ནི་མན་ཇུའ་གོང་མིའི་སྲིད་ཀྱི་ཤུགས་དེ་ཟླ་བ་མ་ངོ་བཞིན་ཆུང་རུ་འགྲོ་བ་དང་ཕྱི་ལོ་༡༨༣༤-༡༨༤༢ལོར་བོད་སིལ་དམག་འཁྲུག་དང་གོར་བོད་དམག་འཁྲུག་གཉིས་པ་སྐབས་རྒྱ་ནག་ནས་བོད་ལ་དམག་རོགས་གཏོང་རྒྱུ་ཕར་བཞག སྤྱིར་སྟངས་གོ་ལག་གི་རོགས་པ་ཙམ་ཡང་གཏོང་ཡོད་པ་མ་རེད། དེ་ཙམ་མ་ཟད། ལྷ་སར་མན་ཇུའི་ཨམ་བན་གྱི་སྲུང་དམག་བརྒྱ་སྐོར་ཞིག་ལས་མེད་པ་དེ་ཡང་དུས་ཐོག་བརྗེ་ལན་དང་ནད་འདས་ཀྱི་ཚབ་གསར་འཛུགས་མ་ཐུབ་པར་བོད་སྐྱེས་རྒྱ་མ་བོད་ཀྱི་མི་རིགས་ཆོས་བྱེད་པ་དང་དམག་ཕོགས་ཀྱང་འཕྲལ་འཕྲལ་འབྱོར་མ་ཐུབ་པས་བོད་གཞུང་དང་བླ་བྲང་ཆེ་ཁག་ནས་འབྲུ་དངུལ་རྒྱ་ཆེ་བུ་ལོན་གཡར་ལེན་བྱེད་པ་དང་། མན་ཇུའི་དཔོན་རིགས་དང་ལས་བྱེད་པ་ཕལ་ཆེར་ཡང་ཉལ་ཐ་ཨོ་ཕིམ་འཐེན་ཏེ་ཉིན་མཚན་དབྱེ་བ་མི་ཤེས་པ་དང་། རེག་དུག་བསེ་མོག་གི་ནད་ངན་མཆེད་དེ་བོད་མི་ཚང་མས་རྒྱ་ནད་ཅེས་སྐྱུག་བྲོ་བྱེད་པ་དང་། ཨམ་བན་གྱི་སྲུང་དམག་ཚོས་ཀྱང་འཕྲལ་སྒང་ལྟོ་གོས་གྱི་ཆེད་གཞུང་ཞབས་ཁག་གི་ཆེ་འདོད་དང་། སྤྲོ་སྐྱེད་སོགས་ལ་སེང་གེ་དང་། འབྲུག་ཁྲབ་སྟོན་བྱས་ཏེ་སློང་མོ་བྱེད་པས་ཁག་སྦྱོང་ཆེན་པོ་ཡོད་སྐབས་ཤིག་རེད། གང་ཡིན་ཟེར་ན་རྒྱ་ནག་ནང་ཐའི་ཕིང་གི་ངོ་ལོག་དང་། ཨོ་ཕིམ་ཐ་མའི་ཁའི་སྐོར་ལས་དབྱིན་ཇི་པ་དང་། ཕ་རན་སི་པས་རྒྱ་ནག་ནང་དམག་འཕྲུག་བྱེད་པའི་སྐབས་ཤིག་ཀྱང་རེད། ཅེས་སྲིད་དོོན་རྒྱལ་རབས་ནང་གསལ་བ་བཞིན་དང་། ༡༨༩༥ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་ལྗོངས་ལུགས་གཉིས་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས། ༡༩༠༤ལོར་དབྱིན་དམག་ལྷ་སར་འབྱོར་ཉེའི་མཚམས་བོད་ཀྱི་ལས་དོན་བྱེད་སྒོ་དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་གནང་སྟེ་བྱང་ལམ་བརྒྱུད་ཕེབས་ཏེ་སྐུ་འབུམ་དུ་བཞུགས་སྐབས་མན་ཇུ་གོས་མས་འཚམས་འདྲི་ཞུ་མི་དང་རྟེན་སྐྱེས་འབུལ་མི་སྔ་རྗེས་སུ་བཏང་། ༡༩༠༨་ལོ་གནས་མཆོག་རི་བོ་རྩེ་ལྔ་བརྒྱུད། པེ་ཅིང་དུ་ཕེབས་གོང་ཡུམ་དང་གོང་མ་ཀོང་ཞུའི་མཇལ་འཕྲད་དང་གསོལ་སྟོན་འབུལ་བཞེས་གནང་། གོང་ཡུམ་ལ་དབྱིན་དམག་བོད་ལྗངས་སུ་བཙན་འཛུལ་བྱུང་བར་ཕན་གྲོགས་ཡོང་བ་དང་། ཁམས་ཁུལ་རྒྱ་དམག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པའི་ཞུ་བསྐུལ་གནང་བར། གོང་ཡུམ་ནས་ཞལ་བཞེས་དང་། ད་ཕྱིན་བོད་དོན་གལ་ཆེའི་རིགས་ཏཱ་ལའི་བླ་མ་རང་ནས་གསེར་སྙན་སྒྲོན་ཆོག་པ། སྔར་སྲོལ་བཞིན་རྒྱ་བོད་གཉིས་མཐུན་ལམ་བརྟེན་ཅིང་རྒྱུན་འཁྱོངས་ཡོང་བ་མཛད་དགོས་ཚུལ་ཞུས།
       ༡༩༠༦ལོར་སྒྲའོ་ཨར་ཕུང་གིས་བོད་སྡེ་འབའ་ལི། ཚ་ལྷོ། མཛོ་སྒང་ཁུལ་དམག་དཔུང་དྲངས་ཏེ་དགོན་ཁག་གཏོར་བཤིགས་དང་། ཉེས་མེད་ཀྱི་སེར་སྐྱ་མང་པོ་འཛིན་བཟུང་བརྡུང་གསོད་ཁྲིམས་འགལ་ཚོད་མེད་བྱེད་བཞིན་དུ་ཆབ་མདོ་བར་སླེབས་པའི་ཐོག ༡༩༠༩ལོར་དབྱིན་ཇིའི་ཚོང་ར་སྲངུ་དམག་ཡིན་ཚུལ་ལ་བསྙད་དེ་ལུའུ་ཅུན་དཔུང་དམག་ལྷ་སར་དྲངས། ལྷ་སར་འབྱོར་ཉིན་དགྲ་ཟླ་སུ་ཡང་མེད་པར་རང་དགར་མེ་མདའ་གང་བྱུང་འཕངས་ཏེ་བོད་ཀྱི་མི་དྲག་བསད་རྨས་འཛིན་བཟུང་སོགས་སྨྱོ་སྤྱོད་ཤིན་ཏུ་ཚབས་ཆེ་བྱས།
       ༡༩༠༩ཟླ་༡༡ཚེས་༩ཉིན་༸གོང་ས་༸མཆོག་རྒྱ་ནག་ནས་མདོ་སྨད་ས་ཁུལ་བརྒྱུད་ལྷ་སར་ཞབས་སོར་འཁོད་ཡན་ན་ཡང་མན་ཇུའི་དཔོན་དམག་གིས་ཁྲིམས་འགལ་ཚུལ་མིན་བྱས་པར་བརྟེན་༸གོང་ས་༸མཆོག་དང་བཤད་ཞོལ་ཆང་གསུམ་སོགས་སྐུ་འཁོར་ཧྲག་བསྡུས་༡༩༡༠བོད་ཟླ་༡ཚེས་༣་ཉིན་གྱི་དགོང་མོ་ལྷ་ས་ནས་རྒྱ་གར་གར་ཕྱོགས་སུ་ཕེབས་དགོས་བྱུང་བ་རེད། ཡིན་ནའང་༸གོང་ས་༸མཆོག་རྒྱ་གར་དུ་ཕེབས་རྗེས་ཨམ་བན་ནས་སྲིད་སྐྱོང་ཚེ་སྨོན་གླིང་གི་ཕྱག་རོགས་སྣེའུ་ཤར་མཁན་ཆེ་མཁྱེན་རབ་ཕུན་ཚོགས་འཛིན་བཟུང་གིས་དར་རྩེ་མདོར་རྒྱང་ཕུད་དང་། བཀའ་བློན་བླ་མ་བློ་བཟང་འཕྲིན་ལས་ཕྱིར་འཐེན་གྱིས་བསྟན་འཛིན་ཆོས་གྲགས། གླང་མཐོང་པ། རམ་པ་བ་བཅས་བཀའ་བློན་ལ་བསྐོ་བཞག་བྱས། ལྷ་སའི་ནང་ཡོད་པའི་ཁྲིམས་སྲུང་བོད་དམག་རྣམས་བརྗེ་ལེན་བྱས་ཏེ་རྒྱ་དམག་བཙུགས་པ་དང་། རྒྱ་ནག་དང་སོག་ཡུལ་ནས་ཏཱ་ལའི་བླ་མའི་སྐུ་ཆས་ནག་ཆུར་འབྱོར་བཞིན་ཡོད་པ་རྣམས་རྒྱ་དམག་གིས་བསྔོགས་བཤེར་འཕྲོག་བཅོམ་དང་ཞོལ་གོ་མཛོད་ནང་གི་གོ་ལག་རྫས་མདེལ་རྣམས་བདག་བཟུང་བྱས། ཏཱ་ལའི་བླ་མ་རིན་པོ་ཆེ་དང་བཤད་ཞོལ་ཆང་གསུམ་དང་བཀའ་བློན་རྣམས་ཀྱི་ཤག་དང་། སྒེར་གཞིས་ཡོད་པའི་དངོས་ནོར་ཚང་མ་བཅོམ་འཕྲོག་དང་། དེ་སྔོན་ཐག་བཅད་ཟིན་པའི་བསྟན་གླིང་བླ་བྲང་ལ་བཀའ་ཞིབ་དང་དྲང་མིན་བྱུང་ཚུལ་གྱི་རྙོག་མ་གཏིང་སློང་སོགས་བཙན་དབང་གདུག་རྩུབ་བྱ་སྤྱོད་གང་མང་སྤེལ་བ་མ་ཚད། ༡༩༡༠ལོའི་ཟླ་༢ཚེས་༢༥ཉིན་མན་ཇུ་གོ་མའི་མིང་ཐོག་ནས་ཏཱ་ལའི་བླ་མ་གནས་དབྱུངས་བཏང་ལུགས་གསལ་བསྒྲགས་དང་། གདན་ས་ཁག་གི་སློ་དཔོན་ལས་སྣེ། གཞུང་ཞབས་སེར་སྐྱ། བོད་ཤར་ཕྱོགས་མདོ་སྟོད་ནས། དབུས་གཙང་། དྭགས་ཀོང་། སྤོ་བོ། སྟོད་ཕྱོགས། བྱང་རིགས་བཅས་ཚང་མ་ནས་རྒྱ་མའི་དཔོན་དམག་ལ་ངོ་རྒོལ་དང་། ཁྲལ། རྟ་ཁལ་བཅས་འཐེན་པ་སོགས་སྡོད་གཟོད་མི་བདེ་བ་ཕྱོགས་གང་ས་ནས་བཟོས། མང་ཚོགས་ཁ་ལོ་བསྒྱུར་ཆེད་བེད་སྤྱོད་བྱ་རྒྱུའི་དགོས་མཁར་དམིགས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་བཀྲས་ལྷུན་ནས་ལྷ་སར་གདན་དྲངས་ཏེ་རྒྱལ་ཚབ་གནང་དགོས་ཞུས་པར་ཞེར་བཞེས་མ་གནང་བས་ཨ་བན་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་ཚེ་པེ་ཅིང་ནས་བཀའ་འབྲེལ་བཞིན་རྒྱ་དཔོན་ལོའོ་རྡོ་ཐལ་ལ་བོད་དོན་སྤྱི་ཁྱབ་ཞེས་མིང་བཏགས་ཏེ་ཕྱི་རྒྱལ་ལས་ཁུངས་དང་དམག་སྲིད་ལས་ཁུངས་གཉིས་ཀྱི་ལྕགས་འཕྲིན་གྱི་དོན་ལྟར། ༸གོང་ས་༸མཆོག་ལྷ་ལྡན་རྒྱལ་ཁབ་ཏུ་གདན་ཞུ་བ་ཡིན་ཞེས་བོད་ཟླ་༩པའི་ནང་རྡོར་གླིང་དུ་བཅར་ཏེ་ད་ཆ་བོད་ནང་ཞི་འཇམ་སྔར་རྒྱུན་བཞིན་ཡོད་གཤིས་༸གོང་ས་༸མཆོག་ནས་པེ་ཅིང་གཞུང་གི་བཀའ་དོན་ལྟར་འཕྲལ་དུ་ཆིབས་བསྒྱུར་ཡོད་ཞེས་སྙན་ཞུ་དང་དེ་མཚུངས་སྲིད་བློན་བཀའ་ཤག་བཅས་མདུན་དུ་བཅར་ཏེ་ཞུས་འདུག་ཀྱང་། ༸གོང་ས་༸མཆོག་ཡིག་ཐོག་བཀའ་ལན་སྩལ་དོན། སྔ་དུས་རྒྱ་བོད་མཆོད་ཡོན་བཀུར་རེས་ཡོད་པ་ལྟར། ཤིང་འབྲུག་དབྱིན་དམག་འབྱོར་སྐབས་པེ་ཅིང་དུ་རེ་ལྟོས་གནང་ལུགས་དང་གོང་མ་ཡུམ་སྲས་ནས་གཟིགས་བསྐྱངས་བཀའ་བཞེས་བཟང་པོ་གནང་བ་ལྟར་ཡིན་ཤག་བགྱིས་རུང། ལིན་ཨ་བན་གྱི་ངན་རྒྱབ་ཏུ་ཞུས་སྩལ་རྒྱ་དམག་གསར་འབྱོར་སྐོར། ཁམས་ཕྱོགས་སྡེ་དགོན་ཚང་མ་འུ་ཐུག་བློ་ལོག་གིས་ཡ་བཟུང་བྱས་འཐུས་སྙན་ཞུ་ལན་མང་འབྱོར་པ། གོང་མ་དགོངས་འགལ་གྱུར་དོགས་ཐལ་ཆ་མི་ཆོག་པའི་བཀའ་ཁྱབ་གནང་ལུགས། རྒྱ་དམག་ལྷ་སར་འབྱོར་ཉིན་ཁྲིམས་འགལ་བྱས་ལུགས། ཀ་སྦུག་ཏུ་ཕེབས་རྗེས་གོ་གནས་དབྱུངས་ལུགས་གསལ་བསྒྲགས་བྱས་པ་བཅས། ཆོ་བཟོ་གང་ལ་གཞིགས་ཀྱང་རྒྱ་ནག་དུ་བདེ་སྡུག་ཞུ་ཡུལ་བྲལ་བར་བརྟེན། ཆིངས་དོན་དུའང་དབྱིན་གཞུང་དང་མཐུན་ལམ་བྱེད་རྒྱུ་གསལ་འཁོད་ལྟར་དབྱིན་ཇིར་བདེ་སྡུག་མི་བརྗོད་མཐུ་མེད་ཀྱི་རྩ་རྐྱེན་་ཚང་མ་རྒྱ་ཕྱོགས་རང་ནས་བཟོས་པ་ཤ་སྟག་ཡིན་ལུགས། རྒྱ་བོད་ཁྲིམས་འགོ་ཐ་དད་ཡིན་མུས། ངོ་ཚབ་ལས་རོགས་སེར་མོ་བ་མཁྱེན་རབ་ཕུན་ཚོགས་ཉེས་མེད་འཛིན་བཟུང་རྒྱང་འབུད་བྱས་པ་སོགས་རྒྱ་ཕྱོགས་ནས་ཡིག་ངག་གང་སར་མི་གནས་པར་བརྟེན། ཕྱིན་ཆད་སྔར་ལུགས་ཡོར་རེ་བྲལ་བས། ས་འདྲེས་བབས་ཀྱི་དབྱིན་གཞུང་བར་བཞུགས་བྱུང་མཚམས་སླད་རྒྱ་བོད་འཇོག་བཟོའི་སྐོར་ཞིབ་མོལ་ཆོག་རྒྱུ་བཅས་རྡོ་ཐའི་ནས་གོང་བཞིན་གནང་བདེ་ཡོད་ན་དང་། དེ་མིན་གོང་མར་སྙན་སེང་ཞུ་དགོས་ཞེས་སོགས་འཁོད་པ་སྩལ།
       ༡༩༡༡ལོར་རྒྱ་ནག་ཏུ་གསར་བརྗེའི་ལས་འགུལ་ལངས་ཤིང་། བོད་ནང་ཡོད་པའི་མན་ཇུའི་ཞི་དྲག་གི་དཔོན་རིགས་དང་རྒྱ་རིག་དམག་མི་རྣམས་ནང་ཚགས་ཆགས་སྡང་ཕྱོགས་རིས་ཆེན་པོ་ཡོད་པ་དང་། བོད་ནང་ཁོ་ཚོར་ལྟོ་ཕོགས་མ་ལྡིང་བའི་དཀའ་ངལ་ལ་བརྟེན་ཁོ་ཚོར་ནང་ཚགས་འཁྲུག་འཛིང་གསོད་རེས་ཡང་ཡང་བྱེད་པ་དང་། དེའི་ཕྱོགས་མཚུངས་རྒྱ་ནག་ནང་སུ་ཡ་སན་གྱིས་འགོ་འཁྲིད་བྱས་པའི་ས་བརྗེ་ངོ་ལོག་པ་དང་། གོང་མའི་སྐུ་སྲུང་དམག་དཔོན་ཆེ་ཤོས་ཡོན་ཤི་ཁས་ལག་སྦྲེལ་བྱས་ཏེ་ཕྱི་ལོ་༡༩༡༢ལོའི་ཟླ་༢ཚེས་༡༢་ཉིན་མན་ཇུ་གོང་མ་ཤོན་ཐུང་ཁྲི་ལས་ཕབ་པ་དང་སྒྲའོ་ཨར་ཕུང་ཡང་སྐེ་བཅད་པ་བཅས་ས་འགྱུར་དེ་ལྷ་སར་འབྱོར་བ་རེད། དེ་བཞིན་བོད་ཤར་ལྷོའི་ཕྱོགས་སྤོ་ཀ་གནམ་སྡེ་པ་ཁམས་པ་ཇ་ཚོང་བ་བཅས་ཀྱི་ངོ་ལོག་བརྒྱབས། སྐབས་དེར་རྒྱ་ནག་ཞིང་ཆེན་ཚང་མར་ངོ་ལོག་གི་མེ་བདེ་བ་ཆེན་པོ་ཡོད་གཤིས། བོད་འབྱོར་རྒྱ་དམག་རྣམས་ལ་དམག་ཕོགས་དང་མཛས་མདེལ་འབྱོར་རྒྱུའི་རེ་བ་བྲལ་བའི་མཚམས་སུ་དཔོན་དམག་ཚང་མ་ཁམས་བརྒྱུད་ཕྱི་ལོག་བྱུ་རྒྱུར་བོད་གཞུང་ནས་ལམ་ཆས་འགྲོ་སོང་དགོས་ཚུལ་ཞུས་པར། ཁམས་ཕྱོགས་རྒྱ་དམག་ཡོད་རིགས་དང་ངན་བསྡེབས་བྱས་ཏེ་མི་སྡོད་པའི་མཁས་ལེན་པར་མི་དང་འབྲེལ་བ་དགོས་ལུགས་བཀའ་མོལ་གནང་མཐར། ལམ་ཆས་ཐོག་བོད་གཞུང་ནས་དངུལ་རྐྱང་རྒྱ་དངུལ་སྲང་ཆིག་འབུམ་བརྒྱད་ཁྲི་ཐམ་པ་སྤྲད་ཐོག་རྟ་ཁལ་གྲ་སྒྲིག་ཨང་བསར་བྱས་ཀྱང་། དངུལ་འབབ་ལག་ཏུ་སོན་མཚམས་མན་ཇུའི་དཔོན་དམག་ཚོས་འཕྲལ་ཐོན་མས་བྱས་པའི་ཁར། གློ་བུར་དུ་སེ་ར་དགོན་པར་རྒྱ་དམག་དཔུང་འཇུག་དང་འབྲེལ་ལྷ་སེར་དམག་འཁྲུག་བསླངས་པར་བརྟེན། བོད་གཞུང་ཞི་དྲག་ལས་བྱེད་ཚོང་རིགས་མང་ཚོགས་དང་བཅས་པའི་ཕྱོགས་ཀུན་ནས་དགྲ་བོར་རྒོལ་འཛིང་ལོ་འཁོར་ལྷག་ཙམ་བྱས་ཏེ་ཆུ་བྱི་དམག་འཁྲུག་དུ་གྲགས་པའི་ལྷ་སའི་དམག་འཁྲུག་བྱུང་། ༡༩༡༢ལོའི་དབྱར་དུས་༸གོང་ས་༸མཆོག་རྒྱ་གར་ནས་བོད་དུ་ཆིབས་ཞལ་བསྒྱུར། དེ་ནས་ཡར་འབྲོག་བསམ་སྡིང་དགོན་དུ་ཞབས་སོར་འཁོད། ལྷ་སའི་དམག་འཁྲུག་ནང་མན་ཇུའི་དཔོན་དམག་ཡོངས་སུ་ཕམ་པའི་དབང་གིས་ལྷ་སྡོད་མན་ཇའི་དམག་སྤྱི་ཀྲུང་ཡིན་ཐང་། ཨ་བན་ཐུན་མོང་ནས་སྙན་ཞུ་ཕུལ་འབྱོར་དུས་མན་ཇུའི་དཔོན་དམག་རྣམས་འགོ་སྒུར་སྲོག་སྐྱབས་ཞུ་རྒྱུར་ཞི་གྲོས་བྱེད་པོ་སྐུ་ཚབ་འཕྲལ་གནང་ཡོང་བ་གསལ་དོན་བློན་ཆེན་ཆང་ཁྱིམ་པ་དང་སེར་སྨད་ཚ་བ་ཁྲི་སྤྲུལ་བཅས་ལྷ་སྲ་བཀའ་རྫོངས་གནང་། མན་ཇུའི་དཔོན་དམག་གི་གོ་ལག་རྩིས་འབུལ་ཞུ་སྟངས་དང་། ཕྱི་ལོག་བྱེད་སྟངས་ཁོང་ཚོར་བོད་གཞུང་ནས་ལམ་ཆས་སྤྲོད་ཕྱོགས། སྲུང་སྐྱོབས་བྱེད་སྒོ་སོགས་ཀྱི་སྐོར་གོར་ཁའི་དཔོན་རིགས་བར་དཔང་དང་འབྲེལ་ཆིངས་ཡིག་དོན་ཚན་གསུམ་འཁོད་གཅིག་དང་དོན་ཚན་དགུ་འཁོད་བཅས་བཞག དེ་ནི་ལྷ་སར་ཡོད་པའི་མན་ཇུའི་དཔོན་དམག་རྣམས་ལ་ལམ་ཆས་དང་རྟ་ཁལ། སྲུང་སྐྱོབས་དང་བཅས་ཏེ་རྒྱ་གར་བརྒྱུད་རྒྱ་ནག་ཏུ་དྲག་པའི་ཐོག་ཕྱིར་ལོག་བཏང་། ཁམས་ཁུལ་ཡོད་པའི་རྒྱ་དམག་ཚོ་ཁག་རྣམས་རིམ་བཞིན་མཐར་སྤྲོད་བྱས། མན་ཇུའི་གོང་མས་སྐྱོང་བའི་རྒྱ་ནག་གི་སྲིད་གཞུང་མཇུག་སྦྲེལ་ཏེ་རྒྱ་ནག་ཏུ་མི་སེར་རྒྱ་ཁབ་གསར་དུ་ཚུགས་པས་སྲིད་འཛིན་ཡོན་ཧྲེ་ཁད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་འདྲ་བར་༡༩༡༢ལོར་སྐྱབས་མགོན་ཏཱ་ལའི་བླ་མར་རྒྱ་ནག་གི་སྲིད་གཞུང་གསར་པ་ཞལ་བཞེས་ཡོང་བ་ཞེས་གནས་ཚུལ་ཕུལ་བ་དེ་ལ་༸གོང་ས་༸མཆོག་གིས་རྒྱ་ནག་གཞུང་ནས་མཚན་གནས་གང་ཡང་ཞུ་འདོད་མེད། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀའི་ལས་འགན་ལས་མུན་ཡིན་ཞེས་བཀའ་ལན་གནང་བ་ནི་དེ་བས་ཀྱང་བོད་རྒྱལ་ཁབ་རང་དབང་རང་བཙན་གྱི་གནས་སྟངས་མངོན་པར་གསལ་ཡོད་པ་བཅས་སོ།།
དཔྱད་གཞི་ཡིག་ཆ།
བོད་ཀྱི་གནས་བབས།
དུ་ཀུ་ལའི་གོས་བཟང་།
དགའ་བཞི་བའི་བྱུང་བ་བརྗོད་པ།
མི་དབང་རྟོགས་བརྗོད།
༸རྒྱལ་དབང་དགུ་པའི་མཛད་རྣམ་དད་པའི་ཡིད་འཕྲོག་
སྲིད་དོན་རྒྱལ་རབས་བཅས་ཡིན།



No comments:

Post a Comment