Thursday 13 November 2014

བསྡུ་བའི་དངོས་པོ་བཞི།

དེའང་བཟོད་པ་སོགས་གཞན་ལ་གཏོང་བ་དང་གཞན་དེ་དང་དེར། འགོད་པ་རང་རང་གི་སྦྱིན་པ་དེའི་སྐབས་སུ་རང་དོན་ཡིད་བྱེད་དང་། རང་དབང་གི་མི་མཐུན་ཕྱོགས་ཚུལ་འཆལ་སོགས་སྡོམ་པ་རང་དབང་གི་ཚུལ་ཁྲིམས། རང་དབང་གི་ཉམས་ལེན་ལ་བཟོད་པས་བཟོད་པ། རང་དབང་གི་ཉམས་ལེན་ལ་བྱ་དཀའ་ཡུན་རང་རིང་ཅི་ཙམ་ལའང་མི་སྐྱོ་བའི་སྤྲོ་བཞིན་འཇུག་པའི་བརྩོན་འགྲུས།
རང་རང་གི་དགེ་རྩ རྫོགས་བྱང་དུ་བསྔོ་བའི་དམིགས་རྣམས་ལས་མི་གཡེང་བར་རྩེ་གཅིག་པར་གནས་པ་བསམ་གཏན། རང་རང་གི་སྐབས་ཀྱི་འཁོར་གསུམ་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ནས་བསྒོམ་པ་ཤེས་རབ་སྟེ་སོ་སོར་སྦྱར་ནས་དྲུག་དྲུག་སོ་དྲུག་གོ། །སེམས་ཅན་ཀུན་པ་ཕན་པ་ལྟ་བུར་བྱེད་ཅིང་ཐད། སེམས་ཅན་དོན་བྱེད་ལ་བཅུ་གཅིག་གི་དོན་བྱེད་པ་ནི། སེམས་ཅན་གྱི་ཚེ་འདི་ཕྱིའི་དོན་བསྒྲུབ་པ་རྣམས་ཡིན་ཏེ། དེའང་མགྲོན་པོ་རྣམས་ཀྱིས་ལམ་གྲོགས་བྱེད་པ་དང་། ཉེས་པ་མེད་པའི་ཞིང་ལས་བཟོ་སོགས་ཀྱི་ཐབས་མི་མཁས་པ་ལ་ཐབས་སྟོན་པ། ནད་པ་ལ་སྨན་སྦྱིན་པ། ལོང་བ་ལ་ལོང་ཁྲིད་བྱེད་པ་སོགས་ཀྱི་དགོས་པའི་དོན་གྱིས་གྲོགས་བྱེད་པ་དང་སེམས་ཅན་རང་ལ་གང་འཚམས་ཀྱི་ཆོས་བསྟན་པས་ཉེས་སྤྱོད་སྡུག་ཀུན་ལ་བཟློག་པའི་ཐབས་རྨོངས་པ་སེལ་བ། རང་ལ་ཕན་འདོགས་པ་རྣམས་ལ་བྱས་པ་གཟོ་བའི་ཕྱིར་དུ་འཕྲལ་ཡུན་གྱི་ཕན་པ་བསྒྲུབ་པའི་ཕན་བཏགས་པ། གཅན་གཟན་དང་ཆུ་སྲིན་རྒྱལ་པོ་དམག་ཆོམ་རྐུན་གྱི་འཇིགས་པས་ཉེན་པ་མ་འཇིགས་པ་སེལ་བར་བྱེད་པ། ཕ་མ་ཤི་བ་གཉེན་བཤེས་བསད་པ་ལོངས་སྤྱོད་དང་བྲལ་བའི་མྱ་ངན་ཅན་ལ་འདུས་བྱས་མི་རྟག་པའི་གཏམ་བཤད་པས་མྱ་ངན་སེལ་བའི་དོན་བྱེད་པ། འཚོ་བས་ཕོང་པ་ལ་ཟས་སྐོམ་དང་སྡུག་བསྔལ་གྱིས་ངལ་བ་ལ་བཞོན་པ་དང་། གོས་མེད་པ་ལ་གོས་རྒྱན་སོགས་ཡོ་བྱད་ཀྱིས་ཕོང་པ་སེལ་བའི་དོན་བྱེད་པ། གནས་འཆའ་བའི་སློབ་མའི་འཁོར་རྣམས་ལ་ཟས་གོས་མལ་སྟན་སོགས་སྟེར་བ་ཐོས་ཟིན་ཀྱི་ཚིག་དོན་ཡང་ཡང་བཤད་པའི་གདམ་ངག་བརྒྱད་དང་། མ་ཐོས་པའི་ཚིག་དོན་གསར་དུ་བསྟན་པའི་རྗེས་བསྟན་ལྔའི་ཆོས་བསྟན་པའི་གནས་འཆའ་བའི་དོན་བྱེད་པ། སེམས་ཅན་གྱི་བསམ་པ་དང་མཐུན་པའི་ལུས་ངག་གི་སྤྱོད་པ་གང་གི་སེམས་ཅན་དེ་ལ་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེས་ན་དེའི་རྐྱེན་གྱིས་སྡིག་པ་ཡོང་མི་ནུས་དགེ་བ་བསྒྲུབ་མི་ནུས་ན། ཕྱིས་སུ་བརྩོན་ཆེད་རེ་ཞིག་སྤོང་ལ་ངལ་བསོ་འཇུག །ནུས་ན་དགེ་བ་ལ་འཇུག་པ་སོགས་བློ་དང་མཐུན་པར་བྱེད་པ། དད་པ་ཚུལ་ཁྲིམས་སོགས་འཕགས་པའི་ནོར་གྱི་ཡོན་ཏན་དང་ལྡན་པ་ལ་དེའི་ཕན་ཡོན་གྱི་གཏམ་གྱིས་གཟེངས་བ་བསྟོད་པའི་སྒོ་ནས་ཡང་དག་པར་ཞུགས་པའི་དོན་བྱེད་པ། ཉེས་པ་བྱེད་པ་ཆེ་འབྲིང་ཆུང་གསུམ་ལ་སྨད་པ་ཆེ་འབྲིང་ཆུང་གསུམ་གྱིས་ཚར་གཅོད་པས་ལོག་པར་ཞུགས་པའི་དོན་བྱེད་པ། གདུལ་བྱ་ཉེས་པར་སྤྱོད་པ་ཤན་པ་དང་སྨད་འཚོང་མ་ལྟ་བུ་རྣམ་གདུལ་བའི་ཕྱིར་དུ་ཚ་གྲང་གི་དམྱལ་བ་སྤྲུལ་ནས་སྐྱོ་བར་བྱས་ཏེ་ཉེས་སྤྱོད་ལས་བཟློག་པ་དགེ་ལས་ལ་འཇུག་པའི་གདུལ་བྱའི་དོན་བྱེད་པ་སྟེ། སེམས་ཅན་བཅུ་གཅིག་གི་དོན་བསྒྲུབ་ཚུལ་བཅུ་གཅིག་གི་སྒོ་ནས་སེམས་ཅན་དོན་བྱེད་པའོ། གཞན་ཡང་བསྡུ་དངོས་བཞིས་སྦྱིན་པའི་བསྡུ་བ་ནི། གཞན་གྱི་ཡིད་མགུ་ནས་འཁོར་དུ་འདུ་བའི་ཕྱིར་ཟང་ཟིང་གི་སྦྱིན་པ་གཏོང་བ་དང་། གཉིས་པ་སྙན་སྨྲའི་བསྡུ་བ་ནི། གདུལ་བྱ་རིགས་ཅན་གསུམ་གྱི་ལམ་ལ་སྦྱོར་ཕྱིར་བཞིན་ད༷ང་བར་བྱེད་དེ་ཁམ་འདྲི་བ་སོགས་འཇིག་རྟེན་པའི་ཚུལ་དང་ལྡན་པའི་ཚིག་དང་། དྲན་ཤེས་ནས་དད་སོགས་དབང་པོ་ལྔ་ལས་བརྩམ་པའི་ཡང་དག་པའི་ཆོས་སྟོན་པ་དང་། རང་གསོད་བྱེད་ཀྱི་དགྲ་ལའང་བརྩེ་སེམས་ཀྱིས་ཕན་པའི་ཚིག་གིས་བརྗོད་པ་དང་། དབང་རྟུལ་ལ་སྐྱོ་བ་མེད་པར་ཡང་ཆོས་ཀྱི་གཏམ་བྱེད་པ་དང་། སྡིག་ཅན་མི་སྲུན་པ་ལ་སྡང་སེམས་མེད་པར་ལྷག་པར་ཕན་པའི་གཏམ་སྨྲ་བ་སོགས་གང་དཀའ་བ་རྣམས་ལ་སློབ་པ་དང་། རྒྱུད་མ་སྨིན་པ་ལ་སྦྱིན་པའི་གཏམ་དང་། སྨིན་པ་ལ་ཡང་དག་པའི་ཆོས་བདག་མེད་སྟོན་པ་དང་། བག་མེད་རྣམས་བག་ཡོད་དུ་དགོ་པའི་ཕྱིར་བསྐུར་བ་ཐེ་ཚོམ་པ་ལ་དེ་བསལ་ཕྱིར་དུ་ཆོས་འཆད་ཅིང་ཆོས་ཀྱི་འབེལ་གཏམ་བྱེད་པ་སོགས་སྙན་སྨྲ་ཡིན་ནོ། གསུམ་པ་དོན་སྤྱོད་ནི། གདུལ་བྱ་རྣམས་ལ་གནས་སྐབས་སུ་ཚེ་འདིའི་དོན་དུ་ལོངས་སྤྱོད་བསྒྲུབ་བསྲུང་སྤེལ་བའི་ཐབས་སྟོན་པ་དང་། ཕྱི་མའི་དོན་དུ་རབ་བྱུང་ལ་འགོད་པ་དང་། འདི་ཕྱི་གཉིས་དཀའི་དོན་དུ་འཇིག་རྟེན་འཇིག་རྟེན་ལས་འདས་པའི་རིགས་ཅན་རང་དབང་དང་འཚམས་པར་ཆགས་བྲལ་ལམ་བྱང་ཆུབ་གསུམ་འཛིན་དུ་འཇུག་པ་དང་། སྔོན་དགེ་བ་མ་བསག་པ་ཁྱིམ་བདག་དཔལ་སྐྱེས་ལྟ་བུ་དང་། ཚེ་འདིར་ལོངས་སྤྱོད་ཆེན་པོ་ཅན་དང་མུ་སྟེགས་ཀྱི་ལྟ་བ་ལ་གོམ་པ་ཅན་རྣམས་དགེ་བ་ལ་འགོད་པ་སོགས། དོན་སྤྱད་དཀའ་བའང་སྒྲུབ་པ་དང་། བློ་དམན་འབྲིང་མཆོག་གསུམ་ལྡན་པ་རྣམས་ནི་རང་དབང་གི་མོས་པ་དང་འཚམ་པའི་གདམ་དོན་ཉམས་སུ་ལེན་པ་ལ་འཇུག་པར་བྱེད་པ་ལྟ་བུའི་དོན་སྤྱོད་དོ། བཞི་པ་དོན་མཐུན་གྱི་བསྡུ་བ་ནི། ཕ་རོལ་པོ་ཐེག་གསུམ་ལ་འགོད་པའི་དགེ་བ་རང་གི་མ་བསྒྲུབས་ན་གཞན་གྱི་རང་གི་ངག་བཞིན་ཉན་ནས་བསྒྲུབ་དཀའ་བས་ན། རང་ཉིད་དེ་དག་དང་མཚུངས་པའམ་དེ་ལས་ལྷག་པ་ལ་གནས་པའི་དོན་མཐུན་སྟེ་བསྡུ་དངོས་བཞི་དང་།

No comments:

Post a Comment