Tuesday 9 September 2014

ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པའི་སྐོར།

བོད་སིལ་བུའི་སྐབས་ཀྱི་བསྟོད་གསོལ་ཅུང་སྔ་ཤོས་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་དང། ཇོ་བོའི་བསྟོད་པ་སུམ་ཅུ་པ་སོགས་ཡིན་ལ། འདི་དག་ལ་ཁ་བྱང་དུ་བསྟོད་པ་ཞེས་བཏགས་ཡོད་ཀྱང་དོན་ལ་གསོལ་འདེབས་ཀྱང་ཡིན།  ཇོ་བོའི་བསྟོད་པ་སུམ་ཅུ་པ་ཞེས་པ་འདི་ཉིད་ལོ་རྒྱུས་འཕེལ་འགྱུར་གྱི་ཆ་ནས་བཤད་ན་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱུང་། སྤྱིར་གསོལ་འདེབས་ཞེས་པ་ནི་བརྗོད་བྱ་དོན་གྱི་ཆ་ནས་སངས་རྒྱས་དང་བྱང་ཆུབ་སེམས་པ་དང་འཇིག་རྟེན་པའི་ལྷ་ལ་སོགས་པར་ཞུ་བ་འབུལ་བའམ་སྐྱབས་འཇུག་ཞུས་པར་གོ་ཞིང་།
ལྷ་དང་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དེ་དག་གི་མཛད་འཕྲིན་སོགས་རྒྱས་བསྡུས་གང་རུང་གི་སྒོ་ནས་བརྗོད་ཅིང་། རང་དང་མ་གྱུར་སེམས་ཅན་ཐམས་ཅད་ཁྱེད་ཀྱི་ཐུགས་བརྩེ་བས་རྗེས་སུ་བཟུང་བར་གསོལ་བར་འདེབས་པའི་རང་རྐྱ་འཕེལ་བའི་ཚིགས་བཅད་རྩོམ་ལུས་ཤིག་ལ་བརྗོད་བྱེད་ཚིག་གི་གསོལ་འདེབས་ཞེས་བརྗོད་ན་ཆོག་གམ་སྙམ། བསྟོད་པ་དང་གསོལ་འདེབས་སོགས་ཀྱི་རྩོམ་རིག་དེ་ག་དུས་བྱུང་བར་ཐ་གཅིག་ཏུ་ཁ་མཚོན་ཆོད་དཀའ་རུང་། མི་རིགས་རིག་གནས་ཀྱི་སྐབས་སུ། འགོ་བའི་ལྷ་ལྔ། དགྲ་ལྷ་ཝེར་མའི་དཔུང་ཚོགས་སོགས་ལ་གསོལ་མཆོད་བྱེད་སྲོལ་ཡོད་པས་ཆེས་སྔ་མོ་ནས་ཡོད་པར་བཤད་ན་ལེགས་སམ་སྙམ། ཇོ་བོའི་བསྟོད་པ་སུམ་ཅུ་པ་འདི་ཉིད་བརྗོད་དོན་གྱི་ཆ་ནས། ཕུན་སུམ་ཚོགས་པ་བྷཾ་ག་ལ་ཡི་ཡུལ།། ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས།། བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་རྒྱུད།། མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། ཡབ་དང་ཡུམ་ལ་སྲི་ཞུ་མཁས་ཤིང་གུས།། གཟུགས་མཛེས་ཡིད་འོང་ཤེས་རབ་སྙིང་བརྩེར་ལྡན།། དུལ་ཞིང་རྒྱུད་འཇམ་ཐབས་མཁས་སྙིང་སྟོབས་ཆེ།། མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས།། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཐམས་ཅད་དང༌།། བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང༌།། རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས།། མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས།ཞེས་པ་ལྟ་བུ་རྩོམ་པ་པོས་སློབ་དཔོན་གྱི་བཀའ་དྲིན་རྗེས་སུ་དྲན་ཞིང་བླ་ན་མེད་པའི་ལྷག་བསམ་བཟུང་བའི་ཡིད་ཀྱི་ཉམས་སྣང་དང། ཞོར་དུ་དུས་རབས་དེའི་སྤྱི་ཚོགས་ནང་ཡོན་ཏན་ཅན་གོ་གནས་མཐོ་རུ་བཏང་དགོས་པའི་འབོད་བསྐུལ་ཅན་གྱི་བསམ་བློ་མཚོན་འདུག་པ་དང་།
བརྡ་སྤྲོད་ཀྱི་ཆ་ནས། སྐད་གསར་བཅད་ཐེངས་གསུམ་བྱས་པའི་གྲུབ་འབྲས་ལྟར་གོ་སླ་ཞིང་ཚིག་སྦྱོར་བབ་ཆགས་པ། བཏོན་ན་ངག་ལ་བྱམས་ཤིང། གྱེར་ན་འགྱུར་ཁུག་བདེ་བ། རྙན་ན་རྣ་བར་འཇེབས་པ་སོགས་ཀྱི་ཁྱད་ཆོས་ཀྱང་ཐོན་ཡོད། མཚོན་བྱེད་དཔེའི་འགོད་ཚུལ་ཐད་ལའང་མེ་ལོང་མ་ལྟ་བུའི་མི་རིགས་གཞན་གྱི་སྲོལ་རྒྱུན་གྱི་མཛེས་དཔྱོད་ལྟ་བའི་ལད་ཟློས་སམ་ཤུགས་རྐྱེན་ཐེབས་ཚབས་ཆུང་བ་དཔེར་ན། སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག རྒྱལ་བའི་འབྱུང་གནས་རིང་ནས་འོངས་པའི་ཚེ།། ཨུ་པ་སི་ཀ་དེ་རིང་སླེབ་བོ་ཞེས།། ལྷ་མིག་མངོན་ཤེས་མངའ་ལ་གསོལ་བ་འདེབས།། མ་ག་དྷ་ནས་སློབ་མ་གུས་པ་ཡི།། སིལ་སྙན་དཀྲོལ་ཞིང་གསོལ་བ་བཏབ་པའི་སྐད།། བོད་དུ་གསན་ནས་འབྲོམ་ལ་སྦྲན་པ་ཡི།། རྣ་བའི་མངོན་ཤེས་མངའ་ལ་གསོལ་བ་འདེབས།། ལྷ་སར་ལྷ་ཡི་རོལ་མོ་བསྒྲགས་པ་ལས།། མྱུར་བར་བྱོན་ནས་བར་ཁང་ལྷ་ཚོགས་ལ།། ཕྱག་རྟེན་ཕུལ་ནས་མཁའ་ལ་བསྐོར་བ་མཛད།། རྫུ་འཕྲུལ་མངོན་ཤེས་མངའ་ལ་གསོལ་བ་འདེབས།། གང་དུ་རྒྱལ་པོའི་བཀའ་ཆེམས་གཏེར་དུ་སྦས།། མཁའ་འགྲོས་གཏེར་ཁ་ཕྱེ་ནས་ཁྱོད་ལ་བསྟན།། ཤཱཀྱ་མུ་ནེའི་འཇལ་ས་ཁྱོད་ཀྱི་དྲིན།། ཇོ་བོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས།། ས་བདག་ནད་ཀྱིས་ཟིན་པའི་མི་རྣམས་ལ།། རྟག་པར་ཚེ་འཛིན་བསྲུང་བའི་སྐོར་རྣམས་ཀྱང༌།། ཁྱོད་ལས་བྱུང་སྟེ་འགྲོ་བའི་ནད་གསོ་མཛད།། ཀླུ་སྒྲུབ་གཉིས་པར་གྲགས་ལ་གསོལ་བ་འདེབས།། སྙེ་ཐང་འོར་དུ་བྱེ་མའི་སྟེང་བཞུགས་ཚེ།། བརྒྱ་བྱིན་ལ་སོགས་བར་སྣང་ལྷ་རྣམས་ཀྱིས།། རིན་ཆེན་སྣ་ལྔའི་མེ་ཏོག་ཆར་པ་ཕབ།། བླ་མ་ལྷ་ཡི་ལྷ་ལ་གསོལ་བ་འདེབས།། གཡོར་པོ་འཆིང་རུར་བུ་མོས་མགོ་རྒྱན་ཕུལ།། ཤི་བ་གསན་ནས་དེ་ཡི་སྒྲིབ་སྦྱོང་མཛད།། རིགས་ཀྱི་བུ་མོ་ལྷ་རུ་སྐྱེས་ཞེས་གསུངས།། འགྲོ་བའི་འདྲེན་པ་ཁྱེད་ལ་གསོལ་བ་འདེབས།། ལྟ་བུ་རྩོམ་ཡིག་གི་འགོ་ཐ་བར་གསུམ་སོགས་ཕྱོགས་ཡོང་ནས་བལྟས་ན་བོད་ས་རང་གི་ཁོར་ཡུག་གི་བྱ་དངོས་དཔེར་བཀོད་དེ་མི་རིགས་རྩམ་ཆོས་ལ་མ་མཐར་ཡང་ཚང་འོས་པའི་མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་འདུག་སྙམ།
རྒྱན་གྱི་ཆ་ནས། འཁོར་བའི་གཅོང་རོང་གནས་ནས་འདྲེན་མེད་རྣམས།། ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲང་དུ་གསོལ།། ཞེས་པ་ལྟ་བུའི་དུས་རབས་སྔ་མའི་རྩོམ་ལས་མཐོང་དཀོན་པའི་གསར་སྟོད་ཀྱི་རིགས་ཀྱང་ཡོད་ལ་འཁྱོག་བརྗོད་དང་སྣང་བརྙན་ཅན་དུ་དེ་ཙམ་བཀོད་མེད་པར་དུས་རབས་སྔ་མའི་རྩོམ་གཤིས་ལྟར་དྲང་བརྗོད་དང་དངོས་ཡོད་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་རྒྱུན་འཛིན་བྱས་ཡོད། ཚིག་རྐང་མཐའ་མིའི་སྐབས་སུ་གསོལ་བ་འདེབས་ཞེས་རེ་བསྐུལ་དང་དུང་སེམས་གསལ་བྱེད་ཀྱི་ངེས་ཚིག་བཀོད་ནས་རྩོམ་གྱི་རྣམ་པ་གཏན་ལ་ཕབ་ཡོད་པ་ཞིག་ཀྱང་རེད།
རྩ་བའི་ཁྱད་ཆོས། ལོ་རྒྱུས་ཀྱི་དོན་དངོས་མཚོན་པའི་ཆ་ངེས་ཅན་ལྡན་པ། དཔེར་ན། གདུལ་བྱ་བོད་དུ་ཡོད་པར་དགོངས་ནས་ནི།། ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང་།། སྡེ་པ་མི་ཆེན་རྣམས་ཀྱི་བླ་མ་མཛད།། མཆོད་ཅིང་བཀུར་འོས་ཁྱེད་ལ་གསོལ་བ་འདེབས།། མཁས་མཆོག་ཁྱེད་འདྲ་བོད་དུ་མ་བྱོན་ན།། སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི།། ཕལ་ཆེར་ཟབ་མོའི་དོན་རྨོངས་གྱུར་པས།། ལེགས་པར་སྟོན་མཛད་ཁྱོད་ལ་གསོལ་བ་འདེབས།། ཞེས་པ་ལྟ་བུ་སྐབས་དེར་མདོ་བསྔགས་ཕན་ཚུན་ཁྱད་གསོད་ཀྱིས་གྲུབ་མཐའི་བར་གྱི་འགལ་འདུའི་ཧ་ཅང་ཆེ་བའི་སྐབས་བོད་ལ་གསང་སྔགས་ཀྱི་ལྟ་བ་ཡང་དག་པ་ཞིག་བསྟན་ཡོད་པ་གསལ་བར་གོ་ཐུབ་པ་དང་། བསྟོད་བྱའི་མི་སྣའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཆ་དང་ཁོང་ཉིད་འཚོ་བཞུགས་སྐབས་ཀྱི་སྐུ་ཡི་མཛད་སྤྱོད། ཐུགས་ཀྱི་འཁྱེར་སོ། ངག་གི་བརྗོད་པ་སོགས་ལ་ཕྱིར་དྲན་གྱི་ལམ་ནས་ཕྲ་ཞིང་ཞིབ་པའི་སྒོ་ནས་བསྔགས་པ་བརྗོད་པ་སོགས་ནི་གསོལ་འདེབས་འདིའི་རྩ་བའི་ཁྱད་ཆོས་ཏེ་མདོར་བསྡུས་པའོ།།
དྲ་ངོས་ནས་ཇོ་བོའི་བསྟོད་པ་སུམ་ཅུ་པ་བསྐྱར་དུ་མཇལ་བས་རྐྱེན་བྱས་ཏེ་བསམ་ཚུལ་ཙམ་བྲིས་པ་དྲང་སྲོང་དཀར་པོས། ༢༠༡༤།༩།༩། ཉིན།


No comments:

Post a Comment