Tuesday 9 September 2014

དབྱིན་བོད་དམག་འཁྲུག་གླེང་བ། རྩོམ་འབྲི་བ་སྐལ་བཟང་དབང་མོ།

ཐོག་མའི་གཏམ།དེང་གི་དུས་སུ་རྒྱལ་ཁབ་ཆེ་ཆུང་ལ་མ་ལྟོས་པར་ཕལ་ཆེ་བར་སོ་སོར་ལོ་རྒྱུས་རེ་ཡོད་ཅིང། ལོ་རྒྱུས་ཞེས་པ་ནི་སྒྲ་ཡང་བའི་བཏང་ན་མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁམས་ཀྱི་འདས་ཟིན་པའི་སྔོན་བྱུང་གྱི་བྱ་བ་ཞིག་ངག་ནས་བརྗོད་པའམ་དེབ་ནང་བྲིས་པ་གང་རུང་ཞིག་ལ་གོ་ན་འགྲིགས་སྙམ། རང་ཅག་བོད་ཁ་བའི་ལྗོངས་ཀྱི་ལོ་རྒྱུས་གླེང་ན་ལོ་རྒྱུས་སྨྲ་བའི་དབང་ཕྱུག་ཆེན་མོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་དང་། བུ་སྟོན་ཐམས་ཅད་མཁྱེན་པ། སྟག་ཚང་ལོ་ཙཱ་བ་སོགས་མཁས་པ་དུ་མས་བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བ་ཡུལ་དང། མི་རིགས་བསྐལ་པ་ནས་བྱུང་ཞེས་བྱས་ནའང་འགལ་བ་མེད་ཅེས་གསུངས་པ་ལྟར་ཆེས་ཡ་ཐོག་རིང་མོ་ཞིག་ནས་འགྲོ་བ་སོགས་བྱུང་བ་མཁས་བླངས་ཀྱང་ལུང་རིགས་གང་གིས་རྒོལ་བའི་སྐབས་མེད་ནའང། 


བོད་སྤྱི་ལ་དབང་བའི་རྒྱལ་པོ་ནི་གཉའ་ཁྲི་བཙན་པོ་ནས་གླང་དར་བར་གྱི་རྒྱལ་རབས་ཞེ་གཅིག་དང། ལོ་ངོ་བཞི་བརྒྱ་བཅུ་གཅིག་གི་རིང་སིལ་བུའི་དུས་སྐབས་དང། དེ་ནས་རིམ་པས་ས་སྐྱ་པ། ཕག་གྲུ་པ། རིན་སྤུངས་པ། གཙང་པ།  དགའ་ལྡན་ཕོ་བྲང་པ་བཅས་ཀྱི་དབང་དུ་བྱས་པ་ཞིག་རེད། རང་ཅག་བོད་ཁ་བའི་ལྗོངས་འདི་རྒྱལ་ཁབ་གཞན་དང་མི་འདྲ་བར་འཛམ་བུའི་གླིང་གི་ཡང་རྩེར་ཆགས་ཡོད་པས་དེང་སང་མི་རིགས་གཞན་གྱིས་རང་ཅག་གནས་སའི་ཁོར་ཡུག་ཆེན་མོ་འདིར་འཛམ་གླིང་གི་ཡང་ཐོག་ཅེས་འབོད་པ་ནི་དོན་ལ་གནས་ཡོད། འོ་ན་ཡུལ་གྲུ་དེའི་དབྱིབས་སམ་རྣམ་པ་དེ་ཇི་ལྟ་བུ་ཞིག་ཡོད་སྙམ་ན། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ༡༤༩སྟོད་ཀྱི་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ།། བར་གྱི་དབུས་གཙང་རུ་གཞི་ཡུར་བ་འདྲ།། སྨད་ཀྱི་མདོ་ཁམས་སྒང་གསུམ་ཞིང་ལྟ་བུ།། ཀུན་ཀྱང་ཆུའི་རྒྱ་མཚོར་གྱུར་པའི་ནང་།། ཞེས་དང་། མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་བྱེ་བས།། རུབཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིིས།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོ་དོད།། ཅེས་གསལ་བས་དང་ཐོག་བོད་ཡུལ་སྟོད་སྨད་བར་གསུམ་ཐམས་ཅད་ཆུ་ཡིས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་དང། དེ་ནས་རིམ་གྱིས་ཀོང་པོའི་ཆུ་བརླག་ཁ་བྱེ་ནས་ཆུ་རྣམས་དེར་ཐིམ་སྟེ་བོད་ཡུལ་གྱི་རྣམ་པ་གསལ་པོ་ཐོན་ཡོད་པ་སོགས་རགས་ཙམ་དཔོག་ཐུབ། དེ་ཡང་ཤར་དུ་རྒྱ་ནག་དང་། ལྷོར་རྒྱ་གར་འཕགས་པའི་ཡུལ་དང་། བལ་ཡུལ། འབྲུག་པ་རྒྱལ་ཁབ། བྱང་དུ་ཏུ་ཀི་སི་ཐན་ཤིན་ཅང་དང། ནུབ་ཏུ་ཀསྨིར་དང་ཨ་ཕི་གྷ་ནེ་སི་ཐན་སོགས་གནས་ཡོད་པ་དང། དེ་ཡང་། རིན་སྤུངས་ངག་དབང་འཇིག་རྟེན་དབང་ཕྱུག་གིས། ནོར་འཛིན་ས་འདིའི་རྒྱན་དུ་སྲིད་པ་ཡིས།། བྱིན་པའི་གངས་རི་དཔལ་གྱི་དོ་ཤལ་ཅན།། ལྟོ་བ་ཆོས་ཀྱི་རྒྱལ་སྲིད་བླ་ན་མེད།། གླིང་རྣམས་ཀུན་གྱི་གཙུག་ནོར་འདི་ཡིན་ནོ།། ཞེས་བོད་ནི་རང་བྱུང་གི་གཏེར་ཁ་མང་ཞིང་ཤར་གླིང་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་ཀྱང་ཡིན་པ་མ་ཟད་ས་མཐོ་ལ་མཁའ་རླུང་གཙང་བ་མི་དཔའ་ལ་རྟ་མགྱོགས་པ་སོགས་ཁྱད་ཆོས་དུ་མའི་སྒོ་ནས་ཡུལ་གྲུ་གཞན་ལས་ཁྱད་དུ་འཕགས་པར་སོང་། ཁྱིམ་མཚེས་རྒྱལ་ཁབ་གཞན་དང་གཞན་གྱིས་འདྲེ་ལག་བརྐྱངས་ནས་བཙན་འཛུལ་བྱ་རྒྱུའི་ཐབས་བརྒྱ་ཇུས་སྟོང་བྱས་ཡོད་པ་རྣམས་ཀྱི་ནང་དབྱིན་ཇིའི་རྒྱལ་ཁབ་དེ་གཅིག་ཡིན་པ་རེད། དེ་ལྟར་གུས་མོས་བོད་ཀྱི་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་ཁྲོད་ནས་བོད་དང་དབྱིན་ཇིའི་དབར་བྱུང་བའི་དམག་འཁྲུག་གི་སྐོར་རང་བློས་གང་ལྕོགས་ཀྱིས་གླེང་བར་འདོད། སྔོན་ཆད་དེའི་སྐོར་དཔྱད་ཕྱིན་པར་མ་ཤེས་པ་དང། དོགས་པ་ཅི་རིགས་ཡོད་ཀྱང་འདིར་གུས་མོས་བྲིས་པའི་དབྱེ་ཞིབ་ཀྱི་རྩོམ་ལས་རང་དང་བློ་ཁ་མཉམ་པའི་བློ་གསལ་ན་གཞོན་རྣམས་ཀྱིས་ཅུང་ཟད་ཁོང་དུ་ཆུད་པ་དང་དོགས་པ་ཐ་དག་སེལ་བའི་སྨོན་འདུན་ཡང་ཞུ།
གཉིས།   སྐབས་དེའི་བོད་ཀྱི་གནས་བབ་ལ་ལྟ་བ།
       དེ་ཡང་རྒྱ་གར་གཞུང་འཛིན་དབྱིན་ཇིས་བོད་ཐོག་དམག་མ་དྲངས་གོང་ཙམ་ན་བོད་སྤྱིའི་གནས་བབ་ནི་ཧ་ཅང་ཉག་ཕྲ་ཞིང། ཆབ་སྲིད། རིག་གནས། དཔལ་འབྱོར་སོགས་གང་ཅིའི་ཐད་གནས་སྟངས་ཛ་དྲག་ཅིག་ཏུ་གྱུར་ཡོད། སྐབས་དེའི་སྤྱི་ཚོགས་ནང་རྨོངས་དད་དང། མཁྲེགས་འཛིན་གྱི་བསམ་བློས་ལེགས་ཉེས་དབྱེ་འབྱེད་ཀྱི་ཤེས་རབ་དེ་བསྒྲིབས་ནས་ཡོད་པ་སོང་། དུས་རབས་དང་མཐུན་པའི་གོམ་པ་རྒྱག་རྒྱུ་ཕར་བཞག་རྒྱལ་ཁབ་གཞན་དང་འབྲེལ་བ་གཏན་ནས་བྱེད་ཀྱི་མེད་པས་རང་གི་རིག་གནས་རྒྱལ་ཁབ་གཞན་ལ་སྤེལ་རྒྱུ་དང། གཞན་གྱི་རིག་གནས་བོད་དུ་ཚུར་ནང་འདྲེན་བྱ་རྒྱུ་ནི་གཉི་ག་ཆེས་ཐ་ཤལ་གྱི་ལས་སུ་ངོས་འཛིན་གནང་ཡོད། དེ་ནི་གཞན་གྱི་ཆོས་ལུགས་དང་རིག་གནས་སོགས་ནང་འདྲེན་བྱས་ན་རང་ཉིད་ཀྱི་བླ་ན་མེད་པའི་རིག་གཞུང་དང་ཆོས་ལུགས་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ལྟ་བུར་བརྩིས་ནས་རྨོངས་དད་ཀྱི་གཏམ་ཁོ་ན་བཤད་ཀྱི་ཡོད། དེའི་ཚུལ་སྲིད་དོན་རྒྱལ་རབས་ལས། ཕ་མས་བུ་ཕྲུག་ལ་རྒྱ་གར་ནས་ཐོན་པའི་ཁྲུས་རྫས་བེད་སྤྱོད་བྱེད་པ་དང་མངར་ཆ་བྱི་རིལ་བཟས་ན་ཕྱི་རྒྱལ་གྱི་ལྟ་བ་འཇགས་ཏེ་ཆོས་ལ་སྐྱོན་བྱེད་ཚུལ་ཤོད་སྲོལ་ཞིག་བྱུང་བ་རེད། ཅེས་འབྱུང་བ་དང་དེ་ཙམ་མ་ཟད་ནང་ཁུལ་ཆབ་སྲིད་ཐད་རྙོག་དྲ་མང་དག་ཅིག་ཀྱང་ཡོད་པ་ནི། གཞུང་གི་གོ་གནས་འཛིན་པའི་ལས་ཀྱི་སྣེ་མོ་བ་ཚོའི་ནང་ཕན་ཚུན་ལའང་གོ་གནས་ཐོབ་རྩོད་ཀྱིས་རྙོག་འཛིངས་མང་པོ་བྱུང་ཡོད་༸རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐབས་ར་བཤད་དོན་རྐྱེན་ལྷག་པ་དེའང་ཆབ་སྲིད་དང་ལས་གནས་ཀྱི་ཐོག་ནས་བྱུང་བ་དང། ལྷག་པར་སྐུ་ཕྲེང་བརྒྱད་པ་དང་། དགུ་པ། བཅུ་པ། བཅུ་གཅིག་པ་སོགས་སྐུ་ཡུན་རིང་འཚོ་བཞུགས་མ་བྱུང་བ་ཡང་རྒྱལ་ཚབ་གཙོས་པའི་བོད་ཞིང་བྲན་གྱི་བདག་པོ་ཚོས་ངན་བྱས་ལས་བྱུང་བ་རེད་ཅེས་དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་གླེང་བཞིན་ཡོད་པ་དང། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་ལ་དེ་མོ་རྒྱལ་ཚབ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་ནས་མཐུ་གཏད་བྱས་པ་དངོས་བདེན་ཡིན་པ་སོགས་ལ་བསམས་ན་སྐབས་དེར་རྒྱལ་བའི་སྐུ་ལ་བསྡོ་བ་ལ་ཡང་ཡ་ང་བག་ཚ་མེད་པའི་བོད་ཞིང་བྲན་གྱི་བདག་པོ་ཆེན་པོ་ཡོད་པ་ནི་སྨྲོས་མེད་རེད།
གསུམ། དབྱིན་བོད་བར་གྱི་འབྲེལ་བ།
       སྐབས་དེ་དུས་རྒྱ་གར་དུ་དབྱིན་ཇིའི་ཚོང་གི་སྡེ་ཚན་ཨིའི་སི་ཊི་ཨན་ཌི་ཡ་ཀམ་པ་ནི་ཚོང་ཁང་གི་བྱེད་སྒོ་ཚང་མར་སྤེལ་ཟིན་བཞིན་ཡོད། ཁི་ལའོ་ཌི་ཨ་རི་པས་(cloud Aripi) བྲིས་པའི་དེབ་(the fate of Tibet page 103)ནང་འཛམ་གླིང་གི་ལོ་རྒྱུས་ཐོག་ཕྱི་ལོ་ ༡༦༠༠ ཟླ་༡༢ ཚེ་༣༡ ཉིན་ནི་དབྱིན་ཇིའི་དབང་བསྒྱུར་འཕེལ་རྒྱས་ནང་གི་དུས་ཚོད་གལ་ཆེན་ཞིག་ཡིན། དུས་དེར་ལོན་ཌོན་གྱི་དཔའ་བརྟུལ་དང་ཚོང་པ་བརྒྱ་དང་བཅོ་བརྒྱད་ཀྱིས་ཨིའི་སི་ཊི་ཨན་ཌི་ཡ་ཀམ་པ་ནི་གསར་དུ་བཙུགས་ཁོང་ཚོའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་ནང་གི་སྨན་སྣའི་ཚོང་བཏང་འཛིན་བྱེད་རྒྱུ་དེ་ཡིན། ཚོང་གི་ཁྲོམ་ར་གཞི་རྒྱ་ཆེར་གཏོང་ཕྱིར་རྒྱལ་ཁབ་ཡུལ་གྲུ་གཞན་དང་ཚོང་འབྲེལ་བྱས། སྐབས་དེར་དབྱིན་ཇིས་བོད་ཟེར་བ་མཐོང་མྱོང་མེད་པས་གལ་ཏེ་ས་ཆ་དེར་ཁྲོམ་ར་འཛུགས་ན་ཕན་ནུས་ཆེན་པོ་ཡོད་པར་བསམས་ནས་བོད་དང་འབྲེལ་བ་བྱས་འགོ་བཙུགས། དེ་ནི་ ཝ་རན་ཧ་སི་ཊིང་གིས་བོ་གལ་བསྐོ་བཞག་ ༡༧༧༤ ཟླ་ ཚེས་ ༡༣ ཉིན་མར་ཁམ་ཤོག་གྲངས་༦།༧པ་སོགས་སུ་འཁོད་པ་ལྟར་ན བོད་དང་ཚོང་འབྲེལ་བྱེད་རྒྱུ་དེ་ཨིའི་སི་ཊི་ཨན་ཌི་ཡ་ཀ་པ་ནི་ east India company 1600-1857 སྐབས་དེར་རྒྱ་གར་ཤར་ཕྱོགས་བང་གལ་ནང་དབྱིན་ཇིའི་སྒྲིག་འཛུགས་ལྟེ་བ་ལ་ཁེ་ཕན་ཆེན་པོ་ཡོང་རྒྱུ་དབྱིན་ཇིར་ཡིད་ཆེས་ཡོད་པ་དང་སྐབས་དེར་ཡོད་བཞིན་པའི་ཚོང་འབྲེལ་དེ་གཞི་རྒྱ་ཆུང་ངུ་ཞིག་ཡིན་རུང་རྒྱ་གར་དབྱིན་ཇིའི་སྒྲིག་འཛུགས་ལ་ཁེ་ཕན་དང། མ་གནས་ཆེ་བའི་གསེར་དངུལ་གྱི་ཐོག་ནས་ཀམ་པ་ནི་ལ་ཁེ་ཕན་ཡོད་པ་རེད་ཅེས་འཁོད་ཡོད་པ་དང། ཡང་སྐབས་དེར་བོད་དང་ཨུ་རུ་སུའི་དབར་འབྲེལ་བ་ཡོད་པ་ཡོངས་སུ་བསྒྲགས་པ་དང། གལ་ཏེ་ཨུ་རུ་སུའི་གནོན་ཤུགས་ཇེ་ཆེར་སོང་བ་ཡིན་ན་དབྱིན་ཇིའི་དབང་འཛིན་ས་མཚམས་སྲུང་སྐྱོབ་ལ་ཉེན་ཚབས་ཡོང་གཞིའི་རིགས་སྔོན་འགོག་ཕྱིར་བོད་དང་འབྲེལ་བ་བྱེད་རྒྱུའི་འགོ་འཛུགས་བྱས་པ་རེད། འོན་ཀྱང་བོད་ཕྱོགས་ནས་དོན་དེར་གཙིགས་སུ་མ་འཛིན་པ་ཚད་ཡ་ལན་གང་ཡང་བྱས་མེད། དེར་བརྟེན་རྒྱལ་ཁབ་གཉིས་བར་འབྲེལ་བ་ལེགས་པོ་ཞིག་བྱུང་མེད། དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པར་གཞིགས་ན། སྐབས་དེའི་དུས་བོད་མི་ཚོས་དབྱིན་ཇི་ལ་དོགས་པ་ཆེན་པོའི་ངང་ནས་བལྟས་ཀྱི་ཡོད། ལྷག་པར་དུ་མི་མང་ཁྲོད་ན་ཡུལ་མི་གཞན་གྱི་རང་སར་རྐང་པ་འཇོག་ན་ཡུལ་ལྷ་ཁྲོས་ནས་ཆར་ཆུ་དུས་བབ་དང་ལོ་ཕྱུགས་རྟག་ལེགས་མོ་ཡོང་བ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་མགོ་ཁྲིད་དང་སྐུ་དྲག་ནང་དུའང་གལ་ཏེ་དབྱིན་ཇི་དང་འགྲོགས་འབྲེལ་བྱས་ན་ཡུལ་གྱི་ཁྲིམས་ལུགས་ལ་འགྱུར་བ་འགྲོ་བ་མ་ཟད། ཕྱི་རོལ་ཡུལ་གྱི་གནོན་ཤུགས་ཀྱིས་རང་ཅག་ཁ་བའི་ལྗོངས་ཀྱི་རིག་གནས་རྩ་མེད་དུ་འགྲོ་ཉེན་ཞེས་བརྗོད་ཀྱི་ཡོད་ཚུལ་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་རྒན་བསོད་ནམས་རྒྱལ་མཚན་གྱིས་གསུངས་གནང་སོང། འདིའི་ཐད་སྲིད་དོན་རྒྱལ་རབས་ལས། ཕ་མས་བུ་ཕྲུག་ལ་རྒྱ་གར་ནས་ཐོན་པའི་ཁྲུས་རྫས་བེད་སྤྱོད་བྱེད་པ་དང། མངར་ཆ་བྱི་རིལ་བཟས་ན་ཕྱི་རྒྱལ་གྱི་ལྟ་བ་འཇགས་ཏེ་ནང་ཆོས་ལ་སྐྱོན་བྱེད་ཚུལ་ཤོད་སྲོལ་ཞིག་ཀྱང་བྱུང་འདུག་ཅེས་པ་དང། མན་ཇུ་གོང་མའི་སྲིད་ཀྱི་ཤུགས་དེ་ཟླ་བ་མར་ངོ་བཞིན་ཆུང་དུ་འགྲོ་བའི་སྐབས་ལ་བརྟེན་མན་ཇུས་བོད་ནང་ནུས་ཤུགས་གསར་པ་ཞིག་སླེབས་པའི་ཐབས་ཤེས་བྱས་པ་དེ་ནི་བོད་ཀྱི་དགོན་པ་ཆེ་ཁག་ཚང་མའི་ནང་རྒྱ་མིའི་གྲྭ་པ་མང་པོ་བཏང་སྟེ་ཕྱི་རྒྱལ་མི་རིགས་བོད་ནང་ཡོང་ན་ནང་པའི་ཆོས་ལ་སྐྱོན་བྱེད་ཚུལ་གྱི་རྒྱུད་བསྐུལ་ཁྱབ་བསྒྲགས་ཞི་དྲག་བྱས། ཞེས་པ་ལྟ་བུའི་རྒྱུད་བསྐུལ་དེ་དག་ལ་བརྟེན་ནས་གདན་ས་གསུམ་གྱིས་བོད་ནང་ཕྱི་རྒྱལ་མི་རིགས་འགྲུལ་བཞུད་བྱེད་མི་བཀག་འགོག་གནང་དགོས་ཡང་ཡང་ཞུས་རྐྱེན་གཞུང་གནས་ནས་ཀྱང་རྒྱ་ཁྱབ་ས་མཚམས་ཚང་མར་དྲིལ་བསྒྲགས་བཀའ་རྒྱ་ཡང་གནང་ཡོད་པ་རེད། རྒྱ་མཚན་དེར་བརྟེན་བོད་པས་དབྱིན་ཇིར་འབྲེལ་བ་མ་བྱས་ནས་ཁེར་རྐྱང་དུ་གནས་ན་ཁེ་ཕན་ཆེ་བ་ཡོད་པ་བསམས་པ་རེད། འོན་ཀྱང་ཁ་ཅིག་གིས་དབྱིན་བོད་གཉིས་འབྲེལ་བ་བྱུང་ཡོད་ཚུལ་བཤད་མཁན་ཡང་འདུག་པ་དེ་དག་ལས། ཊར་ནར་གྱིས་བྲིས་པའི་བོད་ནང་བཀྲིས་བླ་མའི་ཕོ་བྲང་དུ་བཏང་བའི་སྐུ་ཚབ་ཀྱི་གནས་ལུགས་ལས། ཕྱི་ལོ ༡༧༩༣ ནང་བོད་ཀྱི་མཐའ་མཚམས་ཁག་སྒོ་མ་བརྒྱབ་གོང་བང་གལ་དབྱིན་ཇིའི་མི་སེར་སྤེལ་ཡུལ་གཞུང་གིས་བོད་ཀྱིས་དཔོན་རིགས་ཚོ་དང་འབྲེལ་ལམ་ཕྲན་བུ་འགོ་འཛུགས་བྱས་ཕྱི་ལོ་ ༡༧༧༤ ནང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་བང་གལ་གྱི་སྲིད་སྐྱོང་ཝ་རན་ཧེ་སི་ཀྲིང་(Warren Hasting1772-1785) ལ་འབྲུག་ཡུལ་དྲག་རྒོལ་མཚམས་འཇོགས་ཡོང་བའི་ནན་སྐུལ་གྱི་ཕྱག་བྲིས་གནང་བ་ནས་བཟུང་འབྲེལ་ལམ་དེ་དག་འགོ་ཚུགས་ཧེ་སི་ཀྲིང་གི་གོ་སྐབས་དེ་ཉིད་བཟུང་སྟེ་འབྲུག་ནས་རང་གི་དཔུང་དམག་ཕྱིར་འཐེན་བྱས་རྗེས་ལོ་དེའི་ནང་དང། དེ་རྗེས་ཕྱི་ལོ་ ༡༧༨༢ སོ་སོར་པཎ་ཆེན་རིན་པོ་ཆེའི་སར་རྒྱལ་འབྲེལ་ཐབས་བྱུས་ཀྱི་འཚམས་འདྲིའི་སྐུ་ཚབ་ཁག་ཆེད་གཏོང་བྱས། ཞེས་འཁོད་ཡོད། དེ་མིན་ཁི་ལའོ་སྦྲི་ཨེ་པི་རིལ་གྱིས་(cloude April) བྲིས་པའི་བོད་ཀྱི་ལས་དབང་(the fate of Tibet) ཞེས་པའི་ནང་གོང་དང་མཐུན་པའི་འབྲེལ་བ་བྱུང་སྟངས་སྐོར་བྲིས་ཡོད། གོང་གི་ཡིག་ཆ་དེ་ཚོའི་ནང་བོད་དང་དབྱིན་ཇིའི་དབར་འབྲེལ་བ་བྱུང་ཡོད་ཚུལ་ལྟ་བུར་བཤད་ཡོད་མོད། འོན་ཀྱང་གནས་ཚུལ་དེའི་འགོ་མཇུག་བར་གསུམ་ལ་ཞིབ་མོར་དཔྱད་ན་བོད་གཞུང་དང་དབྱིན་ཇིའི་གཞུང་བར་འབྲེལ་བ་བྱུང་མེད་པར་སྣང་སྟེ། སྲིད་དོན་རྒྱལ་རབས་ལས་ཤིང་རྟ་ ༡༧༧༤  ཟླ་ ༡༠ པའི་ནང་ཁོ་ཚོ་ཝ་རན་ཧེ་སི་ཀྲིང་གིས་བཏང་བའི་སྐུ་ཚབ་བྷོ་གལ་(Bogle)དང་། ཨེམ་ཆི་ཨེ་ལེག་ཛན་དྲར་ཧལ་མན་ཀྲན་(Doctor Alexander Hamilton) གཞིས་ཀ་རྩེར་འབྱོར་སྐབས་པཎ་ཆེན་རིན་པོ་ཆེ་དབེན་དགོན་ནས་འབྲུམ་གཡོལ་དུ་ཤངས་བདེ་ཆེན་རབ་རྒྱས་དགོན་ལ་བཞུགས་ཡོད་པ་དེར་མཇལ་འཕྲད་ཞུས་ཤིང་ཕྱག་རྟགས་རྣམས་ཕུལ་བ་རེད། ཁོ་ཚོ་གཙང་ལ་འབྱོར་ནས་ཟླ་བ་ཁ་ཤས་རྗེས་བོད་གཞུང་ནས་ཁོ་ཚོ་གང་མྱུར་རྒྱ་གར་ལ་ཕྱིར་སློག་གནང་ལེགས་ཀྱི་བཀའ་འབྱོར་ཞེས་དང་། སྲིད་དོན་རྒྱལ་རབས་ལས། རྒྱ་གར་གྱི་དབང་འཛིན་དབྱིན་ཇིས་བོད་ཀྱི་ནང་ལ་ལྟ་ཞིབ་བྱེད་པར་འབེང་གོལ་གྱི་མི་རིགས་ས་ར་ཅན་དྷར་རྡཱ་སི་(Sarat Chandra Das) དང་འབྲས་ལྗོངས་ཀྱི་བླ་མ་ཨོ་རྒྱན་རྒྱལ་མཚན་གཉིས་བཏང་། བླ་བྲང་རྒྱལ་མཚན་མཐོན་པོའི་ཕྱག་མཛོད་སྐྱབས་དབྱིངས་འབྲོང་རྩེ་བ་སེང་ཆེན་སྤྲུལ་སྐུ་བློ་བཟང་དཔལ་ལྡན་ཆོས་འཕེལ་དང། མདའ་དཔོན་ཕ་ལྷའི་ལྕམ་གཉིས་ནས་རོགས་རམ་གནང་སྟེ་བོད་ཀྱི་ས་ཕྱོགས་མང་པོར་བལྟ་སྐོར་བྱས་ཏེ་གལ་ཆེའི་ཡིག་ཆ་དང་ས་ཁྲ་གསར་པ་ཞིག་ཀྱང་བཟོས། བོད་གཞུང་ནས་ཁོང་གཉིས་སོ་ཉུལ་ལ་དྭོགས་ཏེ་འཛིན་བཟུང་བྱེད་ལ་ཉེ་བར་གསང་བརྡ་བྱུང་སྟེ་གློ་བུར་དུ་རྒྱ་གར་ལ་བྲོས་ཕྱིན་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ལ་རོགས་རམ་བྱེད་མཁན་སྐྱབས་དབྱིངས་སེང་ཆེན་སྤྲུལ་སྐུ་དང་སྒེར་ཕ་ལྷ་བ། གཞན་ཡང་ཁོང་ལ་འདྲེས་གཏུགས་ཡོད་པའི་ངོ་ཤེས་འགའ་ཤས་བཅས་ལ་བོད་གཞུང་ནས་དྲན་འཛིན་ཉེས་ཆད་དྲག་པོ་གནང་ཞེས་གསུངས་པ་ལྟར། སྐབས་དེར་བོད་གཞུང་གིས་སེང་ཆེན་སྤྲུལ་སྐུ་ལྷ་སར་ཆེད་འགུགས་ཀྱིས་ཕྱི་མི་རྒྱལ་མཚམས་བརྒལ་ཏེ་ནང་སར་གང་བྱུང་ཡོང་མི་ཆོག་པའི་བཀག་སྡོམ་སྔ་ཕྱིར་ཡོད་པ་ཤེས་བཞིན་དུ་ཁྱད་གསོད་ཀྱིས་བདག་སྤྲོད་བྱས་ཁར་བསྟན་དགྲ་ལོག་སྨོན་ཅན་ལ་ནང་བསྟན་ཟབ་ཆོས་གང་བྱུང་གི་སྦྱིན་པས་མ་ཚད། རྒྱལ་བསྟན་ཆབ་སྲིད་ཀྱི་གསང་བ་ཕྱིར་གྱར་བྱེད་བབ་ཤིན་ཏུ་རྩ་འགལ་ནོར་འཁྲུལ་གྱི་བྱ་བ་ཚབས་ཆེ་ཡང་ཉེས་ཆད་ཡང་བཟོས་ཀྱིས་མཁར་དབང་གཞུང་བཞེས་དང་འབྲེལ། བཀྲས་ལྷུན་དགོན་གྱི་གྲྭ་སའི་གནས་ལས་དབྱུང་སྟེ་ཀོང་པོ་རྒྱ་མདའ་རྫོང་དུ་རྒྱང་འབུད་དང་འབྲེལ་སྡོད་ཚུགས་གང་ཟིན་དགོས་རྒྱུའི་བཀོད་འདོམས་བྱས་འདུག  ཡང་ནག་ཆུ་མཁན་ནང་གཉིས་ནས་སྙན་ཞུ་འབྱོར་གསལ་དབྱིན་ཇིའི་སོ་ཉུལ་མི་རིགས་ཁ་ཤས་འབྱོར་ཚུལ་ཞུས་པར། དེ་ཚོ་དབྱིན་ཇིའི་མི་རིགས་ཡིན་མིན་མ་ཤེས་ཀྱང་དེའི་དུས་ཕྱི་རྒྱལ་གྱི་མི་རིགས་དཀར་པོ་ཞིག་ཡིན་ཕྱིན་དབྱིན་ཇི་པ་རང་ལ་བོད་པས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། བྱས་ཙང་བོད་གཞུང་ནས་སྐུ་ཚབ་ཆེད་གཏོང་གནང་སྟེ་ཁོ་ཚོ་ཕྱིར་སློག་བྱས་ཡོད་ཅེས་འཁོད་འདུག  གནད་དོན་འདིའི་ཐོག་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་བསོད་ནམས་རྒྱལ་མཚན་གྱིས་གསུངས་གསལ་ལྟར་ན། བོད་དང་དབྱིན་ཇིའི་བར་འབྲེལ་བ་ཐོག་མ་དེ་ཕྱི་ལོ་ ༡༩༠༤ ལོར་བྱུང་བ་དང་ཕྱི་ལོ་ ༡༧༧༤ དང་དེ་མིན་ཕྱི་ལོ་ ༡༧༧༨ ལོར་སྐུ་ཚབ་ཆེད་གཏོང་བྱས་པ་དེ་འབྲེལ་བ་དངོས་མིན། དེ་ནི་དབྱིན་ཇིའི་གཞུང་གིས་སྐུ་ཚབ་བཏང་བ་ཙམ་ལས་གཞན་འབྲེལ་བ་གང་ཡང་བྱུང་མེད་ཅེས་གསུངས་སོང་། དེ་ཡང་བདེན་ཏེ་གོང་ཞུས་ཀྱི་དབྱིན་གཞུང་གི་སྐུ་ཚབ་རྣམས་པཎ་ཆེན་རིན་པོ་ཆེ་ལ་ཐུགས་རྗེ་ལེགས་འབུལ་སོགས་ཀྱི་ཆེད་དུ་ཡིན་པ་ལས་བོད་གཞུང་དང་དབྱིན་གཞུང་བར་འབྲེལ་བ་ ༡༩༠༤ ཡར་སྔོན་ན་མེད་པ་གསལ་པོ་གོང་གི་ལོ་རྒྱུས་ལས་གསལ་གྱི་འདུག།
       གང་ལྟར་དབྱིན་ཇི་པས་ཐབས་བརྒྱ་ཇུས་སྟོང་གིས་བོད་ལ་འབྲེལ་བ་བྱུང་ཐབས་ལ་འབད་ཡོད་མོད་ཕྱི་ལོ་༡༨༤༩ ལོར་རྒྱར་གར་ཡོངས་རྫོགས་བཙན་བཟུང་གིས་དབང་ཆ་སྲ་བརྟན་བཟུང་ཞིང་དུས་རབས་བཅུ་དགུ་པའི་ལོ་རབས་བཞི་བཅུ་པར་རྒྱག་ནག་ཏུ་བཙན་འཛུལ་གྱིས་ཉལ་ཐའི་དམག་འཁྲུག་བསླངས་ཏེ་ངན་པ་བྱུང་རྒྱལ་དུ་སོང་རྗེས་གོམ་པ་རིམ་འགྲོད་ཀྱིས་བོད་ལྗོངས་སུ་བཙན་འཛུལ་བྱ་རྒྱུའི་བསམ་ངན་བཅང་། བོད་དང་འབྲེལ་བ་བཟོ་བའི་ཐབས་སུ་བོད་དང་ཁྱིམ་མཚེས་ཀྱི་རྒྱལ་ཁབ་རྣམས་ལ་དྲག་པོའི་ངན་རྒོལ་བྱས་ནས་ས་ཆ་བཙན་བཟུང་དང་བོད་ཀྱི་རིག་གནས་ལོ་རྒྱུས་རྒྱ་ཆ་བདམས་བསྒྲིགས་འདོན་ཐེངས་བདུན་པ་ལས། ཐོག་མར་མན་ཆིང་གོང་མ་ཞན་ཧུན་ཁྲི་ལོ་བཅུ་གཅིག་པ་རབ་བྱུང་བཅུ་བཞི་ལྕགས་བྱ་ཕྱི་ལོ་༡༨༦༡ ལོར་བོད་ལྗོངས་ཀྱི་ལྷོ་ཕྱོགས་སུ་གནས་པའི་འབྲས་མོ་ལྗོངས་ལ་བཙན་འཛུལ་དང་འབྲེལ་འདྲ་མཉམ་མིན་པའི་ཆིངས་ཡིག་དོན་ཉི་ཤུར་བཙན་ཤེད་ཀྱིས་མིང་རྟགས་འགོད་དུ་བཅུག་པ་དང། ཡང་ཐུང་ཀྲི་ཁྲི་ལོ་བཞི་པ་རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ་༡༨༦༥ ལོར་དབྱིན་ཇིས་བོད་ལྗོངས་ཀྱི་ལྷོ་ཕྱོགས་སུ་གནས་པའི་འབྲུག་ཡུལ་ལ་བཙན་འཛུལ་དང་འདྲ་མཉམ་མིན་པའི་ཆིངས་ཡིག་ལ་མིང་རྟགས་འགོད་དུ་བཅུག་རྗེས་རྡོ་རྗེ་གླིང་དང་ཀ་ལོན་སྦུག་སོགས་བཙན་བཟུང་གིས་ས་ཆ་མང་པོར་ཉུལ་ཞིབ་ལས་ཁུངས་དང་དམག་དོན་གྱི་རྟེན་གཞིར་བཙུགས་ཞེས་དང། དེབ་ཐེར་ཀུན་གསལ་མེ་ལོང་ལས་། དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་ཆེད། ཐོག་མར་བོད་ཀྱི་ས་འབྲེལ་རྒྱལ་ཁབ་ཆུང་ངུ་རྣམས་བཙན་བཟུངས་བྱས་པ། དཔེར་ན། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ ༡༨༡༤ ལོར་དབྱིན་ཇིས་འབྲས་ལྗོངས་པར་དཔུང་རོགས་བྱས་བལ་པོའི་ལག་ནས་ས་ཆ་ཁག་གཉིས་འཕྲོག་ བལ་པོའི་དམག་དཔུང་གིས་དཔུང་འཇུག་ཤུགས་ཆེན་བྱས་ཏེ་བཙན་འཛུལ་པ་ས་མཐར་བསྐྲད། ཤིང་ཕག་༡༨༡༥ ལོར་དབྱིན་ཇིས་དམག་དཔུང་འབོར་ཆེན་བཏང་སྟེ་བལ་པོར་བཙན་འཛུལ་བྱས། བལ་པོས་ཕྱོགས་གཅིག་ནས་དཔལ་ངར་ཆེན་པོས་རང་སྲུང་རྒོལ་ལས་སློག་པ་དང་ཕྱོགས་གཅིག་ནས་བོད་བཞུགས་ཨམ་བན་ལ་དཔུང་རོགས་བཅོལ། ཨམ་བན་ནས་དཔུང་རོགས་གཏོང་རྒྱུ་ལྟ་ཞོག་དོན་མེད་རྙོག་དྲ་བཟོས་ན་མི་འགྲིག་ཅེས་ཁ་བརྡུངས་བཏང། མཐར་བལ་པོའི་དམག་དཔུང་བྱེད་ཐབས་དབེན་པའི་གནས་སུ་ལྷུངས་ཏེ་དབྱིན་ཇིར་མགོ་བཏགས་ཐོག་འདྲ་མཉམ་མིན་པའི་ས་ཀ་ལའི་ཆིངས་ཡིག་བཞགཅེས་བཤད་འདུག་པས། དབྱིན་ཇིས་བལ་པོ་ལྟ་བུའི་རྒྱལ་ཁབ་ཆུང་ངུ་འདི་འདྲར་གཅིག་མཇུག་གཉིས་མཐུད་ཀྱིས་དཔུང་འཇུག་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་བལ་པོ་དང་བོད་ས་འབྲེལ་ཡིན་སྟབས་བྱི་ལ་གཉིད་ཁུག་ཀྱང་བསམ་རྒྱུ་ཙི་ཙི་ཟེར་བའི་གནའ་གཏམ་ལྟར་ཉལ་བའི་རྨི་ལམ་ལའང་ས་རྒྱ་ཆེ་ལ་དམག་ཤུགས་ཆུང་བ་དང་གཏེར་རྫས་ཕུན་སུམ་ཚོགས་པའི་བོད་འདི་ཟ་སེམས་བཅངས་པ་དེ་རེད། དེ་ནས་དབྱིན་ཇིས་འབྲུག་ཡུལ་དུ་བཙན་འཛུལ་བྱེད་འགོ་ཚུགས་ཡོད་དེ། སྲིད་དོན་རྒྱལ་རབས་ལས། ལྕགས་སྤྲེལ་ ༡༨༦༠ ལོའི་ཡས་མས་སུ་ལྷོ་འབྲུག་ནང་སྡེ་སྲིད་སྣ་རྫི་བ་དང་དབང་རྫོང་ཐིམ་རྫོང་ཕྱོགས་གཅིག་དང། དར་ལུང་སྟོབས་རྒྱལ་དང་། ཀྲོང་ས་འཇིགས་མེད་རྣམ་རྒྱལ་ཕྱོགས་གཅིག་བྱས་ཏེ་ནང་འཁྲུག་བྱུང་བ། སྡེ་སྲིད་ཕྱོགས་ནས་བོད་གཞུང་དང། དར་ལུང་ཕྱོགས་ནས་དབྱིན་ཇིར་རོགས་ཞུས་པར་དབྱིན་ཕྱོགས་གོམ་པ་སྔོན་སྤོས་ཀྱིས་ཟིང་འཁྲུག་གནོན་ཐུབ་ཀྱང་། སླར་ཡང་དབྱིན་ཇི་དང། འབྲུག་པ་གཉིས་དམག་འཁྲུག་ཕྲན་བུ་བརྒྱབ་མཐར་འབྲུག་བརྒྱུད་བོད་ལ་འགྲོ་ཡག་གི་ལམ་བཟོ་དང། འབྲུག་ནང་དབྱིན་ཇིའི་སྐུ་ཚབ་འཛུགས་རྒྱུའི་འཕྲོས་པ་ཞིག་བྱས་འདུག་ཀྱང། ཤིང་གླང་༡༨༦༧ ལོར་ཅུ་ལ་ཞེས་པའི་ས་གནས་སུ་འབྲུག་གཞུང་སྐུ་ཚབ་བཞི་དང་དབྱིན་གཞུང་སྐུ་ཚབ་མཉམ་འཛོམས་ཀྱིས་གྲོས་ཆོད་གཅིག་བཞག་པའི་ནང། བོད་གཞུང་ནས་འབྲུག་ཡུལ་ནང་བྱུས་གཏོགས་མ་བྱས་ན་ཚེ་དབྱིན་གཞུང་ནས་འབྲུག་གི་སྲིད་དོན་ལ་བྱུས་འཁྲི་ནམ་ཡང་བྱ་རྒྱུ་མེད་པ་དང། འབྲུག་གི་ས་ཆའི་ནང་ནས་དབྱིན་གཞུང་གིས་ཤིང་གི་དགེ་བེད་སྤྱོད་རྒྱུར་ལོ་རེ་ས་ཁྲལ་རྒྱ་ཊམ་སྒོར་འབུམ་ཕྲག་གཉིས་རེ་སྤྲོད་རྒྱུ་འཁོད་ཡོད། འོན་ཀྱང་བོད་གཞུང་གིས་གནས་ཚུལ་དེ་གསན་མ་ཐག་ཏཱ་ལའི་བླ་མའི་ཕྱག་རོགས་སྲིད་སྐྱོང་སྡེ་དྲུག་མཁྱེན་རབ་དབང་ཕྱུག་ནས་བཀའ་ཤག་དང་དགའ་འབྲས་དྲུང་སྤྱིར་བཀའ་བསྡུར་གནང་བར། དབྱིན་ཇིས་འབྲུག་བརྒྱུད་བོད་ལ་ཡོང་རྒྱུའི་ལམ་མ་བཟོས་པ་དང། འབྲུག་ནང་དབྱིན་ཇིས་བྱུས་གཏོགས་མ་བྱས་ཚེ་བོད་གཞུང་ནས་འབྲུག་གི་ཆབ་སྲིད་ལ་བྱུས་གཏོགས་བྱེད་དགོས་དོན་ནམ་ཡང་མེད་ཅེས་ཐག་གཅོད་བྱས་ཡོད། འབྲུག་ཡུལ་བཙན་བཟུང་བྱས་རྗེས་དབྱིན་ཇིས་འབྲས་ལྗོངས་ལ་དཔུང་འཇུག་བྱེད་འགོ་ཚུགས། འབྲས་ལྗོངས་ནི་བལ་ཡུལ་དང་འབྲུག་ཡུལ་བར་གནས་པ་དང་བོད་དང་ས་འབྲེལ་རྒྱལ་ཁབ་ཅིག་རེད། དེ་བཙན་བཟུང་བྱས་རྗེས་བོད་ཀྱི་ས་མཚམས་མང་ཆེ་བ་ཁ་ལོ་བསྒྱུར་ཐུབ་སྟབས་བཙན་འཛུལ་བྱེད་སའི་བཀག་རྡོ་མཐའ་དག་སེལ་བ་དང་མཚུངས། སྲིད་དོན་རྒྱལ་རབས་ལས། སྨད་ཆ་ ༨༡ ལས། ཆུ་ཕག་ ༡༨༦༣ ལོར་དབྱིན་ཇིའི་དམག་དཔོན་ལེབ་ཀྲེ་ནལ་ཀ་ནལ། གྷའོ་ལར་དང། ཞི་བའི་དཔོན་རིགས་ཨེ་ཤེ་ལི་ཡི་ཀྲིག་ཟེར་བ་འབྲས་ལྗོངས་ས་མཚམས་བར་ཡོང་སྟེ་འབྲས་ལྗོངས་ས་སྤྱོད་པ་དང་མཇལ་འཕྲད་དགོས་ཚུལ་བརྗོད་པ། དེའི་སྐབས་འབྲས་ལྗོངས་ས་སྤྱོད་གཙུག་ཕུད་རྣམ་རྒྱལ་གྲོ་མོ་ཆུ་སྦིར་བཞུགས་ཡོད་གཤིས་ཁོང་གི་སྲས་འགྲེས་ཤོས་སྲིད་སྐྱོང་སྤྲུལ་སྐུས་ཚབ་བྱས་ཏེ་མཇལ་འཕྲད་གནང་འདུག དབྱིན་ཇིའི་དཔོན་རིགས་ཚོས་སྲིད་སྐྱོང་སྤྲུལ་སྐུར་དོན་ཚན་ཉེར་གསུམ་འཁོད་པའི་གྲོས་ཆོད་གཅིག་ཕུལ་ཏེ། དེའི་ནང་གི་དོན་ཚན་རྣམས་ལ་ཁས་ལེན་གནང་ན་དབྱིན་ཇིས་བླངས་པའི་རྫོང་གཞིས་བཞི་ཕྱིར་སློག་སྤྲོད་རྒྱུ་མ་ཟད་རྡོར་གླིང་གི་ས་གླ་ཡང་སྤྲོད་རྒྱུ་ཡིན་ཅེས་བརྗོད་འདུག གྲོས་ཆོད་དེའི་ནང་གི་དོན་ཚན་གལ་ཆེ་ཤོས་ནི་འབྲས་ལྗོངས་ས་སྤྱོད་བོད་ཕྱོགས་ལ་བཞུགས་མི་ཆོག་པ་དང་། འབྲས་ལྗོངས་ཀྱི་ལས་ཀའི་ནང་བོད་གཞུང་གིས་བྱུས་གཏོགས་བྱེད་འཇུག་རྒྱུ་མེད་པ་སོགས་ཡོད་པ་རེད། དབྱིན་གཞུང་གི་ཐབས་ཤེས་གཞན་ཞིག་ནི་མན་ཇུ་གོང་མ་དང་འབྲེལ་བ་བྱས་ནས་བོད་ནང་དུ་བསྐྱོད་རྒྱུའི་ཐབས་ཇུས་བཙལ་བ་ནི་སྲིད་དོན་རྒྱལ་རབས་ལས་སྨད་ཆ་ཤོག་གྲངས་༨༤དང་༨༥ཤིང་བྱ་༡༨༨༥ ལོར་ལྷ་སྡོད་མན་ཇུའི་ཨ་བན་བརྒྱུད་རྒྱ་ནག་གི་བདག་པོ་མན་ཇུ་གཞུང་དང་རྒྱ་གར་གྱི་བདག་པོ་དབྱིན་ཇི་གཞུང་གཉིས་ཅི་ཕུ་(Chefoo) ཞེས་པའི་ས་གནས་སུ་གྲོས་ཚོགས་སྐབས་རྒྱ་ནག་དང་རྒྱ་གར་བར་བོད་བརྒྱུད་དབྱིན་ཇིའི་མི་རིགས་བལྟ་བསྐོར་བ་འགྲོ་བསྐྱོད་ཆོག་པའི་གྲོས་ཆོད་བཞག་པ་རེད་ཅེས་པ་ལས་ཤེས་ཐུབ། ཆིངས་ཡིག་དེའི་ནང་རྒྱ་ནག་གཞུང་ནས་དབྱིན་ཇིིའི་མི་རིགས་བལྟ་བསྐོར་ཚོགས་པ་རྒྱ་ནག་ནས་བོད་བརྒྱུད་རྒྱ་གར་དང། རྒྱ་གར་ནས་བོད་བརྒྱུད་རྒྱ་ནག་ཏུ་འགྲོ་བསྐྱོད་ཆོག་པ་མ་ཚད་དབྱིན་ཇིི་མི་རིགས་མང་པོར་བོད་བརྒྱུད་འགྲོ་བསྐྱོད་ཆོག་པའི་རྒྱ་ནག་གཞུང་གི་ལག་འཁྱེར་ཡང་སྤྲད་ཡོད་པའི་བསྐོར་བཤད་འདུག་ གནས་ཚུལ་དེ་བོད་ཕྱོགས་ནས་གསན་མ་ཐག་རྒྱལ་བློན་བཀའ་གྲོས་གནང་སྟེ་བོད་ལྗོངས་ཚོགས་འདུ་རྒྱས་ཛོམས་ནང་གྲོས་ཆོད་རྒྱས་དཔྱད་མནའ་གན་མཐུ་མོ་ཆེ་བཞག་པ་རེད། འདིའི་སྐོར་སྲིད་དོན་རྒྱལ་རབས་ལས། སྨད་ཆ་ཤོག་གྲངས་༨༥ཚོགས་འཐུས་རྣམས་གསར་གནས་དེ་ཐོས་འཕྲལ་ཧ་ལས་ཧོན་ཐོར་ཏེ། བོད་ཀྱི་ས་ཆའི་བདག་པོ་བོད་གཞུང་ཡོད་བཞིན་པར་རྒྱ་ནག་མན་ཇུ་གཞུང་གིས་བོད་ནང་དབྱིན་ཇིའི་མི་རིགས་གཏོང་རྒྱུའི་གྲོས་ཆོད་བཞག་པ་འདི་བཞིན་འོས་དང་བབས་འབྲེལ་རྩ་བ་ནས་མེད་གཤིས་བོད་ཀྱི་ས་ཆའི་ཐོག་ལ་ཕྱི་རྒྱལ་མི་རིགས་སུ་འདྲ་ཞིག་ཡིན་རུང་བོད་གཞུང་གི་བཀའ་དང་ལག་འཁྱེར་མ་འབྲེལ་བར་གོམ་གང་གཏོང་ཐལ་མེད་པའི་ཚོགས་འདུ་རྒྱས་འཛོམས་ནང་གྲོས་ཆོད་རྒྱས་དཔྱད་མནའ་གན་མཐུ་མོ་ཆེ་བཞག་པ་དང། ཞེས་གསལ་བ་བཞིན་ས་མཚམས་ཡས་མས་ཀྱི་རྫོང་གཞིས་སྣེ་སྡོད་ཚང་མར་དབྱིན་ཇིའི་མི་རིགས་དྲག་ཞན་སུ་འདྲ་ཞིག་བསླེབས་ཀྱང་། བོད་གཞུང་གི་བཀའ་ལག་དང་འབྲེལ་བ་མེད་ཕྱིན་རྒྱ་དཀར་ནག་སུའི་ལག་འཁྱེར་ཡོད་ཀྱང་ས་མཚམས་ནས་གོམ་གང་བཏང་ཤོར་མེད་དགོས་རྒྱུའི་བཀའ་ཤག་ནས་བཀའ་རྒྱ་དང་ཁྱབ་བསྒྲགས་ཀྱང་ཤུགས་ཆེར་གནང་བ་རེད།

བཞི་པ། དམག་འཁྲུག་གི་རྒྱུ་རྐྱེན་དང་བྱུང་རིམ།
དབྱན་བོད་དམག་འཁྲུག་གི་རྒྱུ་རྐྱེན་གཙོ་བོ་ནི་རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ་ ༡༨༦༣ ལོར་དབྱིན་ཇིས་བོད་ལྗོངས་ཀྱི་ལྷོ་ཕྱོགས་སུ་གནས་པའི་འབྲུག་ཡུལ་བཙན་འཛུལ་བྱས་ཏེ་འདྲ་མཉམ་མིན་པའི་ཆིངས་ཡིག་ལ་ས་རྟགས་བརྒྱབས་སུ་བཅུག་པ་དང་། རྡོ་རྗེ་གླིང་དང་ཀ་སྦུག་སོགས་བཟུང་ཞིང་ས་ཆ་ཁག་མང་པོར་གསང་མྱུར་ལས་ཁུངས་དང་དམག་དོན་གྱི་རྟེན་གཞི་ཁག་གསར་འཛུགས་བྱས་པ་དང་། ས་ཆ་དེ་དག་བརྟན་འཇགས་དང་བཙན་བཟུང་བྱ་ཆེད་རྡོ་གླིང་དུ་དབྱིན་ཇའི་དཔོན་རིགས་མངགས་གཏོང་དང་བཙན་རྫོང་བརྒྱབ་སྟེ་སྲུང་དམག་བཀོད་བསྒྲིགས་ཀྱིས་ཞིབ་ཕྲའི་དབང་བསྒྱུར་བྱ་རྒྱུའི་འགོ་འཛུགས་བྱས་ཡོད་པ་རེད། སྐབས་དེར་དབྱིན་ཇིས་ལུང་ཐུར་བརྒྱུད་བོད་དུ་ཚོང་འགྲུལ་བྱས་ཏེ་ཚོང་ར་དངོས་སུ་འཛུགས་རྒྱུའི་འདོད་པར་བོད་སྡོད་ཨ་བན་དང་བཀའ་ཤག་སོགས་ནས་འཕྲལ་ཐག་ཆོད་པོའི་བྱེད་སྒོ་སྤེལ་མ་ཐུབ་པར་མུ་མཐུད་ནར་འགྱངས་འཕྲོ་ཅན་དུ་ལུས་མུས། འབྲས་ལྗོངས་ས་སྤྱོད་མཐུ་སྟོབས་རྣམ་རྒྱལ་ནས་བོད་བཞུགས་ཨ་བན་དང་། སྲིད་སྐྱོང་རྟ་ཚག་ཧོ་ཐོག་ཐུ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། བཀའ་བློན་མདོ་མཁར་བ་ཚེ་རིང་ནོར་བུ། བཀའ་བློན་བླ་མ་བློ་བཟང་ཡོན་ཏན། བཀའ་བློན་གཡུ་ཐོག་པ་བཀའ་བློན་རམ་པ་བཀྲིས་དར་རྒྱས་བཅས་པར་དེང་སང་དབྱིན་ཇིའི་ལྐོག་གཡོའི་བྱེད་བབ་གང་ལ་བལྟས་ཀྱང་རིང་པོར་མི་ཐོགས་པར་བོད་ལྗོངས་ཆོས་ལྡན་གྱི་ཞིང་སར་བཙན་འཛུལ་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྨ་འབྱིེན་གྱི་བྱ་ངན་སྤེལ་རྒྱུ་གདོན་མི་ཟ་བའི་སྣང་ཚུལ་གསལ་པོར་མཐོང་འདུག་པས། བོད་གཞུང་ནས་ཁུལ་འདིའི་ས་མཚམམས་ལ་ཕྲང་ཁག་སོགས་སྒོ་གང་སར་ཕྱི་ནང་གསང་གསུམ་གྱི་མྱུལ་ཞིབ་སོ་འོན་བྱེད་མི་དོ་ཆོད་གཏོང་གནང་དང་འབྲེལ་སྔོན་ཚུད་ནས་ཞི་དྲག་ཐབས་སྒོ་གང་དགེའི་མཛད་ཕྱོགས་ཕྱག་ལེན་བསྟར་འོས་གང་བསམ་ཟོལ་མེད་གསལ་འདེབས་ཞུ་རྒྱུ་ཞེས་པའི་སྙན་ཞུ་སྔ་རྗེས་དང་ཕྱོགས་མཚུངས། མི་སྣ་རྗེས་བཏང་བ་དང་ས་འབྲེལ་ཕྱི་རྒྱལ་མི་སེར་ལ་འབྲེལ་བ་བྱས་ཏེ་གནས་ཚུལ་དྲིས་བརྩད་བྱས་པར་ཚང་མའི་རྩེ་མཐུན་དུ་བསྟན་དགྲ་ཕྱི་གླིང་པས་བོད་ཕྱོགས་སུ་དམག་རྒྱག་གྲབས་གཤོམ་བྱེད་གཏན་ཡིན་ཚུལ་ཡིག་ངག་གཉིས་འབྱོར་བྱུང་རྐྱེན། བོད་གཞུང་སྲིད་སྐྱོང་བཀའ་ཤག་ནས་ཨ་བན་ཕོག་དཔོན་ཀྲང་ཆིང་ཐུང་དང་། བོད་ཀྱིས་མདའ་དཔོན་བཀྲིས་གླིང་པ་གཉིས་ས་མཚམས་ཀྱི་གནད་དོན་རྟོགས་ཞིབ་ཏུ་བཏང་གནང་མཛད། ཁོང་གཉིས་ནས་རྒྱལ་མཚམས་སུ་གནས་དོན་ཞིབ་དཔྱོད་མ་བྱས་པར་ཤར་རྒྱག་འབྲས་ལྗོངས་སུ་ཕྱིན་ནས་འབྲས་ལྗོངས་ས་གནས་ནས་དབྱིན་ཇི་བཏང་ཤོར་བྱུང་ན་མི་འགྲིག་པས་ཁྱེད་ཚོས་བརྟན་སྲུང་དགོས་རྒྱུ་ཞེས་པའི་གན་རྒྱ་ཞིག་བླངས་ནས། གནད་དོན་དེ་ཉིད་བྱས་དོན་གལ་ཆེན་དུ་རློམ་ནས་བྱ་ངན་འཐུས་ཤོར་གྱིས་བོད་དུ་ཕྱི་ལོག་བྱས། སྐབས་དེ་བསྟུན་གྱིས་དབྱིན་ཇི་པས་འབྲས་ལྗོངས་པ་དང་ངན་འབྲེལ་གྱིས་བོད་དུ་འགྲོ་བའི་ལམ་གསར་བཟོ་དང་། ཟམ་པ་རྒྱག་པ། དམག་གི་མཁོ་ཆས་བསྒྲུབས་ཡུལ་སོགས་ཀྱི་ལྟེ་བ་འབྲས་ལྗོངས་སུ་བྱས་འགོ་ཚུགས། ༡༩༨༣ ལོར་འབྲས་ལྗོངས་ས་སྤྱོད་མཐུ་སྟོབས་རྣམ་རྒྱལ་དང་། ལྷ་ལྕམ་ཡེ་ཤེས་སྒྲོལ་མ་གཉིས་དབྱིན་ཇིའི་འཇིགས་བསྐུལ་འོག་བོད་གཞུང་ལ་སྐྱབས་ཞུས་ཕེབས་པར་བོད་གཞུང་ནས་བདག་རྐྱེན་གང་ལེགས་ཐོག་ཕྱིར་ལོག་སྐབས་དངུལ་ཊམ་དཀར་རྡོ་ཚད་སུམ་ཅུ་གནང་སྦྱིན་བསྩལ་བ་སོགས་ལ་བརྟེན་དབྱིན་ཇིས་བོད་ཕྱོགས་སུ་དོགས་ཟོན་ཆེ་རུ་ཕྱིན། བོད་ཕྱོགས་ནས་ཀྱང་བོད་ལྗོངས་ཚོགས་འདུ་སྔ་རྗེས་ཐེངས་མང་བསྐོང་འཚོགས་བྱས་པས་ཚོགས་འདུ་ཐོག་འཐུས་མི་ཚོས་བསམ་གྲོས་ཞིབ་བསྡུར་བྱས་པའི་སྙིང་པོར་དབྱིན་ཇིས་ལྟ་སྐོར་ཚོང་འགྲུལ་བྱ་རྒྱུ་སོགས་ལ་ཁ་གཡར་བའི་གཡོ་གཏམ་རེ་འདོད་སྣར་གཅིག་ཀྱང་ཁས་ལེན་རྩ་བ་ནས་མི་བྱེད་པའི་ཐོག བསྟན་དགྲ་དབྱིན་ཇི་བ་མི་གཅིག་ཀྱང་ལུང་ཐུར་ཚུན་གོམ་གང་མི་གཏོང་རྒྱུའི་བསམ་གྲོས་གཅིག་མཐུན་བྱུང་སྟབས་ནང་དོན་ཞིབ་ཕྲ་འཁོད་པའི་སྤྱི་སྒྲིག་མནའ་གན་མཐུ་མོ་ཆེ་བཞག་ཐོག་བོད་ལྗོངས་སེར་སྐྱ་ཚང་མས་སྤྱི་སྒྲིག་གན་དོན་ལ་སེམས་ཐག་གཙང་བཅད་ཀྱིས། དབུས་གཙང་། ལྷོ་ཁ། དྭགས་ཀོང་། སྤོ་བོ། ཁམས་ཁུལ། བྱང་འབྲོག་བཅས་ནས་བཅོ་བརྒྱད་དྲུག་ཅུའི་ཡུལ་དམག་བསྐུལ་འགུག་དང། ད་དུང་དགོས་གལ་བྱུང་ཚེ་དགོན་ཁག་གི་སེར་དམག་བསྡུ་རྒྱུའི་ཐད་མི་སྣ་བཀོད་སྒྲིག་ཀྱང་བྱས། གོ་ལག་ལྟ་བུར་མཚོན་བོད་བཟོས་མེ་སྒྱོགས་དང་། བོད་མདའ། མེ་རྫས། ཞ་མདེལ། སྦུད་ཏི། གྲི་མདུང་། ཐ་ན་འུར་རྡོ་ཡན་ཆད་གྲ་སྒྲིག་དང་ཕྱོགས་མཚུངས་འབྲུ་རིགས་སོགས་བཟལ་ཆས་འདུ་འགོད་དབོར་འདྲེན་དོས་ཁལ་སོགས་ཕྱོགས་གང་ཐད་ནས་དམག་གྲབས་འཐུས་ཚང་བྱ་རྒྱུ་ཉིན་འགྱངས་ཞག་འབུད་མ་སོང་བར་ལས་འགོ་འཛུགས་རྒྱུ་དང་། རྒྱུད་གྲྭ་སྟོད་སྨད་སེར་འབྲས་དགའ་གསུམ་གཙོས་པའི་དགོན་སྡེ་ཁག་ལ་ཞབས་རིམ་གནད་སྨིན་བསྒྲུབ་རྒྱུ་དང་། ལ་མོ་ཚངས་པ་དང་། དགའ་གདོང་ཆོས་སྐྱོང་སོགས་གཞུང་བསྟེན་དགྲ་ལྷ་ཁག་ལ་ཞི་དྲག་གང་དགོས་ཀྱིས་བཀའ་ལུང་དགོངས་དོན་ལྟར་ལག་བསྟར་བྱེད་འོས་ཀྱིས་མཚོན། འཐབ་སྒོ་གང་གཟབ་མ་ཚང་བ་མེད་པ་དམ་འཛིན་ལྷོད་མེད་དགོས་རྒྱུའི་ཚིག་ཐོ་སྤྱི་དམ་བཞི་སྦྱར་ཕུལ་གནང་བ་མ་ཟད། ཕྱི་གླིང་པར་ཁྲིམས་ལུགས་གང་ལའང་མ་ལྟོས་པར་བོད་ལྗོངས་སུ་བཙན་འཛུལ་གྱི་བྱ་ངན་སྤེལ་བ་མཚམས་འཇོག་དགོས་པའི་དྲང་ནན་གྱི་རྒོལ་གཏམ་ཡང་ཡང་གླེང་བ་སོགས་བྱས། འོན་ཀྱང་དགྲ་ཕྱོགས་ནས་བསམ་ཤེས་མ་བྱས་པར་འགྲོ་ལམ་མི་བདེ་བའི་ཕྱོགས་ཀྱི་ས་ལམ་གསར་བཟོ་ཀ་སྦུག་ས་ཆར་ཡང་དམག་དོན་སྐྱེལ་འདྲེན་བབས་ཚུགས་བཙུགས་པ་སོགས་བཙན་འཛུལ་གྱི་གོམ་སྟབས་འགྱོགས་སུ་བཏང་བཟོ་མངོན་བཞིན་ཡོད་པ་རེད། དེའི་སྐབས་དབྱིན་གཞུང་དང་བོད་ཕྱོགས་གཉིས་ཀ་ནས་ཕན་ཚུས་གནས་སྟངས་གསལ་རྟོགས་མེད་པའི་དུས་སྐབས་ཤིག་ཡིན་པ་དང་། སྒོ་མང་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་ཡིབ་ནས་ཨུ་རུ་སུའི་སོ་པ་བྱས་ནས་བོད་གཞུང་དང་རུ་སུ་འབྲེལ་བ་བཟོ་ཐབས་རྒྱུད་བསྐུལ་མང་པོ་བྱས་མཐར་ཏཱ་ལའི་བླ་མ་ཨུ་རུ་སུའི་རྒྱལ་ས་སན་སྤི་ཀྲར་སྦག་《st Petersburg》ལ་ཕེབས་རྒྱུའི་དང་། རུ་སུའི་གོང་མ་ཛཱར་ནི་ཀོ་ལོ་གཉིས་པ་《Czar Nicholas 2》 དང་མཇལ་ཏེ་ཏཱ་ལའི་བླ་མར་ཕྱག་བྲིས་ཤིག་ཕུལ། ཕྱིས་སུ་རྡོ་རྗེ་ཡིབ་དང་མཉམ་དུ་ཏཱ་ལའི་བླ་མའི་དོན་གཅོད་སྐུ་ཚབ་གཉིས་མཚོ་ཐོག་བརྒྱུད་ཕྱིན་ཏེ་ཨ་རུ་སུའི་གཞུང་ནས་སྣེ་ལེན་བཟང་པོ་གནང་སྟེ་ཛཱར་དང་མཇལ་འཕྲད་དང་འབྲེལ་ཨུ་རུ་སུའི་རྒྱལ་སྲས་ཤིག་སྐུ་སྲུང་དང་བཅས་བོད་དུ་གདན་ཞུ་ཞུ་རྒྱུའི་འཆར་གཞི་ཡང་བཟོས་པ་དང་། དེ་ཙམ་དུ་མ་ཟད་སོག་ཡུལ་དུ་༸སྐྱབས་མགོན་ཆེན་པོ་སྨོན་ལམ་ཚོགས་མགོན་དུ་གདན་ཞུ་སོགས་མཆོད་རྒྱུན་བཟང་པོ་མཛད་པར་རྒྱ་གར་གི་དབང་འཛིན་དབྱིན་ཇི་དྭོགས་འདྲོག་ཆེན་པོ་བྱུང་བ་དང། རྒྱ་གར་གྱི་དབང་འཛིན་དབྱིན་གཞུང་གིས་ཉིང་ཧོང་མི་རིགས་ཀ་བ་ཀུ་ཅི་ཟེར་བ་དེར་བོད་སྐད་བསླབས་ཏེ་ལ་དྭགས་པའི་ཟོལ་གྱིས་སེར་བྱེས་གྲྭ་ཚང་སྒྲིག་བཞུག་ཐོག པི་ཐུབ་ཁང་ཚན་དུ་བསྡད་དེ་བོད་ཀྱི་གནས་ཚུལ་དག་མིན་སྣ་ཚོགས་ཤིག་རྒྱ་གར་གཞུང་ལ་བཏང་བའི་ཉེར་ལེན་སོགས་ལ་བརྟེན་རྒྱ་གར་གཞུང་ཡང་བོད་གཞུང་ལ་དྭོགས་པ་ཚད་མེད་བཟོས་པ་དང། མན་ཇུ་གོང་མའི་གཞུང་གིས་ཀྱང་བོད་ནང་ཐོབ་ཐང་མ་ཡོད་ཡོད་མདོག་ཀྱིས་བོད་གཞུང་ནས་ཕྱི་འབྲེལ་བྱེད་ཕྱོགས་ཐད་དྭོགས་པ་ཡང་ཡོད་པ་རེད།
ལྔ། དམག་འཁྲུག་བྱུང་རིམ་དང་པོ།
      ཤིང་ཕག་ ༡༨༧༥ ལོར་དབྱིན་ཇིའི་མི་རིགས་ཁ་ཤས་འབྲས་ལྗོངས་ནང་འཆམ་འཆམ་ཡིན་ཚུལ་གྱི་ཡོང་སྟེ་སྣ་ཐོད་ལ་དང་། རྫ་ལེབ་ལའི་ཉེར་འགྲམ་དུ་ཡོང་གི་ཡོད་པའི་གནས་ཚུལ་གསན་མ་ཐག་འབྲས་ལྗོངས་སུ་ས་སྤྱོད་པར་དེ་དོན་བཀའ་འདྲི་གནང་བར། འབྲས་ལྗོངས་ས་སྤྱོད་པས་བཀའ་ལན་དུ་ཁོང་ཚོ་རི་བལྟས་དང་འཆམ་འཆམ་ལ་འགྲོ་གི་ཡོད་པ་ལས་གཞན་དོན་གང་ཡང་མེད་ཁོང་ཚོ་འཆམ་འཆམ་འགྲོ་མིའི་ཚ་ཞག་འཁེལ་ཡུལ་ལ་མགྲོན་ཁང་ཞིག་རྒྱག་ཆོག་པའི་ཞུ་བསྐུལ་བྱེད་ཀྱི་འདུ་ཅེས་ལན་ཕུལ་བ་དང་བོད་གཞུང་ནས་མི་འགྲིགས་པའི་ངོ་རྒོལ་བྱས། དེ་རྗེས་འབྲས་ལྗོངས་ས་སྤྱོད་པས་ཕག་རི་རྫོང་སྡོད་བརྒྱུད་གནས་ཚུལ་འབྱོར་དོན། དབྱིན་ཇི་མི་རིགས་བཅུ་ཐམ་པ་མན་ཇུ་གོང་མའི་ལག་འཁྱེར་དང་བཅས་བོད་དུ་༸སྐྱབས་མགོན་རྒྱལ་བ་ཡབ་སྲས་མཇལ་ཞིང་དབྱིན་བོད་ཚོང་གི་སྐོར་བཀའ་མོལ་དང་མཐུན་ལམ་ཞུ་བར་བཅར་གྱི་ཡིན་ཚུལ་འབྱོར་བ་དེར། བོད་གཞུང་ནས་དབྱིན་ཇིའི་མི་རིགས་ལ་རྒྱ་དཀར་ནག་སུའི་ལག་འཁྱེར་ཡོད་རུང་བོད་ཀྱི་ས་ཐོག་ཏུ་ནམ་ཡང་གཏོང་རྒྱུ་མེད་པའི་ཚོགས་འདུའི་རྒྱས་དཔྱད་གྲུབ་གཤིས་ཕེབས་ཐལ་མེད་པ་དགོས་ཚུལ་གྱི་བཀའ་ལན་གནང་བ་དང་། ཕྱོགས་མཚུངས་གྲོག་མོ་དང་། ཕག་རི། གམ་པ་སོགས་ས་མཐའི་རྫོང་གཞིས་ཁག་དང་མི་སྣ་བསམ་ཤེས་ཐུབ་པ་དག་གིས་བོད་གཞུང་བཀའ་ཤག་ལ་སྙན་ཞུ་རིམ་འབྱོར་བཞིན་བཀའ་ཤག་ནས་ཀྱང་བོད་ལྗོངས་ཚོགས་འདུ་ཡང་ཡང་སྐོང་ཚོགས་དང་སྦྲགས་མནའ་གན་མཐུ་མོ་ཆེ་གཞིར་བཟུང་ཐོག་བྱ་ཐབས་ནུས་ལྡན་སྤེལ་རྒྱུའི་སྙིང་དོན། ལུང་ཐུར་ལ་ཁར་དགྲ་རྫོང་འཛིང་རགས་རྒྱག་རྒྱུ་དང་དམག་མི་སྡོད་ཡུལ་ཁང་པ་གསར་རྒྱག་དང་བཙན་འཛུལ་བ་འགོག་སྲུང་བྱ་ཆེད་དྲག་ཆས་སྤྲད་པའི་བོད་དམག་གོ་ཧྲག་ཆེད་འཛུག་གནང་གཏན་འཁེལ་བ་རེད། སྐབས་དེར་བོད་སྡོད་ཨམ་བན་ནས་ཤོག་སྦུགས་རླུང་ཚང་གིས་དེ་དོན་གོང་མ་རིན་པོ་ཆེར་གསེར་སྙན་སྒྲོན་དགོས་སྐོར་གླེང་བར་བརྟེན་བོད་ནས་མི་སྣ་ཆེད་གཏོང་བྱས་ཀྱང་རྒྱ་བོད་ས་ཐག་རིང་བས་ལོ་འཁོར་གཅིག་ཙམ་འགོར་རྗེས། བོད་སྡོད་ཨ་བན་བརྒྱུད་བཀའ་ལན་འབྱོར་གསལ་ནི་བོད་དང་དབྱིན་ཇི་ས་མཚམས་འགྲིགས་ཐབས་དགོས་པ་ལས་མི་འཚམ་པ་དང་ཐལ་ཆ་བྱུང་ན་མི་འཐུས་པའི་བཀའ་ལན་འབྱོར་བ་རེད། དེ་ནི་དོན་དུ་དབྱིན་ཇིས་བོད་ཀྱི་མཐའ་མཚམས་ལུང་ཐུར་ལ་ཁ་བརྒྱུད་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་པ་དང་། ད་དུང་མ་དག་ཡུས་ཆེའི་ཚོང་འགྲུལ་ཟེར་བ་ཁ་གཡར་ཏེ་སྣེ་གདོང་། མངའ་རིས་སྒར་སར་ཚོང་རྭ་འཛུགས་རྒྱུ་སོགས་ཁུངས་ལུང་གང་ཡང་མེད་པའི་ཁྲིམས་འགལ་གྱི་འདོད་ཚུལ་བཏོན་པར་རྒོལ་ལན་སྤྲད་དེ་རང་གི་བདག་དབང་རང་ཉིད་ཀྱིས་སྲུང་སྐྱོབས་བྱེད་རྒྱུར་ཕན་པའི་བྱ་ཐབས་སྣ་གཅིག་མེད་པར། དེ་ལས་ཟློག་སྟེ་བོད་མི་མང་གིས་བཙན་རྒོལ་རྒྱལ་མཚམས་བརྟན་སྲུང་བྱ་རྒྱུའི་དྲང་བདེན་གནས་ལུགས་ཅན་གྱི་འཐབ་རྩོད་བྱེད་པར་འཇིགས་སྣང་བསྐུལ་ཏེ་ཕྱི་འཇམ་ནང་རྩུབ་དང་ཇུས་མེད་ཇུས་གཏོགས་ཀྱིས་བཙན་བཀའ་ཕབ་པ་ཞིག་ལས་གཞན་ཅི་ཡང་མིན།
       མདོར་དོན་རབ་བྱུང་བཅོ་ལྔ་མེ་ཁྱིེ་ཕྱི་ལོ་༡༨༨༦ འབྲས་རྗོངས་སུ་སྡོད་པའི་དབྱིན་དཔོན་མེ་ཀོ་ལོས་གཙོས་འགོ་དམག་གིས་ཀོ་སྦུག་ཏུ་ངལ་གསོའི་འགྲུལ་ཁང་རྒྱག་རྒྱུའི་སྐོར་འབྲས་ལྗོངས་ས་སྤྱོད་པ་བརྒྱུད་བཀའ་ཤག་ལ་རེ་འདུན་བཏོན་པར་བོད་གཞུང་ནས་དེ་དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་པའི་དམག་དོན་གྱི་བརྟེན་གཞི་ངོ་མ་དེ་ཡིན་པར་ངོས་འཛིན་གྱིས། ས་གནས་སུ་ལྟ་ཞིབ་ཆེད་མཁན་ཆེན་འབྲུག་རྒྱལ་དང་། དབུས་མདའ་དཔོན་ཚ་རོང་དབང་ཕྱུག་རྒྱལ་པོ། གདན་ས་གསུམ་དང་བཀྲིས་ལྷུན་བླ་བྲང་གི་སྐུ་ཚབ་བཏང་སྟེ་ས་གནས་སུ་འབྱོར་ཏེ་གྲོང་སྨད་བཙན་པོ་ཚེ་རིང་དང་། གོང་འཐུས་སོགས་ས་རིས་རྒྱུས་ཅན་མི་རྣམས་ཞིབ་བསྡུར་གྱིས་ལུང་ཐུར་དུ་ཞིབ་བཤེར་ཁང་ངམ། དགྲ་རྫོང་གསར་རྒྱག་བྱེད་རྒྱུའི་ཆག་གཞི་བཀའ་ཤག་ལ་ཕུལ་བས་ཕྱག་རྟགས་དགོང་དོན་བཞིན་མདའ་དཔོན་གསར་བྱུང་ཅན་བསྐོ་རྫོང་གིས་ལུང་ཐུར་ལ་དགྲ་རྫོང་བརྩེགས་པ་རེད། དེའི་སྐོར་སྲིད་དོན་རྒྱལ་རབས་ལས། མེ་ཕག་༡༨༨༧ ལོར་ལུང་ཐུར་དུ་ཞིབ་བཤེར་ཁང་དང་། དགྲ་རྫོང་གཅིག་ལྕོགས་གསར་རྒྱག་ཐོག་དགྲ་རྫོང་གི་མགྲོན་ཁང་ནང་སྒྲིག་གཤོམ་བྱེད་རྒྱུའི་པེ་ཧར་རྒྱལ་པོའི་རྟེན་མདོས་དང་། རྡོ་རྗེ་གྲགས་ལྡན་གྱི་སྐུ་གསོབ་བཅས་གསར་བཞེངས་རྩེ་གཟིམས་ཆུང་ཉི་འོད་དུ་རབ་གནས་གནང་སྟེ་གནས་ཆུང་ཆོས་རྒྱལ་སྤྱན་འདྲེན་སྐབས་ཆོས་སྐྱོང་མི་དགྱེས་པའི་ཚུལ་གྱིས། འདིས་དགྲ་བོ་ཕར་མི་གཞོམ་པའི་སྟེང་དུ་ཚུར་རྒོལ་བྱུང་ན་ཇི་ལྟར་བྱེད་ཅེས་འཇིགས་དངངས་ཀྱི་རྣམ་པས་ཕྱིར་བྲོས་ཚུལ་བསྟན་ཡོད་རུང་། གང་ལྟར་རྟེན་མདོས་དང་། སྐུ་གསོབ་སྒྲིག་གཤོམ་དང་འབྲེལ་རྒྱུན་བསྐང་པ་ཇ་མ་བཅས་པ་དང་། ས་སྲུང་འགོ་པ་གཅིག་དམག་དཀྱུས་ཉི་ཤུ་རྩ་ལྔ་བཅས་བཙུགས་པ་རེད། ཅེས་གསལ་བ་ལྟར་ཞི་དྲག་སྤྱི་འདོམས་སུ་རྩིས་དཔོན་ལྕལ་ལོ་ཅན་རྡོ་རྗེ་རིག་འཛིན་གཙོ་བོར་བྱས་པའི་ས་སྲུང་འགོ་དམག་ཁག་གཅིག་བཞག་པ་མ་ཟད། ལྷོ་བྲག་དང་མོན། མཚོ་སྣ་བཅས་ནས་མཐའ་སྲུང་འགོ་དམག་ཧོར་ཁང་པ་དང་། དིང་རི་མདའ་དཔོན་བདེ་སྨོན་བདུད་འདུལ་རྡོ་རྗེ་བཅས་བསྐོ་བཞག་མི་གནང་མཐུ་མེད་བྱུང་འདུག །དབྱིན་ཇིའི་སྐུ་ཚབ་པེ་ཅིང་བཅའ་སྡོད་པས་མན་ཆིང་སྲིད་གཞུང་ལ། བོད་སྲིད་གཞུང་གིས་ང་ཚོ་དབྱིན་ཇི་བས་བོད་ཀྱི་ས་ཆར་བསྐྱོད་མཚམས་འཇོག་དགོས་ཞེས་དང་། ལུང་ཐུར་ལ་དགྲ་རྫོང་འཛིང་རགས་གསར་རྒྱག་དང་འབྲེལ་མཐའ་སྲུང་དམག་དཔུང་ཆེད་འཛུགས་ཀྱིས་དབྱིན་གཞུང་གིས་བོད་དུ་ཚོང་ལས་བྱེད་པར་བཀག་འགོག་བྱེད་ཀྱི་འདུག་པས་དེ་དག་མཚམས་འཇོག་དགོས་པ་ཟད། སྲུང་དམག་ཕྱིར་འཐེན་བྱེད་དགོས་ཤིང་གལ་ཏེ་ལུང་ཐུར་ལའི་དགྲ་རྫོང་དེ་དག་གཏོར་ནས་བོད་དུ་བསྐྱོད་རྒྱུ་ནི་ཡུད་ཙམ་ཞིག་ལ་བསྒྲུབ་ཐུབ། འོན་ཀྱང་སྔ་ཆར་མ་ཆད་གོང་ནས་དགོང་ཆར་བབས། ཟེར་བ་ལྟར་བྱེད་འདོད་མེད་པས་སྔ་འཕྲོས་མན་ཆིང་སྲིད་གཞུང་གིས་བོད་ལ་གོང་དོན་བརྡ་ཁྱབ་བྱེད་དགོས་ཞེས་འདོད་ཚུལ་བཏོན། སྐབས་དེར་མན་ཆིང་གོང་མ་ནས་ལུང་ཐུར་དགྲ་རྫོང་བཤིག་ནས་བོད་དམག་ཕྱི་འཐེན་དགོས་ཚུལ་འབྱོར་ཡང་བོད་ཕྱོགས་ནས་རྒྱ་བོད་ཆོས་ཡོན་གྱི་འབྲེལ་བ་ལེགས་ལམ་ཡོང་ཆེད་གུ་ཡངས་ཀྱི་རྣམ་པས་ཐོག་ནས། མ་གཞི་གནམ་བསྐོས་གོང་མས་བཀའ་ཅི་གནང་སྲུང་བརྩི་ཞུ་རྒྱུ་ནི་འོས་འགས་ལྟ་བུ་ཡིན་རུང་། འོན་ཀྱང་ལུང་ཐུར་ས་ཁུལ་ནི་བོད་ཀྱི་རྒྱ་སྒོ་ཡིན་པས་སྒོ་དེ་ཕྱེས་ན་རྐུན་པོ་ནང་དུ་བསུས་པ་དང་ཁྱད་པར་མེད་པས། ལྷོད་གཡེང་བསྐྱུར་འཇོག་བྱས་ཚེ་རང་ས་མི་ལག་ཏུ་ཤོར་རྒྱུ་ལས་མེད་པ་དང་ལུར་ཐུར་ནི་བོད་ཀྱི་ས་ཁུལ་སྙོན་མེད་ཅིག་ཡིན་ཚུལ་དང་ཕྱི་གླིང་པས་མ་བདག་བདག་བཟུང་གིས་འཁྲུག་རྐྱེན་རྩོད་གླེང་བཟོས་པ་དེར་ང་ཚོས་ནམ་ཡང་གོམ་བཤོལ་བྱ་ཐབས་མེད་ཚུལ་གྱི་བཀའ་ལན་ཞིག་ཨ་བན་ལ་ཕུལ། དེ་སྐབས་སུ་བོད་གཞུང་ཕྱོགས་གཅིག་ནས་མན་ཆིང་སྲིད་གཞུང་གི་བཀའ་ལ་བརྩི་བཀུར་ཞུ་ཁུལ་དང་། ཕྱོགས་གཞན་ནས་བོད་མི་མང་གི་དཔའ་ངར་ཆེ་བའི་དབྱིན་འགོག་འཐབ་རྩོད་ཀྱི་བདེན་དོན་ལ་ཐ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པར་བརྟེན་དེ་ལྟར་མ་བྱས་དཀའ་མེད་བྱུང་བ་མ་རེད་དམ།
       འབྲས་ལྗོངས་ཡུལ་མི་ཁག་གཅིག་གིས་ཀྱང་ཆོས་དང་མི་རིགས་གཅིག་གྱུར་གྱི་ལ་རྒྱ་བཟུང་ནས་སྐབས་དེར་དབྱིན་ཇའི་གནས་ཚུལ་རྣམས་བོད་ཐོག་ཏུ་བཏང་གནང་གི་ཡོད་པ་དཔེར་ན། དབྱིན་དམག་གིས་ཇུས་འགོད་བྱས་པ་ནས་གསང་གྲོས་ཤེས་ཚོར་བྱུང་བ་སྟེ་བོད་དམག་དང་འཐབ་ར་འཕྲོད་ཚེ་གོ་ལག་སོགས་གང་གི་སྒོ་ནས་རང་ཅག་དབྱིན་ཇིའི་ཕྱོགས་ལ་རྒྱལ་ཁ་ཐོབ་རྒྱུ་སྨོས་མེད་ཡིན་རུང་། སྤྱིར་བོད་མི་རྣམས་དཔའ་སྙིང་སྟོབས་དང་གླེན་རྟགས་ཚ་ལ་ངར་ཤུགས་ཆེ་བ་དང་། ལྷག་པར་གདོང་ཐུག་གི་དྲག་སྤྱོད་ལ་བྱང་ཆུབ་པ་ཡོད་ཚུལ་དང་གྲི་གཡུག་རྒྱུ་དང་། མདུང་བསྣུན་རྒྱུ་སོགས་ལ་མཁས་པས་ཡ་ལན་སྤྲོད་དཀའ་བ་དང་། ལྷག་པར་ནགས་གསེབ་ལ་འཚོ་སྡོད་དང་མཆོང་རྩལ་ལ་མཁས་པ་གབ་ཡིབ་སོགས་ལ་སྤྲེའུ་ནང་བཞིན་ཡོད་ཚུལ་བཤད་ནས་དབྱིན་ཇིས་མེ་སྒྱོགས་དང་། མེ་མདའ་ལ་བརྟེན་ནས་རྒྱང་རིང་ནས་བོད་དམག་ཕམ་པར་བཟོ་དགོས་པའི་དམག་ཇུས་བཏིང་བ་སོགས་བོད་ཀྱི་དཔུང་སྟོབས་ལ་ཞིབ་ནན་བྱེད་ཚུལ་གདེངས་ཚོད་བྱེད་སྟངས་སོགས་ཀྱི་གསང་གནས་རིིམ་འབྱོར་ཡོང་གི་ཡོད་འདུག ཕྱི་ལོ་༡༨༨༧ ལོར་དབྱིན་ཇིའི་དམག་དཔོན་ཎ་ཨེར་ངོ་མས་བཀོད་སྒྲིག་འོག་གོརྵའི་གླས་དམག་ཉིས་སྟོང་ལྷག་ཙམ་དང་། དམག་གི་མཁོ་སྒྲུབ་བཟང་ཆས། དེ་དག་བསྐྱེལ་འདྲེན་བྱེད་མཁན་ཀུ་ལི་ཞེས་པ་གླ་པ་མི་གྲངས་ཆིག་སྟོང་སྐོར། རྟ་དང་ཁལ་གཡག་འབོར་ཆེན་བཅས་ལུང་ཐུར་ལའི་ཉེ་འདབས་སུ་ཡོང་ནས་དེར་བབས་ཚུགས་ལྟེ་བ་བཙུགས་ནས་ཟམ་པའི་ཉེ་འགྲམ་དུ་བཙན་འཛུལ་དམག་གྲབས་ཨང་གསར་ཐོག་ས་བབ་ཉམས་ཞིབ་ཀྱང་བྱས་པ་རེད། དེའི་ཕྱི་ལོ་སྟེ་ ༡༨༨༨ ལོར་དབྱིན་ཇིའི་དམག་དཔོན་ཎ་ཨེར་གྱིས་སྣེ་འཁྲིད་དེ་དགྲ་དམག་ཉིས་སྟོང་ལྷག་ཙམ་གྱི་གློ་བུར་དུ་ལུང་ཐུར་དུ་ཚུལ་རྒོལ་བྱས་པར་བོད་དམག་རྣམས་ཀྱིས་རང་སྲུང་རྒོལ་ལན་བསློགས་ཏེ་དམག་ཆས་ས་མདོག་གྱོན་པའི་དབྱིན་དམག་ཁ་ཤས་བསད་པས་དབྱིན་དམག་རྣམས་ངོ་ཚ་ཁ་སྐྱེངས་ཀྱིས་ཕྱི་འཐེན་བྱས་རུང་། དེའི་ཕྱིན་ཉིན་མུ་མཐུད་ཚུར་རྒོལ་བྱས་པར་བོད་དམག་ནས་སྲོག་ལ་ཐུག་ཀྱང་ཕར་རྒོལ་གྱིས་རང་ས་བརྟན་སྲུང་གི་དམ་བཅའ་བརྟན་པོར་བཞག་རྗེས་ཛ་དྲག་ཆེ་བའི་དམག་འཁྲུག་བྱས་པ་རེད། སྐབས་དེའི་དམག་འཁྲུག་བྱེད་སྟངས་ཀྱི་ཐད་ནས་བཤད་ན། དགྲ་ཕྱོགས་ཀྱིས་མེ་སྒྱོགས་དང་མེ་མདའ་དྲག་ཆར་བབ་པ་ལྟར་འཕེན་བཞིན་པའི་འགེབ་སྲུང་འོག་རྟ་དམག་དང་རྐང་དམག་རྣམས་རུ་བསྒྲིགས་ནས་ཡོང་གི་ཡོད་པ་དང་། བོད་ཕྱོགས་ནས་ཀྱང་འགོ་དམག་ཚོ་གཅིག་ནགས་གསེབ་ཏུ་གབ་སྡོད་ཀྱིས་དབྱིན་དམག་ཉེ་འགྲམ་དུ་སླེབས་མཚམས་བོད་མདའ་རྒྱང་འཕེན་གྱིས་འགེབ་སྲུང་དང་། གདོང་མཆོང་པ་གྲྭ་བཞི་རུ་དཔོན་དངོས་བཞི་བ་དང་། དིང་རི་བརྒྱ་དཔོན་དངོས་གྲུབ་ཚེ་རིང་གཉིས་ནས་ཀི་སྒྲ་དང་པོ་བསྒྲགས་པ་དང་དུས་མཚུངས་བོད་དམག་བྱིང་རྣམས་ཀྱིས་གྲི་དང་། མདུང་། སྟ་རེ་སོགས་འཁྱེར་ཏེ་དགྲ་བོའི་སྙིང་རྩ་འདར་དགོས་པའི་ཀི་སྒྲ་གནམ་ས་གཡོ་བ་ལྟ་བུ་དུས་གཅིག་ཏུ་བསྒྲགས་ནས་ཛ་དྲག་ཆེ་བའི་ཕར་རྒོལ་དྲག་པོས་རང་རང་གི་ལག་ཏུ་མཚོན་ཆ་གང་ཡོད་སྤྱད་དེ་དམར་འཛིང་བྱས། མཐར་དབྱིན་དམག་བརྒྱ་ལྷག་དང་རང་ཕྱོགས་ནས་བོད་མི་རིགས་ཀྱི་དཔའ་བོ་དིང་རི་བརྒྱ་དཔོན་དངོས་གྲུབ་ཚེ་རིང་གིས་གཙོས་འགོ་དམག་བཅོ་བརྒྱད་དཔའ་ངར་ཆེན་པོའི་རང་སྲོག་དོར་བ་རེད། གཡུལ་ས་ཁག་གཉིས་ཡོད་པས་ལུང་ཐུར་ལ་རྩེའི་མདུན་ཕྱོགས་སུ་འཛིང་རག་ཁག་གཉིས་བརྒྱབས་ཡོད་པ་དེ་དབྱིན་དམག་གིས་གཙང་ལེན་བྱ་རྒྱུའི་ཆག་གཞིའི་ཐོག་མེ་མདའ་དང་མེ་སྒྱོགས་གྲངས་མེད་འཕངས་ཀྱང་འཛིང་རག་ཁག་གཉིས་ནང་རང་དམག་ཚོས་རང་སྲོག་བློས་བཏང་གིས་མཆོད་སེམས་བརྟན་པོར་བཙུགས་ཏེ་བོད་མདའ་དང་། གྲི་མདུང་འུར་རྡོ་སོགས་ཀྱིས་དགྲ་བོའི་མཚོན་ཆ་ནུས་ལྡན་དག་ལ་ཁ་གཏད་བཅོག་རྐྱེན་དགྲ་རྫོང་མདུན་དུ་བཅར་མ་ཐུབ་པར་འུ་ཐུག་སྟེ་ཕྱིར་འཐེན་བྱ་ཉེ་མཚམས་སུ་བསླེབས་སྐབས། སྟབས་མ་ལེགས་པ་ཞིག་ལ་བོད་ཕྱོགས་ནས་རྫས་མདེལ་རྫོགས་སྟབས་མགྱོགས་པོ་རྫས་མདེལ་མཁྱེར་ཤོག་ཅེས་འབོད་བརྡ་གླེན་རྟགས་ཚ་པོ་ཞིག་བསྟན་ཤོར་བས་དགྲ་ཕྱོགས་སུ་བོད་སྐད་ཤེས་མཁན་ཚོས་ཐོས་ཏེ་དགྲ་དམག་ཁྲོད་དུ་གནས་ཚུལ་དེ་བརྡ་ཁྱབ་བྱས་པས་ད་ནི་ཕྱིར་འཐེན་བྱེད་དགོས་པ་མི་འདུག །ང་ཚོར་གོ་སྐབས་བཟང་པོ་ཐོབ་སོང་ཞེས་ཕྱོགས་གཅིག་ནས་ལུང་ཐུར་དགྲ་རྫོང་ལ་ཐག་རིང་ནས་མེ་སྒྱོགས་མང་པོ་ཁ་བསྒྲིགས་ནས་སེར་བ་བབ་པ་ལྟར་བརྒྱབས་པའི་འགེབ་སྲུང་འོག་དགྲ་དམག་རྣམས་ནགས་ལ་མེ་ལྕེ་མཆེད་པ་བཞིན་དུ་ཚམ་ཚོམ་མེད་པར་མདུན་ཕྱོགས་སུ་སྲོག་སྡོས་ཀྱིས་མཆོང་ནས་དམག་ཤུགས་གང་ཡོད་ཀྱིས་ཚུར་རྒོལ་བྱས། རང་དམག་རྣམས་དཔའ་སྟོབས་ཆེ་ཞིང་རང་ས་དང་བསྟན་སྲིད་བརྟན་སྲུང་བྱེད་པར་ཁ་ཞེ་གཉིས་མེད་ཀྱི་རྡོག་རྩ་གཅིག་ཏུ་སྒྲིལ་བས་ཐ་ན་རྦབ་རྡོ་སྒྲིལ་བ་སོགས་འཐབ་འཛིང་ཛ་དྲག་བྱས་པར་བོད་མི་རིགས་ཀྱི་དཔའ་སྟོབས་ལ་ཁ་གཏད་དགྲ་བོ་ཡང་ཧ་སངས་ཡོད་པ་རེད། མདོར་ན་གོ་ལག་བཟང་ངན་གྱི་དབང་ལས་བོད་མི་རིགས་ཀྱི་དཔའ་བོ་རྣམས་ནི་རང་སྲོག་ཕངས་མེད་ཀྱིས་དགྲ་བོར་ལག་འཛིང་གདོང་མཆོང་བྱེད་རྒྱུ་ཙམ་ལས་དམག་དོན་རིགས་པའི་གཞུང་ལུགས་དང་མཐུན་པའི་ལག་བསྟར་གྱི་ཐབས་ཤེས་གང་ཡང་མེད་པ་དང་། དགྲ་ཕྱོགས་ལྟ་བུར་མཚོན་ན་དམག་རྩལ་ཉམས་མྱོང་ལ་བྱང་ཆུབ་པ་དང་དེང་དུས་ཀྱི་འཕྲུལ་མདའ་དང་མཐོན་གསར་གོ་མཚོན་རིགས་ཇི་སྙེད་ཡོད་པས་ཇི་ལྟར་འཐབ་ཀྱང་སྒོང་ང་བྲག་ལ་བཞུས་པའི་ངང་ཚུལ་གྱི་ཕྱི་འཐེན་མི་བྱེད་དཀའ་མེད་ཆགས། གཡུལ་གྱི་བྱ་བ་ནི་རྒྱལ་ན་དཔའ་ཞིང་སྙིིང་སྟོབས་རྒྱས་པ་དང་ཤོར་ན་དཔའ་བོ་ཡིན་ཡང་སྐབས་ཤིག་སྙིང་ཁམས་ཞུམས་པ་ཆོས་ཉིད་ཡིན་པ་ལྟར་གཡུལ་འཁྲུག་གི་ཡོ་ལང་དེའི་འོག་བོད་དམག་གི་འགོ་དམག་ཁ་ཤས་ཀྱང་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། ཞི་དྲག་འགོ་དཔོན་བཀའ་གུང་ལྷ་ཀླུ་དང་། དེ་མིན་འགོ་དམག་གང་འཚམ་ལུང་ཐུར་ནས་ཕྱིར་འཐེན་གྱིས་ནག་ཐང་དུ་སྒར་བབས་ནས་དམག་བརྩིས་གྲངས་གཤེར་བྱེད་སྐབས། མདའ་དཔོན་ཟུར་ཁང་དམག་ས་ནས་འབྲུག་པའི་སར་བྲོས་ཟིན་པ་དང་། རྩིས་དཔོན་ལྕང་ལོ་ཅན་ཡང་རྟ་ཟག་པ་ཞིག་ལ་བཞོན་ནས་ཕག་རི་ལ་བྲོས་པའི་གནས་ཚུལ་བཅས་མཐོང་། གནས་ཚུལ་འདི་ལྷ་སར་ཐོས་དུས་། ལྷ་སའི་ནང་དུ་འཕྱ་སྨོད་ཀྱི་གཞས་འདི་འདྲ་ཞིག་བཏང་འདུག ལྷ་ཀླུ་ལོག་ནས་ཕེབས་བྱུང་།། སེ་ཧྲིལ་བསྐྱལ་ནས་ཕེབས་བྱུང་།། ཚེ་གང་བརྒྱབ་པའི་དགྲ་རྫོང་།། ཞོགས་གང་གཅིག་ལ་གཏོར་སོང་།། ང་ཕོད་ངར་ཁག་གནང་གིས།། ཟུར་ཁང་ཟུར་ནས་ཐེགས་སོང་།། ལྕང་ཅན་སྤྱང་རང་དྲག་ནས།། ཟག་པ་བྱ་ལས་མགྱོགས་པ།། ཞེས་བཏང་བ་རེད། སེ་ཧྲིལ་ཞེས་པ་ནི་ཁྲོ་ལུགས་བརྒྱབ་པའི་མེ་སྒྱོགས་སེ་ཧྲིལ་ཞེས་པ་གཉིས་བཙུགས་ཡོད་པ་དེ་དབྱིན་ཇིར་ཤོར་བ་གོ་དགོས་པ་སྲིད་དོན་རྒྱལ་རབས་ལས་བཤད། ནག་ཐང་ཞེས་པའི་ས་ཆ་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ ༡༣༥༥༠ ཡོད་པའི་མཐོ་སྒང་ཞིག་ཡིན་པ་དང་དེར་དམག་སྒར་བརྒྱབ་སྟེ་བཙན་འཛུལ་འགོག་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ་འཛིང་རགས་བརྒྱབ་སྟེ་དམག་མི་སྟོང་ཁྲག་ཁ་ཤས་མཉམ་འཛོམས་ཡོད་སྐབས། དགྲ་བོས་ཤེས་ཏེ་གློ་བུར་དུ་མེ་མདའ་དང་སྒྱོགས་མདེལ་ཆར་པ་བབས་པ་བཞིན་འཕངས་པས་བོད་དམག་རུབ་སྡོད་མ་ཐུབ་པར་རི་ཐང་ནགས་གསེབ་སོགས་སུ་ཁ་གྲམས་ནས་བསྡད། ཉེ་འགྲམ་དུ་དབྱིན་དམག་སྒར་བབས་ནས་བསྡད་སྐབས་རྒྱ་སྦྱོང་དམག་མི་ཁག་གཅིག་དང་། ཤོར་སྟ་ལྷོ་གསུམ་གྱི་ཡུལ་དམག་བཅས་ནས་དབྱིན་དམག་ཐོག་ཚན་འགེབས་བརྒྱབ་སྟེ་དགྲ་བོ་ཕོན་ཆེ་བསད་རྨས་བཏང་། འོན་ཀྱང་གོ་མཚོན་བཟང་ངན་དམག་འཐབ་ཀྱི་ཇུས་བཀོད་སོགས་ཕྱོགས་གང་ས་ནས་དགྲོ་བོའི་ཕྱོགས་ལ་བཟང་བ་ཡོད་སྟབས་བོད་དམག་རྣམས་ཆུ་འབི་ཕྱོགས་ཕྱིར་འཐེན་དང་སྦྲགས། དགྲ་རྫོང་ཤོར་བ་ནས་དམག་འཐབ་ཇི་བྱས་དང་འབྱུང་འཆར་གང་བྱེད་སྐོར་བཀའ་གུང་ལྷ་ཀླུ་ཡེ་ཤེས་ནས་ལྷ་སར་སྙན་ཞུ་ཞིག་ཕུལ་བས། སྲིད་སྐྱོང་ནས་གནས་ཆུང་ལུང་ཞུ་ཕུལ་བའི་བཀའ་ཕྱིར་ཕེབས་སུ་གསུངས་གསལ། དང་པོར་བརྩམས་པའི་བྱ་བ་གང་།། ཐུག་མཐའ་འཁྱོལ་བ་གནད་དུ་ཟབ།། ཅེས་ཕེབས་པར་མུ་མཐུད་དབྱིན་འགོག་དམག་འཁྲུག་བྱེད་རྒྱུ་གཏན་འཁེལ་གྱིས་མདའ་དཔོན་ཕུན་རབ་པ་དང་། རྩེ་གྲོགས་བྱམས་པ་བསྟན་འཛིན་གཉིས་ཀྱི་ཐོག་འཕྱོངས་རྒྱས། འོན། འོལ་དགའ། ལྷོ་བྲག །དར་མ། ལྷ་ཁང་། སེར་རྫོང་སོགས་ནས་ཡུལ་དམག་བསྡུ་རྫོངས་ཀྱིས་ཁྱོན་དམག་གྲངས་ ༢༨༠༠ སྐབས་འཕྲལ་གཡུལ་སའི་ཕྱོགས་སུ་ཤད་རྫོངས་བྱས་པ་རེད།
       དེ་སྐབས་ཀ་ལི་ཀ་ཏ་ཡུལ་ནས་ལྷག་པའི་ཨ་སིབ་ཅེས་པ་ཞིག་གིས་འབྲས་ལྗོངས་ཀྱི་ཕོ་གདོང་བླ་མ་དང་། མགྲོན་གཉེར་ཁང་གསར་གཉིས་བཏང་བ་ལྟར་བོད་དུ་བསླེབས་ནས་དབྱིན་བོད་གཉིས་བར་ཞི་མཐུན་བྱུང་ན་ལེགས་ཚུལ་དང་བོད་པས་དབྱིན་ཇིའི་ཚོང་འབྲེལ་ལ་ངོས་ལེན་རྩ་བ་ནས་མ་བྱས་པས་བོད་ནང་འཛུལ་དགོས་བྱུང་བ་རེད། ཅེས་དང་མ་ཟད་གོར་རྒྱལ་གྱི་མིང་ཐོག་ནས་བོད་དབྱིན་དབར་འདུམ་འགྲིག་བྱེད་རྒྱུའི་འདུན་པ་ཡོད་ཚུལ་གྱི་ཡི་གེ་བཏང་གི་ཡོད་པ་དང་མན་ཆིང་སྲིད་གཞུང་ནས་ཀྱང་ཕལ་རྒོལ་བྱེད་མི་ཉན་པའི་བཀའ་མངགས་ཡིན་ཚུལ་གྱིས་ཨམ་བན་ཧྲིང་ཐའེ་གཡུལ་ས་ཡོང་ནས་གྲོག་མོ་རིན་ཆེན་སྒང་དུ་ཡོད་པའི་བོད་དམག་ཁྲི་གཅིག་ལྷག་ཙམ་ཡོད་པ་དེ་ཕྱིར་འཐེན་བྱེད་དགོས་ཀྱི་བཀའ་ཕབ་པ་སོགས་བྱས། འོན་ཀྱང་སྐབས་དེར་དབྱིན་ཕྱོགས་ནས་དམག་ཕྱིར་འཐེན་བྱ་རྒྱུའི་ཚབ་ལ་ལྐོག་ཏུ་དཔུང་སྣོན་མང་ཙམ་བརྒྱབ་ཀྱི་ཡོད་པ་རེད། བོད་ཕྱོགས་ནས་ཀྱང་ལུང་ཐུར་དགྲ་རྫོང་དུ་བྱུང་བའི་ཕམ་ཉེན་གྱིས་གཉའ་མ་ཆགས་པར་དགྲ་བོར་འཁོན་འཛིན་དང་རྒོལ་གཏམ་མང་པོ་བསྒྲགས་པ་མ་ཚད། ལྷ་གསོལ་ཀླུ་མཆོད་བསང་གསོལ་ཚུན་ཆད་བྱས་ཏེ་བཙན་འཛུལ་བ་མགྱོགས་མྱུར་བོད་ནས་མཐར་སྤྲོད་བཏང་ཐུབ་རྒྱུའི་རེ་སྨོན་ཚུན་ཆད་བྱས། ཨམ་བན་ཧྲིང་ཐའི་ལ་མན་ཆིང་གོང་མ་ནས་མན་ཆིང་གོང་མ་ཆེན་པོའི་སྐུ་ཚབ་ཅེས་པའི་མིང་གནས་ཐོབ་པ་དང་བོད་དབྱིན་ཞི་གྲོས་བྱེད་པའི་དབང་ཚད་ཚང་མ་ཡོད་ཚུལ་གྱི་གྲོལ་མོལ་བྱས་པ་བརྒྱུད་ཀ་ལི་ཀ་ཏའི་ཆིངས་ཡིག་ཅེས་པ་འདྲ་མཉམ་མིན་པའི་ཆིངས་ཡིག་དོན་ཚན་བཅུ་ཅན་བཞག དེ་ནས་བཟུང་བོད་མི་ཚོར་ཨམ་བན་ཧྲིང་ཐའི་བརྒྱུད་མན་ཆིངས་རྒྱལ་རབས་ཀྱིས་དབྱིན་ཇའི་འདོད་ཚུལ་ལྟར་བྱས་པ་ལས་བྱུང་བའི་ངན་འབྲས་ཡོངས་སུ་སྨིན་པའི་ཚུར་སྣང་གི་ལན་ཆ་གསར་རྟོགས་བྱུང་རྐྱེན་བཙན་རྒོལ་རྒྱལ་གཅེས་པ་རྣམས་ཀྱི་རེ་བ་དེ་རེ་ཞིག་མི་མངོན་ནམ་མཁའི་དབྱིངས་སུ་ཡལ་བ་ལྟར་གྱུར། དབྱིན་བོད་དམག་འཁྲུག་དང་པོ་དེ་བོད་ཕྱོགས་སུ་ཕམ་ཉེས་ཡོང་དགོས་པའི་རྒྱུ་མཚན་ཁ་ཤས་ཡོད་པ་སྟེ། དམག་མི་རྣམས་བསྐུལ་ལྷོང་དང་སྦྱོང་བརྡར་ཡག་པོ་བྱེད་མ་ཐུབ་པ་དང་། ཁག་གཅིག་ཡུལ་དམག་ཡིན་པར་སོང་སྒྲིགས་ལམ་ཡང་ཡག་པོ་སྲུང་ཤེས་ཀྱི་མེད་པ་དང་། རྫས་མདེལ་དང་དམག་གི་མཁོ་ཆས་ཡག་པོ་སྤྲོད་མ་ཐུབ་པ་དང་། ཕན་ཚུན་གོ་ལག་བཟང་ཞན་ཧ་ཅང་ཆེ་བ་འཆར་གཞི་དང་སྒྲིག་འཛུགས་ལྡན་པའི་སྒོ་ནས་དམག་ཇུས་བཀོད་སྒྲོག་ལེགས་པོ་བྱེད་མ་ཐུབ་པ། ཇུས་གཏོགས་མ་ཡོད་ཡོད་མདོག་གི་ཨམ་བན་ཧྲི་ཐའི་ཡིས་བཙན་རྒོལ་དྲག་འཐབ་བྱ་རྒྱུ་འགོག་རྐྱེན་གང་མང་བཟོས་པས་བྱུས་ཉེས་ཐེངས་དང་པོ་དེ་བྱུང་བ་རེད། དེའི་སྐོར་ལ་ཉི་ཧོང་གི་མི་རིགས་ཀྲོ་ཀན་ནས་བྲིས་པ་སྲིད་དོན་རྒྱལ་རབས་སུ་དྲངས་པ་ལས། བོད་དམག་དང་པོ་ཐུག་ཡ་དེ་ཉིན་གུང་ཙམ་ལ་རེད། བོད་པས་ཁ་གཏད་བྱེད་ཐུབ་ཡ་ཡོད་མ་རེད། དབྱིན་ཇིའི་དམག་མིར་འགྲིམ་འགྲུལ་དང་། གནམ་གཤིས་ཀྱི་དཀའ་ངལ་ལས་གཞན་གང་ཡང་མེད། བོད་པའི་དམག་མི་ཚོས་ཐོན་གསར་འཕྲུལ་ལྡན་གྱི་གོ་ལག་འཁྱེར་བའི་དབྱིན་ཇིའི་དམག་དེ་ཚོ་དང་མཉམ་དུ་དམག་རྒྱག་ཐུབ་པའི་སྦྱོང་བརྡར་དང་། འཆར་གཞི་སོགས་རྩ་བ་ནས་ཡོད་པ་མ་རེད། བོད་གཞུང་གི་སྔར་གྱི་ལུགས་སྲོལ་ལྟར་དམག་ལ་དགོས་པའི་དུས་ཤར་ཚེ་གྲྭ་པ་མ་ཐེ་བའི་མི་སེར་སྐྱ་བོ་ལོ་བཅོ་བརྒྱད་ནས། དྲུག་ཅུའི་བར་ཚང་མ་བརྒྱགས་ཕྱེ་རང་འཁུར་བྱས་ཏེ་འགུགས་འབོད་བྱས་པ་ཤ་སྟག་ལས། ཁོང་ཚོར་དམག་མིའི་སྦྱོང་བརྡར་དང་། ཉམས་མྱོང་རིགས་ཡོད་པ་མ་རེད། ཁོ་ཚོར་ཞེ་མཚུངས་ཀྱི་གྱོན་ཆས་ཀྱང་ཡོད་པ་མ་རེད། དེ་བཞིན་སྒྲིགས་འཛུགས་ཀྱང་མེད་པས་རྒན་གཞོན་ཚང་མ་ཟིང་ཟིང་ལོང་ལོང་བྱས་ཏེ་འགྲོ་སྡོད་བྱེད་པ་རེད། ཁོང་ཚོ་དགྲའི་མདུན་དུ་སླེབས་པའི་ཚེ་སྐད་ཀྱི་ཤུགས་གང་ཐོན་ཐོན་གྱི་ཀི་སྒྲ་རྒྱག་ཡ་དེ་ཁོ་ཚོའི་ཡོད་ན་མེད་ན་ཞིག་རེད། ཀི་སྒྲ་རྒྱབ་ཙང་དགྲ་ཕྱོགས་ནས་ལམ་སང་མི་ཤུགས་ཆེན་པོ་ཞིག་འདུག་བསམས་ཏེ་འཛིང་ཡ་གི་བསྐུལ་མ་བྱེད་ཀྱི་ཡོད་པ་རེད། འཁྲུག་འཛིང་ཐུག་པ་དང་ཁོ་ཚོ་ག་ས་ག་ལ་སྲོག་མགོ་གང་ཐོན་བྱས་ཏེ་བྲོས་ཡིབ་བྱེད་ཀྱི་ཡོད་པ་རེད་ཅེས་བྲིས་འདུག །
དྲུག དམག་འཁྲུག་བྱུང་རིམ་གཉིས་པ།
འདྲ་མཉམ་མིན་པའི་ཆིངས་ཡིག་གི་དོན་གནད་ལ་བོད་གཞུང་ནས་བཙན་རྒོལ་དྲང་བདེན་གྱི་ལམ་དུ་བསྐྱོད་དེ་ལག་བསྟར་མ་བྱས་པ་ལ་བརྟེན་དབྱིན་ཇི་བའི་བཙན་འཛུལ་གོམ་སྟབས་དེ་ལམ་ལྷོང་ལེགས་གྲུབ་མ་བྱུང་བས་ཁོང་ཁྲོ་ཆེན་པོ་ལངས་པ་རེད། དེར་བརྟེན་དབྱིན་ཇི་པས་བོད་ཕྱོགས་ནས་རབས་བྱུང་ན་ཏ་ལའི་བླ་མའི་སྐུ་ཚབ་དང་ཡང་ན་བོདགཞུང་མི་ངོ་དོན་ཆོད་བོད་བསྐྱོད་ཚོང་འགྲུལ་གྱི་སྐོར་ལ་སྐད་ཆ་བྱེད་དགོས་ཚུལ་གྱི་སྙན་ཞུ་བཀའ་ཤག་འབྱོར་བྱུང་བ་བཞིན། བཀའ་ཤག་གི་ངོ་ཚབ་མཁན་དྲུང་བློ་བཟང་འཕྲིན་ལས་དང་། དབུས་མདའ་དཔོན་ཚ་རོང་དབང་ཕྱུག་རྒྱལ་པོ། ལས་བྱ་རྩེ་དྲུང་དགེ་འདུན་ཆོས་དར། བརྒྱ་དཔོན་འགྱུར་མེད་ཚེ་བརྟན་བཅས་ལ་ངོ་གཡོག་སྐུ་སྲུང་ལྡིང་དཔོན་བཅས་བཀོད་སྒྲིག་གིས་གྲོག་མོ་རུ་ཐུག་གཏེན་འཁེལ་མཚམས་སུ་ཡང་དབྱིན་ཇིས་གྲོས་མོལ་བྱ་ཡུལ་དེ་གམ་འབྲས་ས་མཚམས་བྱེད་རྒྱུར་དང་རྒྱ་བོད་མི་སྣ་གམ་པ་རྫོང་དུ་གཏོང་གནང་ཡོད་པ་ཞེས་འབྱོར་པ་ལྟར་མི་སྣ་རྣམས་གམ་པ་ས་གནས་སུ་བཏང་། སྐབས་དེར་དབྱིན་དམག་ཉིན་བརྒྱ་ལྷག་གམ་པ་རྫོང་གི་ས་ཁུལ་དུ་བཙན་འཛུལ་བྱས་ཤིང་དེ་འཕྲལ་གམ་པ་རྫོང་སྡོད་བཙག་སེར་ཁང་པས་བཀྲ་ཤིས་ལྷུན་པོའི་བླ་བྲང་ལ་དེ་ལུགས་སྙན་ཞུ་ཕུལ་བ་བཞིན་བླ་བྲང་ནས་བཀའ་ཤག་ལ་བརྒྱུད་ཞུ་བྱས་པར་ཕྱིར་ཕེབས་བཀའ་ལན་དུ། ཉེ་སྔོན་དབྱིན་ཇི་ནས་ཡེ་གི་འབྱོར་གསལ་བཞིན་ཚོང་འགྲུལ་བཀའ་མོལ་བྱེད་ཆེད་མི་སྣ་དོ་ཆོད་བཏང་ཡོད་པས་གཞི་རྐང་ད་ལམ་གམ་འབྲས་ས་མཚམས་སུ་བོད་དབྱིན་ལྷན་འཛོམས་གནང་རྒྱུ་འདི་བཞིན་ཞི་བའི་གྲོས་མོལ་སྣེ་མཐུད་ཐབས་ཤིག་ཡིན་རུང། ཁྱེད་ཚོས་ཆབ་སྲིད་ཀྱི་གཡོ་ཐབས་ཆེ་བས་ད་དུང་བསམ་སྦྱོར་ངན་གཤོམ་ཇི་ཡོད་མ་ངེས་སྟབས་གམ་པ་དེ་བཞིན་བཀྲིས་ལྷུན་བླ་བྲང་གི་འཛིན་ཁོངས་ཡིན་གཤིས་རྫོང་སྡོད་མི་སྣ་དོ་ཆོད་ཡོད་ཤག་ལ་འདི་གའི་མི་སྣར་གོ་བསྡུ་དང་འབྲེལ་གཞིས་བྱེས་ཕྱར་བ་གྲུ་འདེགས་ཀྱིས་དོན་དུ་བཙན་འཛུལ་མི་ཡོང་བའི་ཞི་དྲག་ཐབས་སྒོ་གང་མཁས་ཀྱི་མཛད་ཕྱོགས་འཐུས་ཟབ་ཡོད་པ་ཞེས་ཕེབས་པ་ལྟར། བཀྲིས་ལྷུན་བླ་བྲང་ནས་ཞི་གྲོས་ཆེད་པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཆེད་བཏང་དང་གནས་ལུགས་འཇམ་མཁས་གང་ལེགས་བྱས་ཀྱང་དོན་དུ་དབྱིན་བོད་གཉིས་དབར་འཁོན་འགྲས་རླུང་གིས་དེད་ནས་དམག་འཁྲུག་གི་མེ་ལྕེ་ཆེན་པོ་ཞིག་འབར་རྒྱུ་ཡིན་པའི་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད། དེའི་ཕྱིར་ན་བོད་གཞུང་ནས་འབྱུར་འཆར་བྱེད་ཕྱོགས་སྐོར་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་གོ་བསྡུར་དང་འབྲེལ་སྤྱི་སྒྲིག་གན་རྒྱའི་འབྲུ་དོན་གཙོ་བོ་ལས་ཕྱིན་ཆད་ལེགས་ཉེས་གང་བྱུང་རུང་བསྟན་དགྲ་ཕྱི་གླིང་པ་མཐའ་གཅིག་ཏུ་འགོག་སྲུང་རྒྱུའི་བོད་མི་སེར་སྐྱ་མི་དམངས་ཚང་མ་མ་གྲོས་བསམ་པ་གཅིག་མཐུན་བྱུང་བ་བཞིན། ཁམས་ཁུལ་ཤོ་སྟ་ལྷོ་གསུམ། རྨར་མཛོ་སྒང་གསུམ། རི་ཆབ་དཔའ་གསུམ་སོགས་ནས་རྟིང་མའི་དམག་སྣོན་བསྡུ་བཀོང་བྱ་རྒྱུ། དེ་བཞིན་དབུས་གཙང་གི་རྫོང་ཁོངས་ཡོངས་རྫོགས་དང་བྱང་རིགས་བདེ་བཞི་ཨ་མདོ་ཤོག་ཁག་བརྒྱད་ཀྱི་སྡེ་ཁག་ནས་ཡུལ་དམག་བཀོང་འགུག་ཀྱི་གྲ་སྒྲིག་ཨང་སར་བྱས་ཤིང་། ཕྱོགས་གཞན་ནས་དབྱིན་ཇིར་ཞི་བའི་གྲོས་མོལ་རིམ་པར་བྱས་ཀྱང་དགྲ་ཕྱོགས་ནས་འདྲ་མཉམ་གྱི་སྐད་ཆ་རྩ་བ་ནས་མེད་ཁར་འཇིགས་བསྐུལ་ཁོ་ན་དང་ཁོ་ཚོའི་རེ་བ་འགྲུབ་ཆེད་བོད་མིའི་སྟེང་དུ་མེ་མདའ་ཚད་པ་སོགས་གཏུམ་སྤྱོད་ཁ་ན་བྱས་པའི་མ་ཚད་གམ་ཁོངས་གྱེ་རུ་ཞེས་པའི་ས་བར་བཙན་འཛུལ་བྱས། དབྱིན་ཇི་བ་རྣམས་དེར་སྡོད་རིང་བོད་པས་མཐུན་ལམ་ཁོ་ན་བྱས་ཏེ་གམ་པ་ཁུལ་ནས་ཤ་རྒྱུར་གཡག་ལུག་མང་པོ་མཁོ་འདོན་ཡང་བྱས་པ་རེད། ཕྱོགས་གང་ཐད་ནས་བོད་པས་ཞི་འགྲིགས་ཀྱི་ཐབས་ལམ་གང་ཡོང་བྱས་ཀྱང་དགྲ་ཕྱོགས་ནས་བཙན་འཛུལ་དམག་འཁྲུག་ཐེངས་གཉིས་པ་སློང་རྒྱུར་ཁ་གཡར་ས་ཙམ་ལས་ས་མཚམས་ཞི་གྲོས་ཟེར་བ་ནི་ཁ་ཞེ་མི་མཚུངས་པའི་གཡོ་གཏམ་ཞིག་ཡིན་པ་ར་སྤྲོད་གསལ་པོ་བྱུང་བ་རེད། ད་དུང་དྲག་སྤྱོད་ཀྱིས་ང་ཚོ་ངེས་པར་ལྷ་ས་དཔུང་བསྐྱོད་བྱེད་ཀྱི་ཡིན་ཚུལ་རྐྱང་བཤད་དེ་དམག་དཔོན་ཀབ་ཀྲན་རུང་ཧ་ཕོང་གིས་སྣེ་འཁྲིད་པའི་འོག་ཞི་དྲག་ག་དཔོན་རིགས་དང་སིང་དམག་གོརྵའི་དམག་དེ་བཞིན་དོས་བསྐྱེལ་སོགས་མི་གྲངས་ཆིག་ཁྲི་ལྷག་ཙམ་ཤ་འོད་བརྡོལ་བ་བཞིན་ ༡༩༠༣ ལོར་རྫ་ལེབ་ལ་བརྒལ་ཏེ་གྲོག་མོ་རིན་ཆེན་སྒང་དེ་བཞིན་ཆུ་འབི་དང་རིམ་བཞིན་ཕག་རིར་བར་བཙན་འཛུལ་བྱས། སྐབས་དེར་བོད་ཀྱི་གལ་ཆེའི་དམག་དོན་རྟེན་གཞི་རྒྱལ་རྩེ་ནས་ཀ་ལ་དང་། ཆ་ལུ། སྲམ་སྟོད་སྨད། ཆུ་མིག་གཤོངས་ཀོ་བཅས་ལ་སྤོ་བཤུད་ཀྱིས་ཕོ་ཟད་མོ་ལ་ཐུག །སོ་ཟད་རྐན་ལ་ཐུག་ཀྱང་དྲག་དམག་འགོག་ཐབས་བྱ་རྒྱུའི་སེམས་ཐགས་གཙང་བཅད་བྱས་པ་རེད། དགྲ་བོ་ནང་དུ་ཤར་གཏོང་བྱེད་རྒྱུ་ནི་རྩ་བའི་དམ་བཅའ་དང་ཡོངས་རྫོགས་དང་ཕྱོགས་འགལ་ཡིན་པར་ངོས་འཛིན་གཅིག་གྱུར་གྱིས་བོད་གཞུང་ནས་དྲག་པོའི་བཀོད་སྒྲིག་རིམ་པར་བྱས་ཤིང་། རྒྱ་སྦྱོང་འགོ་དམག་ཆིག་སྟོང་གི་འགོ་དཔོན་དུ་མདའ་དཔོན་ལྷ་ལྡིང་སྲས་དང་རྣམ་སྲས་གླིང་དང་། པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་སེར་འབྲས་དགའ་གསུམ་གྱི་འཐུས་མི་བཅས་སྔོན་བསྐྱོད་ཀྱིས་ཆུ་མིག་གཤོངས་ཀོ་ཞེས་པའི་ས་གནས་སུ་སྒར་བབས་གཡས་གཡོན་རི་སྡེབས་སུ་རྡོ་བརྩེགས་འཛིང་རགས་བཟོས་ཏེ་བསྡད་པ་དང་། གཙང་མདའ་དཔོན་སྨོན་གླིང་པ་དང་རམ་པ་གཉིས་འགོ་དམག་དང་བཅས་སྲམ་སྟོད་སྨད་དང་། དིང་རི་མདའ་དཔོན་བཀྲིས་གླིང་པ་འགོ་དམག་རྣམས། ཀ་ལ། ཆ་ལུ། རྡོ་ཆེན་བཅས་ཀྱི་ས་ཆར་བསྡད་དེ་གལ་སྲིད་ཞི་གྲོས་མ་བྱུང་ཚེ་ས་འགག་དང་ལམ་འཕྲང་རྣམས་བཀག་རྒྱུ་བྱས་པ་སོགས་གྲ་སྒྲིག་ཨང་སར་ཡོད་ཀྱང་། གོ་མཚོན་ཐད་འགོ་དཔོན་རེ་ཟུང་ལ་འཕྲུལ་མདའ་ཡོད་པ་ལས་དམག་བྱིང་ལ་བོད་མདའ་དང་གྲི་མདུང་སྟ་རེ་འུར་རྡོ་སོགས་ལས་མེད། དགྲ་བོའི་ངན་འཕྲུལ་སྟོབས་ཤུགས་སོགས་ལ་བསམ་ཚེ་དཔའ་ངོམ་དྲག་ཐལ་དང་ལྐུགས་པ་ཨུ་ཚུགས་ཀྱིས་དཔོན་དམག་འགྲོ་སོང་ཆེ་བ་ལས་རྒྱ་ཁ་ཐོབ་རེ་མེད་པའི་སྣང་ཚུལ་མངོན་ཡང་མནའ་གན་མཐུ་མོ་ཆེའི་རྩ་དོན་ལྟར་འགོག་འཐབ་ཐ་གཅིག་ཏུ་བྱེད་རྒྱུ་དང་། གལ་སྲིད་འགོག་ཐབས་བྲལ་ཚེ་དམག་གི་འགྲོ་གྲོན་གང་ཆུང་བྱེད་རྒྱུའི་ནང་མོལ་བྱས་འདུག་དེའི་སྐབས་དབྱིན་དམག་རྣམས་ཕག་རི་ནས་རྒྱལ་རྩེའི་ཕྱོགས་སུ་ཤར་བསྐྱོད་བྱེད་གྲབས་ཡོད་པ་རེད། དབྱིན་དམག་ཚོས་བོད་ཕྱོགས་སུ་དམག་གི་དཔུང་སྣོན་ཇི་ཡོད་གསལ་པོར་ཤེས་རྒྱུ་དཀའ་ནའང་བོད་མི་ཕྱུག་རྫི་གཉིས་ལ་ཁོ་པ་ཚོས་ལྐོག་རྔན་བློ་ཡིད་འཚིམས་པ་སྤྲད་དེ་ཉུལ་ཞིབ་ཏུ་བཏང་བ་ཕྱི་ལོག་སྐབས་གཅིག་ཆ་ལུ་དམག་སྒར་ནས་ཟིན་ཡང་གཅིག་ཤོས་བྲོས་ཤོར་གྱི་དགྲ་བོའི་དམག་སྒར་དུ་འབྱོར་དེ། ཆུ་མིག་གཤོངས་ཀོ་དང་། རྡོ་ཆེན། ཆ་ལུ། ཀ་ལ་སོགས་ལ་དམག་ཡོད་ལུགས་ཇི་བཞིན་བཤད་པར་བརྟེན་ཁོ་པ་ཚོས་གློ་བུར་དུ་བྱེད་ཐབས་བསྒྱུར་ཏེ་ ༡༩༠༤ བོད་ཟླ་༡ ཚེས་ ༡༥ ཉིན་ཞོགས་པ་དུད་སྣེ་ནས་བོད་པའི་དམག་སྒར་ཡིག་གེ་ཞིག་བཏང་དོན། ད་བར་བོད་དབྱིན་བར་ཞི་གྲོས་རིམ་པར་བྱས་རུང་བོད་ཕྱོགས་ནས་ཞི་དྲག་སྤྱི་འདོམས་དབང་ཆ་ཆེ་བའི་མི་སྣ་མེད་སྟབས་ཐག་མ་གཅོད་པས་ད་ཆ་དབང་ཚད་ཡོད་པའི་མི་སྣ་དང་ང་ཚོ་ངོས་འཕྲད་བྱས་ཐོག་ད་ཕན་འཁྲུན་ཆོད་བྱ་རྒྱུར་ང་ཚོར་མོས་མཐུན་ཡོད་ཅིང་། དབྱིན་བོད་ཞི་གྲོས་མི་སྣ་གང་མགྱོགས་ལྷན་འཛོམས་བྱ་རྒྱུ་ཡིན་ཞེས་འཁོད་པའི་ཡི་གེ་འབྱོར་བ་ལྟར་དེའི་སང་ཉིན་དབྱིན་དམག་དང་པོ་རྟ་དམག་དང་དེ་ནས་རྐང་དམག་དོས་འཁྱེར་ཀུ་ལི་བཅས་ཆུ་མིག་གཤོངས་ཀོར་ཐད་ཤར་བསྐྱོད་བྱས་ཏེ་ཡོང་བ་རེད། མདའ་དཔོན་ལྷ་ལྡིང་སྲས་དང་རྣམ་སྲས་གླིང་པ། རུ་དཔོན་སྐྱིད་སྦུག་པ། ཁང་ཤར། པཎ་ཆེན་སྐུ་ཚབ་སེར་འབྲས་དགེ་གསུམ་གྱི་འཐུས་མི་བཅས་ནས་དབྱིན་དམག་ཡོང་བའི་བརྡ་ལེན་འབྱོར་བ་དང་བསྟུན་ཏེ་ཆུ་མིག་གཤོངས་ཀོའི་དཀྱིལ། རྡོའི་རགས་སྐྱོར་ཞིག་ཡོད་ས་དེར་ཚང་མ་འཛོམས་ནས་ཕན་ཚུན་མི་སྣའི་གནས་བབས་ངོ་སྤྲོད་ཐོག་དྲག་ཆས་འཇོག་དགོས་བཤད་པ་ལྟར། བོད་དམག་ཚོས་སྦུ་ཏིག་གི་མེ་བསད་པ་དང་དབྱིན་དམག་ནས་མེ་མདའི་ནང་གི་མདེའུ་ཚང་མ་བཏོན་རྒྱུ་ཡིན་ཅེས་བཤད་པ་ལྟར་རང་ཕྱོགས་ནས་དེ་ལྟར་བྱས་ཏེ་དགྲ་ཕྱོགས་སུ་དོགས་ཟོན་བྱ་རྒྱུ་མ་འདེངས་བའི་རྐྱེན་གྱིས་རང་འོག་དེ་བཞིན་བཀའ་བཏང་འཕྲལ། དབྱིན་དམག་རྣམས་ཁ་གཏོར་གྱིས་བོད་དམག་རྣམས་མཐའ་བསྐོར་མེ་མདའི་ཁོག་ནང་གི་མདེའུ་བཏོན་ཡོད་ཀྱང་མེ་མདའི་མཐིལ་འཕྱིས་སྣུམ་བླུག་སྣོད་ཚང་མ་མདེལ་གྱིས་བཀང་ཡོད་སྟབས་ཕྱི་ཚུལ་བོད་མིས་མདེའུ་ཚང་མ་བཏོན་པ་ལྟར་སྣང་བ་རེད། གནས་ཚུལ་དེ་འདྲའི་འོག་ཕན་ཚུན་གྲོས་མོལ་གླེང་སྐབས་དབྱིན་དམག་འགོ་དཔོན་ཞིག་ནས་གློ་བུར་དུ་འཕྲུལ་མདའ་བཏོན་ཏེ་བོད་ཀྱི་མདའ་དཔོན་རྣམས་གཉིས་གཙོས་དེ་ཡོད་བོད་པའི་སྟེང་དུ་འཕངས། མེ་མདའི་སྒྲ་ཐོས་འཕྲལ་ཉེར་སྒུག་རང་ཕྱོགས་དཔོན་རིགས་ཕྱོགས་ནས་ལྷ་སྡིང་བའི་གཡོག་ཨ་ཕྲུག་དགྲ་འདུལ་གྱིས་རྟ་འདོགས་དཔའ་དམ་དེ་ཤུབས་ནས་འཕྱུངས་ཏེ་ཀི་སྒྲ་ཆེན་པོ་བསྒྲགས་ཉིད་དེར་ཡོད་ཚང་མ་ཐེ་ཚོམ་སྤུ་ཙམ་མེད་པར་མཆོངས་ཏེ་དབྱིན་ཇིའི་རུ་དཔོན་དང། བརྒྱ་དཔོན་རིམ་པའི་དཔོན་རིགས་གཉིས་སོགས་དམག་མི་བཅུ་གྲངས་ཤིག་ལ་གྲི་བརྒྱབ་སྟེ་བསད་རྨས་ཅི་རིགས་བཏང་རྗེས་ཁོང་ཚོའི་རྒྱལ་གཅེས་དཔའ་མཛངས་ཀྱི་གཏམ་བརྒྱུད་དེ་ཕྱི་རབས་བོད་མི་ལ་བཞག་སྟ་རང་སྲོག་རྟ་རྔ་ཙམ་དེ་བོད་མི་རིགས་ཀྱི་ཆེད་དུ་དོར་བ་རེད། དེ་ཡོད་དཔའ་རྒོད་འགའ་ཤས་ནས་གནམ་སར་མི་ཤོང་བའི་དགྲོ་བོས་བརྙས་བཅོས་དེ་དག་མཐོང་བ་དང་། ཝ་རྔ་མ་ཤར་ལེ་བྲོས་པ་ལས།། སྟག་འཛུམ་དྲུག་ཉི་ལེར་ཤི་ན་དགའ།། ས་འདི་ན་མིང་ཞིག་མ་ཐོགས་ན།། ཕོ་ཤི་ལེ་དགུ་བས་མི་མཐུ་རེ།། ཞེས་པའི་དམ་བཅའི་རི་མོ་སྙིང་ལ་བཀོད་དེ་འཛིང་རགས་ནས་གཅིག་མཇུག་གཉིས་མཐུད་ཀྱིས་མཆོངས་ཏེ་ཤི་ལྕིབ་ཀྱིས་དགྲ་ཕྱོགས་སུ་དམར་འཛིང་དྲག་པོ་བྱས། གཡས་གཡོན་རི་ལྡེབས་སོགས་བོད་པ་གང་ཡོད་སར་དགྲ་བོས་མེ་སྒྱོགས་འཕྲུལ་མདའ་བརྒྱབ་སྟེ་མདེའུ་དྲག་ཆར་བབས་འདྲ། མེ་སྐད་གྲོ་ཡོས་བརྔོ་བརྔོ་བྱས་ནས་གོ་མཚོན་བཟང་ཞན་གྲ་སྒྲིག་ཡོད་མེད་སོགས་ལས་བྱ་ཐབས་མ་བྱུང་བར་བོད་དམག་གི་མགོ་དམག་མང་ཆེ་བ་དགྲ་ལག་ཏུ་ཤོར། དབྱིན་ཇིས་མེ་མདའ་བརྒྱབ་མཚམས་བཞག་པ་དང་ཉི་མ་དགོང་དྲོ་སླེབས་ཤིང་ཆུ་མིག་གཤོངས་ཀོ་ཞེས་པའི་ས་ངན་དེར་རང་དམག་ལྔ་བརྒྱ་སྐོར་འདས་གྲོངས་དང་བཞི་བརྒྱ་སུམ་ཅུ་སྐོར་རྨས་སྐྱོན་བྱུང་བ་རེད། བཙན་འཛུལ་བས་མགོ་སྐོར་ཚད་མེད་བཏང་སྟེ་འཛམ་གླིང་ས་ཆེན་པོའི་ཁྱོན་ལ་གྲགས་པའི་དམར་པོའི་ཁྲག་གི་བུ་ལོན་དེའི་འཁོན་འཛིན་ནི་སྲ་བའི་བྲག་རྡོ་ལ་བརྐོས་པའི་རི་མོ་བཞིན་བོད་རིགས་མི་དམངས་ཀྱི་སེམས་སུ་གནས་བཞིན་ཡོད་པས། ཕ་གཏམ་བུ་བརྒྱུད་ཀྱི་དུས་ད་ལྟའི་བར་དུ་ཡང་བོད་ས་གནས་ཁག་ཏུ་བཤད་དང་ཤོད་བཞིན་ཡོད་པ་ནི་མི་རབས་གོང་མའི་རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་ལ་མིག་དཔེ་ཡར་ལྟོས་ཀྱིས་འབྱུང་འགྱུར་བོད་ཀྱི་གནད་བབ་ཀྱི་རྒྱ་སྒོ་བརྟན་སྲུང་དགོས་པ་ནི་ནམ་ཡང་སེམས་ཁོང་ནས་ཡལ་དུ་མི་རུང་བ་ཞིག་ཡིན། དེ་དུས་གོ་མཚོན་ཡག་ཉེས་དང་དཔུང་ཤུགས་མང་ཉུང་ལ་ཐུག་པ་ལས་བོད་མི་རིགས་ཀྱི་རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་དང་དཔའ་རྩལ་ལ་དོན་དམ་དུ་དགྲ་བོ་ཧ་ལས་ཡོད་པ་མི་རིགས་གཞན་གྱིས་བྲིས་པའི་ལོ་རྒྱུས་ནང་གསལ་གྱི་ཡོད་འདུག །
       ཐེངས་འདིར་དཔའ་ངར་ལྡན་པའི་བོད་མི་རིགས་ལ་ཕམ་ཉེས་ཆེན་པོར་བྱུང་བས་བོད་མི་རིགས་ཁག་གི་མི་དམངས་ལ་ཁྲག་གི་བསླབ་བྱ་གཏིང་ཟབ་ཅིག་ཐོབ་པ་རེད། དེ་ཡོད་རྨས་མ་རྣམས་རིམ་འབྱོར་ཐོག་ས་ཕྱོགས་གཞན་དུ་ཡོད་པའི་བོད་དམག་ཡོངས་རྫོགས་ཀྱི་དམག་ཤུགས་གཅིག་སྡུད་བྱས་པར་བསྡོམས་དམག་གྲངས་ ༢༣༠༠ སྐོར་ཡོད་པ་དག་ཁང་དམར་ཕྱོགས་སུ་ཕྱིར་འཐེན་བྱས། དབྱིན་དམག་རྣམས་མུ་མཐུད་བཙན་འཛུལ་གྱིས་ལམ་བར། བྱང་གླིང་དགོན་པ་དང་། སྐུ་འབུམ་དགོན་པ་སོགས་མེར་སྲིག་གཏོང་བཞིན་ནམ་གུང་ཙམ་ལ་ཤོ་ལམ་དགོན་དུ་འབྱོར་བར་མདའ་དཔོན་བཀྲིས་གླིང་པས་སྣེ་ཁྲིད་འོག་གློ་བུར་མཚན་འགེབས་ཕར་རྒོལ་བྱས་དགྲ་དམག་ ༦༠ སྐོར་བསད་རྨས་བཏང་། རང་ཕྱོགས་ས་བཙན་པོ་ཡོད་སྟབས་ཤིང་དུམ་དང་རྦབ་རྡོ་བསྒྲིལ་བ་ཡན་ཆད་ཀྱིས་ཉིན་གསུམ་རིང་དཔའ་ངར་ཆེན་པོའི་འཐབ་འཛིང་བྱས་པས་དགྲ་དམག་༢༣༠ སྐོར་བསད་པ་དང་རང་དམག་གི་རུ་དཔོན་ལྷ་རྒྱལ། སེར་དམག་མོག་འདོམ་བསམ་ལྷོ་བསྟན་འཛིན་སོགས་ཀྱིས་གཙོས་པའི་མི་གྲངས་༨༠ སྐོར་ཤི་རྨས་སུ་ཕྱིན་འོན་ཀྱང་བཙན་འཛུལ་དམག་འགོག་རྒོལ་མ་ཐུབ་པས་ད་ཆ་རྒྱལ་རྩེ་ས་གནས་སུ་གྲ་སྒྲིག་ཨང་གསར་དགྲ་ངན་ལ་རྒོལ་རྒྱུ་ཁ་འཆམ་པ་བཞིན་བོད་དམག་གསར་སྣོན་དང་དམག་གི་བཀོད་སྒྲིག་སོགས་གང་ལེགས་བྱས། དགྲ་དམག་རྣམས་ཆུ་བོ་བབས་པ་བཞིན་ས་ཉམས་དཔྱོད་ཞིབ་བྱེད་བཞིན་རྒྱལ་རྩེ་གྲོང་ཚོའི་ཤར་ཕྱོགས་སུ་སྒར་བབས་ཏེ། རྒྱལ་རྫོང་སྡེ་དགོན་ཚང་མ་མོག་སྒུར་བྱེད་དགོས་འགྱོད་པ་སྐྱེ་དུས་ཕྱི་དྲག་པ་རེད་སོགས་སྨྱོ་ཧམ་ཆེན་པོས་བརྗོད་པ་དང་ཕྱོགས་གཅིག་ནས་དམག་དོན་གྱི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད། དེ་ནས་ཉིན་ཤས་རྗེས་རྒྱལ་རྩེ་གཡུ་འཁྲུག་གི་འགོ་ཚུགས་པ་རེད། མདའ་དཔོན་བཀྲིས་གླིང་་དང་། མདའ་དཔོན་ལྕགས་སྤྲག་པ་སོགས་ཀྱིས་བཀོད་སྒྲིག་འོག་རྫོང་དང་། ལྕགས་རི་སོགས་ཕྱི་ནང་གང་སར་བཀོད་སྒྲིག་ཚགས་ཚུད་དང་བོད་མདའ་དང་མེ་སྒྱོགས་འཕེན་རྒྱུའི་ལག་རྩལ་ལྡན་པ་ཁག་ཅིག་རྒྱལ་རྩེའི་རྫོང་གི་ས་སྲུང་དཔུང་སྣོང་བཏང་བ་སོགས་བྱས་འདུག ཕྱི་ཉིན་ནམ་ལང་ཙམ་ནས་སྒང་དྲུག་རི་བོར་ཡོད་པའི་དགྲ་བོའི་མེ་སྒྱོགས་དམག་སྒར་གཉིས་ནས་དུ་གཅིག་ཏུ་མེ་སྒྱོགས་དང་མེ་མདའ་ཤུགས་ཆེན་བརྒྱབ་སྟེ་ས་སྲུང་བོད་དམག་ཚོར་རྒྱལ་རྩེ་རྫོང་དུ་བོད་དམག་གིས་གཞོགས་འདེགས་ཇི་ལྟར་བྱས་རུང་མ་གཏན་པར་དཔའ་ངར་སྙིང་སྟོབས་ཅན་གྱི་རང་དམག་མང་པོས་སྐུ་སྲོག་བཏང་པ་རེད། འོན་ཀྱང་སྐབས་དེར་གནས་སྙིང་ད་རྒྱལ་རྩེ་སོགས་གང་ས་གང་དུ་བོད་གཞི་རྒྱ་ཆེ་ཙམ་ཡོད་པ་རེད། གང་ལྟར་ཁོང་ཚོས་རྒྱབ་ཕྱོགས་ནས་འགོ་དམག་དང་མེ་སྒྱོགས། མེ་ཤན་གྷན། རྫས་མདེལ་ཕོན་ཆེ་འབྱོར་བས་ལྷོ་བྱང་ཁག་ཉིས་ནས་དུས་གཅིག་ཏུ་མེ་སྒྱོགས་དང་མེ་མདའ་སྦག་སྦག་གི་འགེབས་སྲུང་འོག་ཚུར་རྒོལ་བྱས། དགོན་པའི་ལྕགས་རི་རྩིག་ཞིང་ཆེ་ལ་ཐོག་བརྩེགས་གཉིས་ཙམ་ཡོད་ཐོག་སྔོན་ཚུད་བཞིན་ཕྱོགས་བཞི་ནས་མེ་མདའ་འཕྲུལ་མདའ་དང་བོད་མདའ་བཅས་ཀྱི་འགེབས་སྲུང་འོག དགོན་པའི་གཞུང་སྒོ་དང་སྟག་སྒོ་གཉིས་ཀ་བཀག་སྟེ་དཔའ་ངར་ཞུམ་མེད་ཀྱིས་ཕར་རྒོལ་བྱས་རྐྱེན། གཡུལ་ས་དེར་དགྲ་བོ་ཤི་རྨས་ཚབ་ཆེན་བྱུང་བར་རྒྱབ་ཕྱོགས་ནས་ཤུར་སྒྲ་ཞིག་བསྒྲགས་ཏེ་ཕྱིར་འཐེན་བྱས།  སྐྱེ་ཡུལ་མདོ་སྡེ་ས་ཁུལ་ན་ཡིན་པ་ཕུན་ཚོགས་ཟེར་བ་ཞིག་གིས་ས་སྣེ་མ་རྒྱུས་ལྟ་བུ་བྱས་པས་དགྲ་དམག་གནས་སྙིང་རི་རྩེ་མཐོ་སར་འཛེགས་ཏེ་གློ་བུར་དུ་མེ་སྒྱོགས་ཆར་པ་བབ་པ་བཞིན་བརྒྱབ་པས་གནས་སྙིང་རི་རྩེ་དགྲ་བོས་བཟུང་། དེ་དང་ཕྱོགས་མཚུངས་མདུན་ཕྱོགས་ནས་དགྲ་དམག་དགོན་པའི་ལྕགས་རིའི་མཚམས་སུ་བསླེབས་ཏེ་འབར་རྫལ་བརྟེན་ནས་ལྕགས་རིར་ཁ་ཤོ་ཞིག་བཏོན་འཕྲལ་དགྲ་དམག་རྣམས་ནང་དུ་སྡེབས་ཚང་བྱས། རང་དམག་རྣམས་ཁོང་ཁྲོའི་མེ་ལྕེ་དེ་བས་འབར་ཏེ་ང་ཚོའི་ཕ་ཡུལ་སྲུང་སྐྱོབ་དང་། སྔོན་གཤེགས་སྤུན་ཟླའི་དགྲ་ཤ་ལེན་ཆེད་དམར་འཛིང་བྱེད་རྒྱུ་ལས་མགོ་བོ་སྒུར་རྒྱུ་དང་གོམ་གང་ཕྱིར་ནུར་བྱེད་པའི་བསམ་པ་མེད་པར། དཔེར་ན། ཀོང་དམག་འོག་པ་ཨ་དར་ཉི་མ་གྲགས་པ་གཅེན་ཅུང་སོགས་མཁས་ལེན་པ་རྣམས་ཀྱིས་ལྕང་ལོ་མགོ་བོར་དཀྲིས་ཤིང་རལ་གྲི་དཔའ་དམ་ནམ་མཁར་འཕྱར་ཞིང་གློ་བུར་འདུ་ཁང་གི་སྒོ་ཕྱེ་ནས་ཀོ་སྒྲ་སྒྲོག་བཞིན་གཅིག་འཇུག་གཉིས་མཐུད་ཀྱིས་མཆོངས་ཏེ་དགྲ་དམག་མང་པོ་མཚོན་འོག་ཏུ་བཏང་། ཛ་དྲག་ཆེ་བའི་དམག་འཐབ་དེ་ཆུ་ཚོད་ཁ་ཤས་བརྒྱབ་མཐར་དགྲ་ཕྱོགས་ཀྱི་འགོ་དམག་ ༡༢༠ སྐོར་བསད་རྨས་བཏང་བའི་ཁྲག་གྲོན་གནས་སྙིང་རྡོ་གཅལ་སྟེང་དུ་ཆུ་ལྟར་རྒྱུགས་པའི་དཔའི་བོས་མཛད་རྗེས་བཞག་པ་རེད། དེ་དུས་དབྱིན་འགོག་དཔའ་བོར་བསྟོད་པའི་གཞན་ཚིག ཨ་དར་ཀོང་དམག་སླེབས་བྱུང་།། དབྱིན་དམག་ས་བརྡབས་སོང་།། གནས་སྙིང་དགོན་པའི་རྡོ་བཅལ།། དམར་པོ་ཁྲག་གིས་ཁེངས་སོང་།། ཞེས་དམངས་གཞས་བཏང་སྲོལ་ཡོད་པ་རེད། སྐབས་དེར་དབྱིན་འགོག་དམག་དོན་སྤྱི་ཁྱབ་པ་བཀའ་བློན་གཡུ་ཐོག་པ་གློ་བུར་དུ་ལྷ་སར་ཕེབས་ཁར་དགྲ་འགོག་བྱེད་ཐབས་ཞིབ་ཆའི་མངགས་ཆ་གནང་བ་བཞིན་དགྲ་དམག་དང་ཁ་རོ་འཕྲང་འགག་ཏུ་ཛ་དྲག་གཡུལ་འཁྲུག་བསྟུད་མར་བརྒྱབ་ཀྱང་དམག་དོན་སྤྱི་ཁྱབ་ཆེ་བ་གཡུ་ཐོག་གཡུལ་མདུནདུ་ཞུགས་མ་ཐུབ་པ་སོགས་ལ་བརྟེན་དགྲ་དམག་རྣམས་འགོག་མཁན་མེད་གཤིས་དབྱིན་དམག་ལྷ་སའི་ཕྱོགས་སུ་ཤར་འཐོན་བྱས་པ་རེད།
བདུན། དབྱིན་བོད་དམག་འཁྲུག་གི་མཇུག་འབྲས།
ཏཱ་ལའི་བླ་མ་མཆོག་གིས་དབྱིན་དམག་ལྷ་སར་ཡོང་ན་གདན་ས་གསུམ་གྱི་གྲྭ་རིགས་གཙོས་མི་མང་འདུ་འཛོམས་ཀྱིས་གང་ཡོང་བརྗོད་པར་དཀའ་བས་ས་གནས་དེར་རང་ཞི་གྲོས་གནང་ལེགས་ཚུལ་གྱི་བཀའ་ཡིག་སྔ་རྗེས་གནང་ཡང་། དབྱིན་དམག་ནས་ལྷ་ལྡན་དུ་ཤར་བསྐྱོད་ཀྱིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་འཁྲུན་ཆོད་ཞུ་རྒྱུ་ཡིན་ལུགས་དང་། ད་ལྟ་ལྷ་སར་འབྱོར་ཉེ་ཡོད་པས་དབྱིན་གཞུང་གི་བཀའ་འབྲེལ་ཆིངས་མོལ་ཆེད་ལྷ་ས་བར་འགྲོ་རྒྱུ་ཡིན། དེ་ལོ་བོད་པས་གནོད་ཚེ་མ་བྱས་ཚེ་རྫོང་དང་ཡུལ་དགོན་གང་ལ་ཡང་ང་ཚོས་གནོད་འཚེ་ནམ་ཡང་མི་བྱེད་ཅེས་འགན་ལེན་བྱས། ༡༩༠༤ ལོའི་བོད་ཟླ་ ༦ ཚེས་ ༡༣ ཉིན་ཏཱ་ལའི་བླ་མ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་ལ་མོ་ཤར་བློ་བཟང་རྒྱལ་མཚན་རྩེ་ཕོ་བྲང་གཟིམ་ཆུང་ཉི་འོད་ནང་ཆེད་འགུགས་ཀྱིས་སྲིད་ཐམ་རྩིས་སྤྲོད་ཀྱིས་བཀའ་མངགས་གནང་ཆབས་གཅིག་ལུང་བསྒྱུར་ཡང་གནང་། དུས་མཚུངས་༸རྒྱལ་དབང་མཆོག་གི་གཅེན་པོའི་གཙོས་བཀའ་དྲུང་གདན་སའི་འཐུས་མི་བཅས་ལ་དེ་ལུགས་བཀའ་ཁྱབ་བསྒྲགས་པ་མ་ཟད་ལས་དོན་གང་ཅི་ཐད་ཕྱར་བ་གྲུ་འདེགས་དགོས་ཚུལ་གྱི་བཀའ་མངགས་གནང་རྗེས་ ༡༩༠༤ལོའི་ཟླ་༦ཚེས་༡༣་ཉིན་ཆིབས་ཞབས་སེར་སྐྱ་ཉུང་ཤས་བཅས་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་གནང་པ་རེད། གོང་ལོ་ཟླ་བའི་ཚེས་༢༢ ཉིན་དབྱིན་ཇི་དཔོན་དམག་ལྷ་སར་འབྱོར་བ་དང་མཇའ་མཚོན་ཆུ་མིག་གི་ཉེར་འགྲམ་དུ་སྒར་བབས་ཏེ་བསྡད། སྐབས་དེེར་བོད་གཞུང་ནས་གཟན་ཤིང་བཟའ་བཅའ་སོགས་མཁོ་འདོན་བྱས་ནས་ཡུལ་སྲོལ་རིན་ཐང་སྤྲོད་ལེན་བྱེད་པ་མ་གཏོགས་སྣེ་ལེན་ཟུར་ཆས་སོགས་གང་ཡང་མ་བྱས་ཤིང་དྲང་བདེན་གྱི་གནས་ལུགས་ཤིག་བཟུང་བར་བོད་མི་ཚོས་ཡིད་སྨོན་བྱས་སྐད། བོད་དབྱིན་གཉིས་ཀ་གཅིག་རྒྱུས་གཅིག་གིས་མ་ལོན་པ་ལྟ་བུས་ཉིན་ཤས་རིང་ཕན་ཚུན་ཐུག་འཕྲད་མ་བྱུང་བ་རེད། འདིའི་ཐད་སྲིད་དོན་རྒྱལ་རབས་ལས། སྨད་ཆ་༡༢༤མཐའ་མ་སྲིད་སྐྱོང་རིན་པོ་ཆེ་ཆིབས་ཞབས་སྟབས་བདེ་བཅས་དབྱིན་ཇིའི་དམག་སྒར་ལ་ཕེབས་ཤིང་ཡང་ཧ་སི་བན་དང་མཇལ་འཕྲད་ཀྱིས་བཀའ་མོལ་སྒོ་དབྱེཐོག་མ་དེ་གནང་། དེ་སྐབས་ཡང་ཧ་སི་བན་ནས་དཔོན་རིགས་རྣམས་ནོར་གླིང་བསྡད་ཆོག་པར་ཞུས་པར། ཁྲི་རིན་པོ་ཆེ་ནས་དེ་རྒྱལ་བའི་ཕོ་བྲང་ཡིན་གཤིས་འགྲིགས་མིན་ལ། ལྷ་སའི་ནང་སྒེ་པའི་ཁང་པ་ཡག་ཤོས་ཡབ་གཞིས་ལྷ་ཀླུ་དགའ་ཚལ་ཡིན་པས་དེ་བསྡད་འཐུས་ཞེས་གཡར་པོ་གནང་། སྲིད་སྐྱོང་ཁྲི་རིན་པོ་ཆེ་ཕྱིར་ཕེབས་ཀྱིས་ཤོས་འགག་ཏུ་བཀའ་ཤག་ཆེད་འབོད་གནང་སྟེ། ངས་དབྱིན་ཇིའི་དཔོན་རིགས་དང་ཐུག་འཕྲད་བྱས་པ་ཡིན། ཁོང་ཚོ་སྐད་ཆ་ཕར་ཉན་ཚུར་བཤད་བྱེད་མི་སྤྱིར་སྟངས་རང་ལས། མཐོང་མ་ཐག་ནས་བསད་བཟུང་བྱེད་མི་ཞིག་མ་རེད། དེ་འདྲ་སོང་ཙང་ཞབས་པད་རྣམས་ད་མུས་དོགས་པ་བྱས་ཏེ་མ་བཞུགས་པར་ཁོ་ཚོ་དང་མཇལ་འཕྲད་གནང་སྟེ་བཀའ་མོལ་གནང་ན་ལེགས་ཚུལ་གསུངས་པར། བཀའ་བློན་རྣམས་ངོ་ཚ་ཁ་སྐྱེངས་བྱུང་བ་རེད་ཅེས་གླིང་།ཞེས་གསུངས་འདུག དེ་ལྟར་ཉིན་ཤས་སོང་མཚམས་སུ་གློ་བུར་དུ་གྲྭ་རིགས་གཉིས་དབྱིན་དམག་ནང་འཛུལ་ནས་དྲག་དཔོན་གཉིས་ལ་རྨས་ཚབས་ཆེན་པོ་བཟོས། གྲྭ་པ་གཉིས་དབྱིན་དམག་གིས་ལག་རུབ་ཀྱིས་འཇུས་ཏེ་དམར་བསོད་བཏང་། དེ་ནས་བཟུང་དེ་འདྲ་མི་འབྱུང་ཆེད་བཀའ་ཤག་ནས་མཁན་པོ་ལས་སྣེ་ཚོར་བཀོད་འདོམས་ཐབས་མཁས་དང་། དམག་ཟློག་ཞབས་བརྟན་སྒྲུབ་ཆེད་ཚོགས་ཆེན་དང་། གྲྭ་ཚང་། ཁང་ཚན་སོགས་ལ་མང་ཇ་དང་ཚོམ་ཇ་སོགས་ཉིན་ལྟར་བཙུགས་ཏེ་གང་བྱུང་འགྲོ་བསྐྱོད་མི་ཡོང་བའི་བཀག་འདོམས་དང་། ཉེར་འཁོར་གྱི་བོད་དམག་དང་། གྲོང་མི་སོགས་ལ་ཡང་དཀྲོག་རྐྱེན་མི་ཡོང་བའི་སློབ་གསོ་བཏང་གནང་བ་རེད། འབྲུག་པའི་སྐུ་ཚབ་ཨོ་རྒྱན་དབང་ཕྱུག་དང་། གོར་ཥའི་སྐུ་ཚབ་སོགས་ནས་བོད་གཞུང་ལ་དབྱིན་ཕྱོགས་ཀྱི་ཆིངས་དོན་ལ་མོས་མཐུན་བྱ་དགོས་པའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་། དབྱིན་ཕྱོགས་ནས་ཆིངས་འགྲིགས་དོན་ཚན་ཁག་བརྗོད་གསལ། རྒྱ་གར་དང་། བོད་གཉིས་སླད་ཀྱི་ཚོང་དོན་དང་། ཁྲོམ་ར་འཛུགས་རྒྱུའི་སྐོར་དང་། བོད་འབྲས་ས་མཚམས་ཀྱི་རྩོད་རྙོག ད་ལམ་དམག་དོན་འདིར་འགྲོ་སོང་གུན་གསབ་ཀྱི་སློག་ཆ། དམག་ཐོག་འཇུ་བཟུང་བྱས་པའི་ཕན་ཚུན་བཙོན་པ་བརྗེ་རྒྱུ་སོགས་རེད། དབྱིན་ཇིའི་འདོད་པ་ལྟར་གྱི་དོན་ཚན་རྣམས་ལ་རྒྱལ་བློན་དང་། བོད་ལྗོངས་སྤྱི་ཚོགས་བཀའ་གྲོས་ཀྱིས་འདོད་མོས་མེད་ཀྱང་། ཡས་བབས་མས་བཏེགས་ཀྱིས་འགྲིག་འཇག་བྱེད་པར་ཏཱ་ལའི་བླ་མ་ནི་བཞུགས་མེད།  དྲག་པོའི་སྟོབས་ཤུགས་དང་ཞི་བའི་དཔལ་འབྱོར་ཡང་མེད། ཝ་ལུང་དང་སྐྱིད་གྲོང་ས་བལ་བོད་ས་མཚམས་སྐོར་འཁྲུན་ཆོད་གཙང་མ་བྱུང་མེད་པ་དང་། རྒྱ་དམག་གིས་ཉག་རོང་དང་། ལི་ཐང་། འབའ། ཆག་ཕྲེང་སོགས་སུ་སུན་གཙེར་ཡང་ཡང་བྱེད་མུས། མན་ཇུ་གོང་མར་གནས་ལུགས་ཇི་ཙམ་ཞུས་ཀྱང་ཨ་ལན་ཙམ་ཡང་མེད་པ་དང་། དགྲ་གཉིས་བྱུང་ན་གཅིག་གྲོགས་ལ་བརྟེན་དགོས་པའི་དཔེ་བཞིན་དུག་ཆེན་སྨན་དུཡང་འགྱུར་སྲིད་སྙམ་གྱིས་ཁས་ལེན་གནང་རྒྱུའི་ཐུགས་ཐག་བཅད་དེ། ཕྱི་ལོ་༡༩༠༤ལོའི་ཟླ་༩ཚེས་༤ཉིན་འདྲ་མཉམ་མིན་པའི་ཆིངས་ཡིག་དོན་ཚན་བཅུ་ཅན་ལ་བཙན་པོས་མིང་རྟགས་འགོད་དུ་བཅུག་པ་རེད། མིང་རྟགས་བཀོད་རྗེས་ཟླ་༩ཚེས་༢༣ཉིན་དབྱིན་དམག་རྣམས་ལྷ་ས་ནས་ཕྱིར་ལོག་བྱས་འདུག ཐེངས་འདིར་དགྲ་ཕྱོགས་ཀྱི་མི་སྣ་ཁྱོན་བསྡོམས་༡༨༦༠༠སྐོར་བོད་དུ་འབྱོར་བ་དང་། རང་དམག་གི་འགྲོ་གྲོན་ཧ་ཅང་མངས་བ་མི་དམངས་དམར་བསོད་དགོན་པ་གྲོང་སྡེ་མེར་སྲིག་བཏང་བ། རིན་བྲལ་གྱི་ལྷ་སྐུ་རྟེན་གསུམ། གཡུ་བྱུར་གཟི་པོ་ཤེལ་ཕ་ལམ་སོགས་ཀྱི་ཁྲ་ལྡན་གསེར་གྱི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གཞན་ཡང་གསེར་དངུལ་གྱི་མཆོད་ཆས་གཙོས་འབོར་ཆེན། རྒྱལ་རྩེ་ལྷ་ཁང་དང་དགའ་ལྡན་ལྷ་ཁང་གཙོས་པའི་ལྷ་ཁང་ཁག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པ། ཕྱི་གླིང་པའི་དམག་གི་འགྲོ་གྲོན་དང་གཏོར་སྐྱོན་བྱུང་རིགས་ལ་ཉམས་གསོ་ལོ་མང་རིང་བྱེད་དགོས་བྱུང་བས་མངའ་འབངས་མི་སེར་གཞུང་ཞབས་གཉིས་ཀར་དཀའ་ངལ་སྨྲ་མི་ཤེས་པ་བྱུང་བ་བཅས་དབྱིན་བོད་དམག་འཁྲུག་གི་ཡོ་ལང་དེ་རེ་ཞིག་མཇུག་རྫོགས་པའོ།།
ཕུལ་བྱུང་དཔའ་བོའི་མཛེས་རྗེས་ཟུང་ཁྲག་གི། མཚོན་གྱིས་མཛེས་པའི་ལོ་རྒྱུས་བག་དན་དཀར།།
ནམ་ཡང་མི་ནུབ་ས་འཛིན་ལྷུན་པོའི་རྩེར།། གྲགས་པའི་སྲིད་གསུམ་གཡོ་འདི་ཨེ་མ་མཚར།།
བྱམས་བརྩེའི་སྟོབས་ཀྱིས་གོ་ཆ་བགོས་པའི་ཚེ།། ཕ་རོལ་དྲག་མཚོན་འཕྲུལ་ཆས་འཚང་ཁ་རྒོད།།
གདུག་རྩུབ་གཟུགས་བརྙན་ཅི་ཡང་ངོམ་པའི་ཚེ།། བཙན་རྒོལ་རྒྱལ་སྲུང་དཔའ་བོའི་གར་ལ་རྩེན།།
རྒྱལ་གཅེས་སྲོག་གིས་བསྐྲུན་པའི་རྡོ་རིང་དེ།། དྲན་འཛིན་སྙིང་གི་དབུས་སུ་འཛུགས་དང་ལྷན།།
རང་གཞན་དགེ་ལེགས་བྱེ་བའི་མཐུ་དཔུང་ལས།། བདེ་འགྲོ་བརྟེན་བདེའི་ལམ་བཟང་མངོན་འགྱུར་ཤོག།།
ཅེས་དབྱིན་བོད་དམག་འཁྲུག་གླེང་བ་ཞེས་བྱ་བ་འདི་ནི་ཕྱི་ལོ་༢༠༡༠ལོའི་ཟླ་༡༡པའི་ཚེས་༤ཉིན། ས་རཱ་བོད་ཀྱི་མཐོ་སློབ་སྐབས་བཅུ་པ་རིག་གནས་གསུམ་པའི་སློབ་མ། སྐལ་བཟང་དབང་མོས་བྲིས་པ་དགེའོ། ཐམས་ཅད་བཀྲིས་པར་ཤོག། །།








No comments:

Post a Comment