Friday 12 September 2014

འཁོར་བའི་འཇུག་ལྡོག་གི་རྩ་བར་གྱུར་པ་རང་བཞིན་བརྒྱད་ཅུ་བཤད་པ།

༄༅། །རྗེ་བཙུན་བླ་མ་དཔལ་ལྡན་རྡོ་རྗེ་སེམས་པ་ལ་གུས་པའི་ཕྱག་འཚལ་ཏེ། འདིར་འཁོར་བའི་འཇུག་ལྡོག་གི་རྩབར་གྱུར་པ་རང་བཞིན་བརྒྱད་ཅུ་བཤད་པ་ལ། ཞེ་སྡང་སྣང་བའི་སོ་གསུམ་དང་། མཆེད་པའི་རང་བཞིན་བཞི་བཅུ་དང་། ཐོབ་པའི་རང་བཞིན་བདུན་བཤད་པའོ། །དང་པོ་ནི། "ཀླུ་སྒྲུབ་ཀྱིས་མཛད་པས་"གསང་འདུས་རིམ་ལྔ་ལས། 
དེ་ཡི་རང་བཞིན་འགྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཆགས་བྲལ་དང་ནི་བར་བ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང་། མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྟོང་དང་སྟོང་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཉེར་ལེན་དང་། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིམ་པ་པོ་དང་རིག་མཚན་གཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །རྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསགས་པ་ཉིད་དང་ནི། །ཕྲ་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་བློ། །ཡུལ་ཅན་ཏེ། ཞེས་གསུངས་ཏེ། དང་པོ་ཆགས་བྲལ་ནི། རང་ཡུལ་"དགྲ་ལྟ་བུའི་ཡིད་དུ་མི་འོང་བའི་དངོས་པོ་ལ་དམིགས་ནས་"རང་སྟོབས་ཀྱི་མི་སྡུག་པའམ་ཡིད་དུ་མི་འོང་བར། འཛིན་ཅིང་ཁོང་འཁྲུགས་པའི་རྣམ་པ་ཅན་གྱི་འཛིན་སྟངས་མི་གསལ་བའི་ཞེ་སྡང་ཆུང་ངུ་དང་། གཉིས་པ་ཆགས་བྲལ་བར་མ་ནི། རང་ཡུལ་"དེ་ལྟ་བུ་ལ་དམིགས་ན་"རང་སྟོབས་ཀྱི་མི་སྡུག་པའི་ཡིད་དུ་མི་འོང་བར། འཛིན་ཅིང་ཁོང་འཁྲུགས་པའི་རྣམ་པ་ཅན་གྱི་འཛིན་སྟངས་གསལ་པོ་བྱུང་ཡང་ལུས་ངག་གི་བྱ་བ་ལ་"བརྡུང་བརྡེག་དང་ཚིག་རྩུབ་སོགས་"འཇུག་པར་བྱེད་མི་ནུས་པའི་"པས་ཆེན་པོར་མིན་པས་ན་བར་ན་གནས་"ཞེ་སྡང་འབྲིང་པོ་དང་། དེ་བཞིན་དུ་གསུམ་པ་། ཆགས་བྲལ་ཆེན་པོ་ནི། རང་ཡུལ་"སྔ་མ་ལྟ་བུ་ལ་དམིགས་ནས་"རང་སྟོབས་ཀྱི་མི་སྡུག་པའམ་ཡིད་མི་འོང་དུ་འཛིན་ཅིང་ཁོང་འཁྲུགས་པའི་རྣམ་པ་ཅན་གྱི་སེམས་ཤུགས་ཆེ་བ་བརྡུང་བརྡེགས་དང་ཚིགས་རྩུབ་སོགས་ལུས་ངག་གི་བྱ་བ་ལ་འཇུག་པར་བྱེད་ནུས་པའི་ཞེ་སྡང་ཆེན་པའོ། "འཛིན་སྟངས་མི་གསལ་བས་ཆུང་ངུ་རུ་བཞག གསལ་ཀྱང་ལུས་ངག་གི་བྱ་བའི་སྦྱོར་བ་བསྐུལ་མི་ནུས་པས་འབྲིང་པོ་རུ་བཞག གསལ་བ་མ་ཟད་བརྡུང་བརྡེག་སོགས་སྦྱོར་བའི་བྱ་བ་དངོས་སུ་བསྐུལ་ནུས་པས་ཆེན་པོ་རུ་བཞག་པའི་ཚུལ་འདི་འོག་གི་ཆུང་འབྲིང་ཆེ་གསུམ་གྱི་རྟོགས་པའི་རིགས་མཐའ་དག་ལ་དོན་འདི་སྦྱར་ཤེས་དགོས་"། བཞི་པ་ཡིད་ལ་འགྲོ་བཞི། དགེ་མི་དགེ་ལུང་མ་བསྟན་གྱི་ཡུལ་ཅི་རིགས་པ་"ལ་དམིགས་ནས་"ཐོག་མར་རང་སྟོབས་ཀྱི་ཡིད་ལ་སེམས་པར་བྱེད་པའི་སེམས་བྱུང་སེམས་པའོ། །ལྔ་པ་ཡིད་ལ་འོང་བ་ནི། དགེ་མི་དགེ་ལུང་མ་བསྟན་གྱི་ཡུལ་ཅི་རིགས་པ་"ཆགས་ནས་"དང་པོར་ཡིད་ལ་བཟུང་བའི་"ཟིན་པའི་"རྗེས་སུ་སླར་ཡང་རང་སྟོབས་ཀྱིས་ནང་དུ་"འདི་ལྟར་ཡིན་ནོ་སྙམ་པ་དང་"སེམས་ལ་"མི་བརྗེད་པར་ཡང་ཡང་"འཇག་པར་བྱེད་པའི་སེམས་བྱུང་སེམས་པའོ། །དྲུག་པ་མྱ་ངན་ནི། མཛའ་བཤེས་དང་"སོ་བྱང་སྔགས་གསུམ་གྱི་"བསླབ་པ་སོགས་ཡིད་དུ་འོང་བའི་ཡུལ་དང་བྲལ་བའི་"བ་ལ་དམིགས་"དབང་གིས་"རང་ཉིད་མི་དགའ་ཞིང་"རང་སྟོབས་ཀྱིས་གདུང་བའི་སྡུག་བསྔལ་གྱི་རྣམ་པ་ཅན་གྱི་འཛིན་སྟངས་མི་གསལ་བའི་ཚོར་བ་སྡུག་བསྔལ་ཆུང་ངུ་དང་་་་་་སོགས་པའི་བསྡུས་པ། བདུན་པ་མྱ་ངན་འབྲིང་པོ་ནི། མཛའ་བཤེས་དང་"སོ་བྱང་སྔགས་ཀྱི་"བསླབ་པ་སོགས་ཡིད་དུ་འོང་བའི་ཡུལ་དང་བྲལ་བའི་"ལ་དམིགས་"དབང་གིས་རང་སྟོབས་ཀྱི་"འགྱོད་པའི"གདུང་བའི་སྡུག་བསྔལ་གྱི་རྣམ་པ་ཅན་གྱི་འཛིན་སྟངས་གསལ་ཀྱང་ལུས་ངག་གི་བྱ་བ་ལ་འཇུག་པར་བྱེད་མི་ནུས་པའི་ཚོར་བ་སྡུག་བསྔལ་འབྲིང་པོ་དང་། བརྒྱད་པ་མྱ་ངན་ཆེན་པོ་ནི། མཇའ་བཤེས་དང་བསླབ་པ་སོགས་ཡིད་དུ་འོང་བའི་ཡུལ་དང་བྲལ་བའི་"དངོས་པོ་ལ་དམིགས་ནས་དེའི་"དབང་གིས་རང་སྟོབས་ཀྱི་གདུང་བའི་རྣམ་པ་ཅན་གྱི་འཛིན་སྟངས་གསལ་ཀྱང་ལུས་ངག་གི་བྱ་བ་ལ་འཇུག་པར་བྱེད་ནུས་པའི་ཚོར་བ་སྡུག་བསྔལ་ཆེན་པོ་དང་། དེ་བཞིན་དུ་དགུ་པ་ཞི་བ་ནི། "བདེན་པ་གཉིས་ཀྱིས་ཆོས་གང་རུང་ལ་དམིགས་ནས་"ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་མི་ཤེས་ཤིང་ཐང་ཆད་པ་བཞིན་ཧད་དེ་འདུག་པའི་རང་སྟོབས་ཀྱི་ཕྱིན་ཅི་ལོག་ཏུ་རྟོག་པའི་རྣམ་པ་ཅན་གྱི་ཤེས་བཞིན་མ་ཡིན་པ་དང་། བཅུ་པ་རྣམ་རྟོག་ནི། འདི་ཀ་བའོ་སྙམ་པ་ལ་སོགས་པ་རང་ཡུལ་གྱི་མིང་གདག་པའི་ཆའི་མཚན་མ་རང་སྟོབས་ཀྱི་འཛིན་པའི་རྣམ་པ་ཅན་གྱི་འདུ་ཤེས་དང་། བཅུ་གཅིག་པ། འཇིགས་པའི་"སྟག་གཟིག་ས་ཆུ་སོགས་ཀྱི་"གཟུགས་ལ་སོགས་པའི་རྒྱུ་ལས་རང་སྟོབས་ཀྱི་དཔའ་སེམས་ཞི་ནས་དམའ་ཞིང་"ཞུམ་ནས་"སྐྲགས་པའི་རྣམ་པ་ཅན་གྱི་འཛིན་སྟངས་མི་གསལ་བའི་སེམས་པ་ཆུང་བ་དང་། བཅུ་གཉིས་པ་འཇིགས་པ་བར་མ་ནི། འཇིགས་པའི་"སྟག་གཟིག་སོགས་"གཟུགས་ལ་སོགས་པའི་རྒྱུ་"དམིགས་"ལས་རང་སྟོབས་ཀྱི་དཔའ་སེམས་ཞི་ནས་དམའ་ཞིང་སྐྲག་པའི་རྣམ་པ་ཅན་གྱི་འཛིན་སྟངས་གསལ་ཀྱང་ལུས་ངག་གི་"ལན་བྱེད་པའམ་བྲོས་པ་སོགས་ཀྱི་"བྱ་བ་ལ་འཇུག་པར་བྱེད་མི་ནུས་པའི་སེམས་བྱུང་སེམས་པ་འབྲིང་པོ་དང་། བཅུ་གསུམ་པ་ཤིན་ཏུ་འཇིགས་པ་ནི། འཇིགས་པའི་གཟུགས་"སྟག་གཟིག་"ལ་སོགས་པའི་རྒྱུ་"ལ་དམིགས་པ་"ལས་རང་སྟོབས་ཀྱི་དཔའ་སེམས་ཞི་ནས་དམའ་ཞིང་སྐྲག་པའི་རྣམ་པ་ཅན་གྱི་བྲོས་པ་སོགས་ལུས་ངག་གི་བྱ་བ་ལ་འཇུག་པར་བྱེད་ནུས་པའི་སེམས་བྱུང་སེམས་པ་ཆེན་པོ་དང་། བཅུ་བཞི་པ་སྲེད་པ་ནི། རང་ཡུལ་དུས་གསུམ་གྱི་དངོས་པོ་ཡིད་དུ་འོང་བ་ཅི་རིགས་པ་དམིགས་ནས་རང་སྟོབས་ཀྱི་ཆགས་ཤིང་ཞེན་པའི་རྣམས་པ་ཅན་གྱི་འཛིན་སྟངས་མི་གསལ་བའི་འདོད་ཆགས་ཆུང་ངུ་དང་། བཅོ་ལྔ་པ་སྲེད་པ་བར་མ་ནི། རང་ཡུལ་དུས་གསུམ་གྱི་དངོས་པོ་ཡིད་དུ་འོང་བ་ཅི་རིགས་ལ་དམིགས་ནས་རང་སྟོབས་ཀྱི་ཆགས་ཤིང་ཞེན་པའི་རྣམ་པ་ཅན་གྱི་འཛིན་སྟངས་གསལ་ཀྱང་ལུས་ངག་གི་བྱ་བ་ལ་འཇུག་མི་ནུས་པའི་འདོད་ཆགས་འབྲིང་པོ་དང་། བཅུ་དྲུག་པ་སྲེད་པ་ནི་རང་ཡུལ་དུས་གསུམ་གྱི་དངོས་པོ་ཡིད་དུ་འོང་བ་ཅི་རིགས་ལ་དམིགས་ནས་རང་སྟོབས་ཀྱི་ཆགས་ཤིང་ཞེན་པའི་རྣམ་པ་ཅན་གྱི་ལུས་ངག་གི་"བསག་བསྲུང་སོགས་ལས་ད་བརྗོད་པའི"བྱ་བ་ལ་འཇུག་པར་བྱེད་ནུས་པའི་འདོད་ཆགས་ཆེན་པོ་དང་། བཅུ་བདུན་པ་ཉེ་བར་ལེན་པ་ནི། སྲེད་པའི་ཡུལ་ཡིད་འོང་ལ་"དམིགས་ནས་"རང་སྟོབས་ཀྱིས་འཇུག་པར་བྱེད་པའི་ལུས་ངག་གི་བྱ་བ་ལ་ཐོན་པའི་"བྱ་བ་བྱེད་བཞིན་པའི་"སྐབས་ཀྱིས་ཡང་འདོད་ཆགས་ཤུགས་ཆེ་བ་"དེ་ནི་ཉེ་བར་ལེན་པའི་རྟོགས་པ་ཡིན་པ་"དང་། བཅོ་བརྒྱད་པ་མི་དགེ་བ། "སྔར་གྱི་བླ་མཆོད་རྒྱུས་མེད་ལ་དད་པའི་སྒོ་ནས་ཆོས་ཞུས་རྒྱུ་རྫས་ཕུལ་བ་སོགས་ལ་ཕྱིས་སུ་དམ་ཉམས་སྡོམ་ལོག་དྲེད་པོ་ཡིན་པའི་འགྱོད་སེམས་སྐྱེ་བ་དང་། སྔར་སྡིག་པ་བྱས་པའི་ཕྱིས་སུ་བཤགས་ཤིང་བཟོད་པའི་དགེ་སྡིག་རྒྱུ་འབྲས་བཤད་པའི་འགྱོད་སེམས་སྐྱེ་བ་"དགེ་མི་དགེ་ལུང་མ་བསྟན་ག་རུང་གི་བྱ་བ་སྔར་བྱས་ཟིན་པ་ལ་"དམིགས་ནས་"རང་སྟོབས་ཀྱིས་སླར་ཡང་དེ་ལ་མི་འདོད་བཞིན་དུ་ཡིད་ལ་བཅག་པའི་རྣམ་པ་ཅན་གྱི་སེམས་བྱུང་འགྱོད་པ་"དེ་ཡིན་པ་"དང་། བཅུ་དགུ་པ་བཀྲེས་པ་ནི། ལྟོ་བའི་ཟས་ཟད་ནས་ཕོ་བ་ཁ་འབྱར་བའི་རེག་བྱའི་རྒྱུ་ལས་བྱུང་བའི་རང་སྟོབས་ཀྱི་ཡི་མི་བདེ་ཞིང་ཟས་འདོད་པའི་བློ་སྐྱེས་པའི་སེམས་བྱུང་"ནི་བཀྲེས་པའི་རྟོག་པ་"དང་། ཉི་ཤུ་པ་སྐོམ་པ་ནི། ཕོ་བར་སྐམ་ཟད་ནས་མེ་ཤས་ཆེ་བ་ལས། སྒང་བ་ཁ་འབྱར་དི་རེག་བྱ་ལས་བྱུང་བའི་རང་སྟོབས་ཀྱི་ཡིད་མི་བདེ་ཞིང་སྐོམ་འདོད་པའི་བློ་སྐྱེད་པའི་སེམས་བྱུང་དང་། ཉེར་གཅིག་པ་ཚོར་བ་ནི། རང་སྟོབས་ཀྱིས་སེམས་གདུང་བར་མ་གང་རུང་གི་རྣམ་པ་ཅན་གྱི་འཛིན་སྟངས་མི་གསལ་བའི་ཚོར་བ་ཆུང་ངུ་དང་། ཉེར་གཉིས་པ་ཚོར་བ་བར་མ་ནི། རང་སྟོབས་ཀྱི་སིམ་གདུང་བར་བ་གང་རུང་གི་རྣམས་པ་ཅན་གྱི་འཛིན་སྟངས་གསལ་ཀྱང་ལུས་ངག་གི་བྱ་བ་ལ་འཇུག་པར་མི་ནུས་པའི་ཚོར་བ་འབྲིང་པོ་དང་། ཉེར་གསུམ་པ་ཤིན་ཏུ་ཚོར་བ་ནི། རང་ཕྲོབས་ཀྱི་སིམ་གདུང་བར་མ་གང་རུང་གི་རྣམ་པ་ཅན་གྱི་ལུས་ངག་གི་བྱ་བ་ལ་འཇུག་པར་བྱེད་ནུས་པའི་ཚོར་བ་ཆེན་པོ་དང་། ཉེར་བཞི་པ། རིགས་པ་པོ་དང་། རིག་འཛིན་གཞི་སྟེ། རྟོག་པ་དེ་ཡུལ་རིག་པ་པོ་གང་ཟག་དང་། དེས་ཡུལ་འཛིན་བྱེད་རིག་པ་"འམ་ཤེས་པ་"དང་། "གང་"འཛིན་གཞི་ཀ་བ་བུམ་ཡལ་སོགས་པའི་ཡུལ་ཅན་རྣམས་ཅི་རིགས་པ་"ལ་དམིགས་ནས་"རང་སྟོབས་ཀྱི་ཕྱིན་"གང་ཟག་དང་ཤེས་པ་དང་ཡུལ་གསུམ་"ཅི་ལོག་བདེན་གྲུབ་ཏུ་འཛིན་པའི་རྣམ་པ་ཅན་གྱི་སེམས་བྱུང་བདེན་འཛིན་དང་། ཉེར་ལྔ་སོ་སོར་རྟོག་པ་ནི། རིགས་པའམ་འཐད་པ་ལམ་སོགས་མི་རིགས་པའམ་མི་འཐད་པ་ལམ་མིན་སོགས་རང་སྟོབས་ཀྱི་དཔྱོད་པའི་ཕར་བསམ་ཚུལ་བསམ་"སྣང་ལ་མ་ངེས་པ་ཡིན་པར་དོན་དེ་"ངེས་རྟོག་ཅན་གྱི་སྟེབབ་ཀྱི་རྗེས་སུ་གྲུབ་པའི་སེམས་བྱུང་དང་། ཉེར་དྲུག་ངོ་ཚ་ཤེས་པ་ནི། རང་ལ་རྣམས་སྨིན་སྡུག་བསྔལ་སོགས་ཉེས་པ་འབྱུང་བར་ཤེས་ནས་ཁ་ན་མ་ཐོ་བ་ལ་རང་སྟོབས་ཀྱི་འཛེམ་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། ཉེར་བདུན་པ་སྙིང་རྗེ་ནི། རང་སྟོབས་ཀྱི་རང་གཞན་ཅི་རིགས་པའི་རྒྱུད་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་གང་རུང་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། ཉེར་བརྒྱད་པ་བརྩེ་བ་ཆུང་ངུ་ནི། རང་ཉིད་"ལོངས་སྤྱོད་གཉེན་བཤེས་སོགས་"གང་ལ་དགའ་བའི་ཡུལ་དེ་ལ་རང་སྟོབས་ཀྱིས་ཡིད་དུ་སྡུག་ཅིང་གཅེས་ཕང་གི་རྣམ་པར་ཤར་བའི་སེམས་བྱུང་དང་། ཉེར་དགུ་པ་བརྩེ་བ་འབྲིང་པོ་ནི་རང་ཉིད་གང་ལ་དགའ་བའི་ཡུལ་དེ་ལ་"དམིགས་ནས་"རང་སྟོབས་ཀྱིས་ཡིད་དུ་སྡུག་ཅིང་རང་ལ་"རྙེད་བྱའི་ཟས་གོས་སོགས་"རྙེད་པ་"འདོད་"དང་"མཛའ་བཤེས་སོགས་"འཕྲད་པར་འདོད་པའི་སེམས་བྱུང་དང་། སུམ་ཅུ་པ་བརྩེ་བ་ཆེན་པོ་ནི། རང་ཉིད་གང་ལ་དགའ་བའི་ཡུལ་དེ་ལ་"དམིགས་ནས་"རང་སྟོབས་ཀྱིས་ཡིད་འོང་དུ་མཐོང་ནས་དེ་ལ་གནོད་པ་སྲུང་བར་འདོད་པའི་སེམས་བྱུང་དང་། སོ་གཅིག་པ་དོགས་པ་ནི། འདུ་བྱས་རྣམས་རྟག་མི་རྟག་སྙམ་སོགས་རང་ཡུལ་"འདུས་བྱས་མི་རྟག་པའི་ཆོས་ལྟ་བུ་"ལ་རང་སྟོབས་ཀྱིས་རྩེ་གཉིས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཐེ་ཚོམ་དང་། སོ་གཉིས་པ་གསགས་པ་ནི། རང་གི་ཕུན་ཚོགས་ལ་ཆགས་པའི་རྒྱུ་ལས་བྱུང་བའི་རང་སྟོབས་ཀྱི་ལོངས་སྤྱོད་དང་"སྒྲ་ཚད་སོགས་ཀྱི་"རང་རིགས་སོགས་གཞན་ལ་གཏོང་མི་སྤྲོ་བར་དམ་དུ་འཛིན་པའི་རྣམ་པ་ཅན་གྱི་སེམས་བྱུང་སེར་སྣ་དང་"ཡིན་པ་དེ་བསགས་པའི་སེམས"། སོ་གསུམ་པ་ཕྲ་དོག་ནི་གཞན་གྱི་ཕུན་ཚོགས་ལ་"དམིགས་ནས་"རང་སྟོབས་ཀྱི་"གཞན་གྱི་ཕུན་ཚོགས་དགའ་བ་སྡུད་པའི་རང་བཞིན་སྡུད་པའི་སེམས་ཀྱང་ཟེར་བས་"སེམས་མི་བཟོད་པར་ཁོང་འཁྲུགས་པའི་རྣམ་པ་ཅན་གྱི་སེམས་དང་སོ་གསུམ་མོ། ༈ གཉིས་པ་མཆོད་པའི་རང་བཞིན་བཞི་བཅུ་ནི། གསང་འདུས་རིགས་ལྔ་ལས། ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བར་མ་ཤིན་ཏུ་དགའ། །རིགས་དང་ཤིན་ཏུ་མགུ་བ་དང་། །ངོ་བོ་དེ་བཞིན་རྒོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་རྒྱལ་དང་། །བྱ་དང་འཕྲོག་དང་སྟོབས་དང་ནི། །སྤྲོད་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་ནི་ལྷན་གཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག །རྣམ་པར་སྒོགས་དང་ཞེ་འགྲས་ཉིད། །དགེ་དང་ཚིགས་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པའོ། །བསྐུལ་དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་སྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་ངག་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་གཅིག་སྟེ། །ཞེས་གསུངས་ཏེ། དང་པོ་ཆགས་པ་ནི། རང་ལ་"བྱིན་དུ་"ཐོབ་པར་བྱ་རྒྱུའི་ཡུལ་ལ་"དམིགས་ནས་"རང་སྟོབས་ཀྱི་ཡིད་ཆགས་པའི་རྣམ་པ་ཅན་གྱི་སེམས་བྱུང་འདོད་ཆགས་དང་། གཉིས་པ་ཞེན་པ་ནི། རང་ལ་ཐོབ་ཟིན་པའི་ཡུལ་ལ་"དམིགས་ནས་"རང་སྟོབས་ཀྱི་ཆགས་པའི་རྣམ་པ་ཅན་གྱི་སེམས་བྱུང་འདོད་ཆགས་དང་། དེ་བཞིན་དུ་གསུམ་པ་ཡིད་འོང་ངམ་དགའ་བ་ནི། རང་ཡུལ་ཡིད་དུ་འོང་བའི་དངོས་པོ་"ལ་དམིགས་ནས་"མཐོང་ཙམ་ནས་རང་སྟོབས་ཀྱི་ཆགས་ཤིང་། དགའ་བའི་རྣམ་པ་ཅན་གྱི་འཛིན་སྟངས་མ་གསལ་བའི་སེམས་བྱུང་འདོད་ཆགས་ཆུང་ངུ་དང་། བཞི་པ་དགའ་བ་བར་མ་ནི། རང་ཡུལ་ཡིད་དུ་འོང་བའི་དངོས་པོ་གཟུགས་སྒྲ་དྲི་རོ་རེག་བྱ་"གང་རུང་ལ་དམིགས་ནས་"མཐོང་ཙམ་ནས་ཆགས་ཤིང་དགའ་བའི་རྣམ་པ་ཅན་གྱི་འཛིན་སྟངས་གསལ་ཀྱང་ལུས་ངག་གི་བྱ་བ་ལ་འཇུག་པར་བྱེད་མི་ནུས་པའི་སེམས་བྱུང་འདོད་ཆགས་འབྲིང་པོ་དང་། ལྔ་པ་ཤིན་ཏུ་དགའ་བ་ནི། རང་ཡུལ་ཡིད་དུ་འོང་བའི་དངོས་པོ་"དེ་ལ་དམིགས་ནས་"མཐོང་ཙམ་ནས་རང་སྟོབས་ཀྱིས་ཆགས་ཤིང་དགའ་བའི། རྣམ་པ་ཅན་གྱི་ལུས་ངག་གི་བྱ་བ་ལ་འཇུག་པར་བྱེད་ནུས་པའི་སེམས་བྱུང་འདོད་ཆགས་ཆེན་པོ་དང་། དྲུག་པ་རངས་པ་ནི། "འཇིག་རྟེན་གྱི་"ཟས་ནོར་དང་"ཆོས་ཀྱི་"ཐོས་བསམ་སོགས་འདོད་པའི་དོན་འགྲུབ་པ་ལ་རང་སྟོབས་ཀྱིས་དགའ་བའི་རྣམ་པ་ཅན་གྱི་སེམས་བྱུང་དང་། བདུན་པ་ཤིན་ཏུ་མགུ་བ་ནི། རང་གི་"བསྒྲུབ་བྱའི་དོན་"གྲུབ་"ཟིན་"པའི་དོན་"དེ་ལ་དམིགས་ནས་"དེའི་རྣམ་པ་དེ་རང་སྟོབས་ཀྱིས་ཡང་ཡང་མྱོང་བའི་རྣམ་པ་ཅན་གྱི་སེམས་བྱུང་དང་། བརྒྱད་པ་ངོར་ནི། ཟས་ནོར་དང་དད་ཐོས་བསམ་སོགས་གསར་ཐོབ་ཀྱི་དངོས་པོ་དེ་ལ་"དམིགས་ནས་"བརྟེན་ནས་རང་སྟོབས་ཀྱིས་སེམས་མཐོ་བར་གྱུར་ནས་མ་ཞི་བའི་"འམ་མི་དགའ་"རྣམ་པ་ཅན་གྱི་སེམས་བྱུང་དང་། དེ་བཞིན་དུ་དགུ་པ་རྒོད་པ་ནི། སྔར་"སྔར་ཡིད་འོང་གི་"ཉམས་སུ་་་་ཡུལ་ལ་"དམིགས་ནས་"རང་སྟོབས་ཀྱིས་ཆགས་ནས་འཇུག་པའི་གཡོད་བའི་རྣམ་པ་ཅན་གྱི་སེམས་བྱུང་དང་། བཅུ་པ་ཚིམ་པ་ནི། གཟུགས་སྒྲ་སོགས་ཅི་རིགས་པའི་དངོས་པོ་ལ་"དམིགས་ནས"ལོངས་སྤྱོད་"ནས་ཚིམ་"པ་དང་དེ་རང་ལ་ཐོབ་པའི་རང་སྟོབས་ཀྱིས་སེམས་ཚིམ་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། དེ་བཞིན་དུ་བཅུ་གཅིག་པ་འཁྱུད་པ་ནི། "རང་ཡུལ་"བུད་མེད་ལ་"དམིགས་ནས་ལུས་ཀྱི་རེག་བྱ་"འཁྱུད་པ་དང་གཟུགས་མཛེས་པ་ལ་ལྟ་བ་"འི་འཁྱུད་པ་"སོགས་རང་ཡུལ་ལ་ཆགས་པའི་དབང་གིས་རང་སྟོབས་ཀྱིས་ལུས་ངག་གི་བྱ་བ་རྩོམ་པར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། བཅུ་གཉིས་པ་འོ་བྱེད་པ་ནི། བུད་མེད་ལ་འཁྱུད་ཅིང་འོ་བྱེད་པ་གཟུགས་མཇེས་པ་ལ་ཡང་ལྟ་བ་སོང་རང་ཡུལ་ལ་"དམིགས་ནས་"ཆགས་པའི་དབང་གིས་ལུས་ངག་གི་བྱ་བ་རྒྱུན་མི་འཆད་པར་ཡང་ཡང་རྩོམ་པར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། བཅུ་གསུམ་པ་འཇིབ་པ་ནི། བུད་མེད་ཀྱི་མ་མཆུའི་སྟང་རྩི་འཇིབ་པ་དང་གཟུགས་མཛེས་པ་ལ་"ལྟ་བའི་འཇིགས་པ་སོགས་"ལོངས་སྤྱོད་པ་ནམ་ཡང་རྒྱུན་ལི་འཆད་པར་འདོད་པ་སོགས་རང་ཡུལ་ལ་"དམིགས་ནས་"ཆགས་པའི་དབང་གིས་ཡུལ་དེ་ལ་ལུས་ངག་གི་"འཇིབ་པ་ལྟ་བ་སོགས་ཀྱི་"བྱ་བ་མི་འདོར་བར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། བཅུ་བཞི་པ་བརྟན་པ་ནི། སངས་རྒྱས་ཡོན་ཏན་ཅན་དུ་འཛིན་པའི་འདུ་ཤེས་"གཞན་གྱིས་"བསྒྱུར་བའི་ནུས་པ་དང་ལས་འབྲས་མེད་པར་འཛིན་པའི་འདུས་ཤེས་"གཞན་གྱིས་"བསྒྱུར་མི་ནུས་པ་སོགས་རང་ཡུལ་"དེ་དག་ལ་དམིགས་ནས་རང་གི་"ཇི་ལྟར་བཟུང་བ་ལས་མི་འགྱུར་བའི་རྣམ་པ་ཅན་གྱི་སེམས་བྱུང་འདུ་ཤེས་དང་། བཅོ་ལྔ་པ་བརྩོན་པ་ནི། དགེ་བ་ལ་"དམིགས་ནས་"རང་སྟོབས་ཀྱིས་སྤྲོ་བའི་རྣམ་པ་ཅན་གྱི་སེམས་བྱུང་བ་བརྩོན་འགྲུས་དང་། བཅུ་དྲུག་པ་ང་རྒྱལ་ནི། བདག་དང་བདག་གི་ཡོན་ཏན་གང་རུང་ལ་དམིགས་ནས་རང་སྟོབས་ཀྱིས་སེམས་ཁེངས་བའི་རྣམ་པ་ཅན་གྱི་སེམས་བྱུང་ང་རྒྱལ་སྟེ་"དབྱེ་ན་"ང་རྒྱལ་བདུན་ལ་སོགས་པ་དང་། བཅུ་བདུན་བྱ་བ་ནི། "ལུས་ཀྱི་བྱ་བ་"བུམ་པ་བཟོ་བ་"གོས་བཟོ་ཤིང་བཟོ་"སོགས་དང་"ངག་གི་ཚིག་སྨྲ་བས་བྱ་དང་ཡིད་ཀྱི་བྱ་བ་"དད་པ་བསྐྱེད་པ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་རིགས་པ་"ལ་དམིགས་ནས་བྱ་བ་དེ་"ཡོངས་སུ་རྫོགས་པར་བྱེད་པའི་རྩོལ་བ་རང་སྟོབས་ཀྱི་མི་འདོར་བའི་རྣམ་པ་ཅན་གྱི་སེམས་བྱུང་དང་། བཅོ་བརྒྱད་པ་འཕྲོག་པར་འདོད་པ་ནི། རང་སྟོབས་ཀྱིས་གཞན་གྱི་ལོངས་སྤྱོད་ལ་"དམིགས་ནས་"ཐོབ་པར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་བརྣབ་སེམས་དང་། བཅུ་དགུ་པ་སྟོབས་ནི། གང་ཟག་གཞན་"དགྲ་ལྟ་བུ་"ལ་"དམིགས་ནས་"རང་སྟོབས་ཀྱིས་གནོད་པ་བྱེད་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་གནོད་སེམས་དང་། ཉི་ཤུ་པ་སྤྲོ་བ་ནི། དགེ་"བའི་བྱ་བ་བརྩོན་པར་དང་"མི་དགེ་"བ་སྲོག་གཅོད་པ་ལྟ་བུ་དང་"ལུང་མ་བསྟན་གྱི་བྱ་བའི་ལས་གང་རུང་ལ་"དམིགས་ནས་"རང་སྟོབས་ཀྱིས་ཡིད་སྤྲོ་བའི་རྣམ་པ་ཅན་གྱི་སེམས་བྱུང་"སྤྲོ་བིའ་སེམས་"བརྩོན་འགྲུས་"ཀྱི་རྫས་སུ་"སུ་གྲུབ་པ་དང་། ཉེར་གཅིག་པ་ལྷན་གཅིག་སྐྱེས་པ་ནི། "རྒྱ་ཆོས་བོད་དུ་བསྒྱུར་བའི་སྐབས་ལོ་ཙཱ་བས་"འགྱུར་ཉེས་"ནས་ལྷན་སྐྱེས་སུ་བསྒྱུར་བ་ཡིན་ཀྱི་དོན་ལ་"པ་སྟེ་ཚམ་ཚོ་"ཞེས་པ་"ཡིན་པས། "ཚམ་ཚོམ་ཅུང་བའི་མི་རྟོག་པ་"དེ་ནི་"དགེ་སྡིག་ལུང་མ་བསྟན་ཀྱིས་ལས་"བྱ་དཀའ་བའི་ལས་ལ་རང་སྟོབས་ཀྱིས་སྦྱིད་ལུགས་ནས་"ཐག་མ་ཆོད་པའི་"ཚམ་ཚོམ་དུ་ལུས་ཤིང་"བྱ་བ་དེ་ལ་"སྦྱར་མི་ནུས་སྙམ་པའི་རྣམ་པ་ཅན་གྱི་སེམས་བྱུང་འཛིན་སྟངས་མི་གསལ་"ཀ་ཁ་སོགས་"བའི་"བའི་ཐག་མ་ཆོད་པའི་"ཆུང་ངུ་དང་། ཉེར་གཉིས་པ་ཚམ་ཚོམ་བར་མ་ནི། བྱ་དཀའ་བའི་ལས་ཨ་རང་སྟོབས་ཀྱིས་སྒྱི་ལུགས་ནས་དེ་ལ་སྦྱོར་མི་ནུས་སྙམ་པའི་རྣམ་པ་ཅན་གྱི་སེམས་བྱུང་འཛིན་སྟངས་གསལ་ཀྱང་ལུས་ངག་གི་བྱ་བ་ལ་འཇུག་པར་བྱེད་མི་ནུས་པའི་འབྲིང་པོ་དང་། ཉེར་གསུམ་པ་ཤིན་ཏུ་ཚམ་ཚམ་ནི། བྱ་དཀའ་བའི་ལས་ལ་"དམིགས་ནས་"རང་སྟོབས་ཀྱིས་སྒྱིད་ལུགས་ནས་དེ་ལ་སྦྱོར་མི་ནུས་སྙམ་པའི་རྣམ་པ་ཅན་གྱི་སེམས་བྱུང་ལུས་ངག་གི་བྱ་བ་ལ་གི་བྱ་བ་ལ་འཇུག་པར་བྱེད་ནུས་པའི་ཚེན་དང་། ཉེར་བཞི་པ་དྲག་པ་ནི། གང་ཟག་གཞན་ལ་རང་སྟོབས་ཀྱིས་མཚོན་གྱི་བརྡེག་པ་ལ་སོགས་པ་དངོས་སུ་གནོད་པ་བྱེད་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་ཁྲོ་བ་"དེ་དྲག་པོ་"དང་། ཉེར་ལྔ་པ་རྣམ་པར་སྒེགས་པ་ནི། "རང་གཏི་ལུས་ཀྱི་བྱ་བ་ལ་དམིགས་ནས་"རང་སྟོབས་ཀྱིས་མཛེས་ཆོས་བྱེད་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། ཉེར་དྲུག་པ་ཞེ་འགྲས་པ་ནི། "སྔར་"གཞན་གྱིས་གནོད་པ་བྱས་པའི་"ཚུལ་ལ་དམིགས་ནས་"འཁོན་རང་སྟོབས་ཀྱིས་མི་བརྗེད་པར་དམ་དུ་འཛིན་པའི་རྣམ་པ་ཅན་གྱི་སེམས་བྱུང་འཁོན་འཛིན་དང་། ཉེར་བདུན་པ་དགེ་བ་ནི། རང་བཞིན་གྱི་དགེ་བ་ཅི་རིགས་པ་ལ་རང་སྟོབས་ཀྱིས་ཡིད་དགའ་བའི་རྣམ་པ་ཅན་གྱི་སེམས་བྱུང་དང་། ཉེར་བརྒྱད་པ་ཚིག་གསལ་བ་ནི། གཞན་གྱི་"ངེས་པ་ཅན་གྱིས་"གོ་བའི་ཚིག་གསལ་བོ་སྨྲ་བར་བྱེད་པའི་ཀུན་སློང་དུ་གྱུར་བའི་དེ་ལྟར་སྨྲ་བར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། ཉེར་དགུ་པ་བདེན་པ་ནི། "བདེན་པའི་ཚིག་དོན་ལ་དམིགས་ནས་"འདུ་ཤེས་མ་བསྒྱུར་བར་སྨྲ་བའི་ཀུན་སློང་དུ་གྱུར་པའི་འདུ་ཤེས་མ་བསྒྱུར་བར་བདེན་པར་སྨྲ་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། སུམ་ཅུ་པ་མི་བདེན་པ་ནི། "བཤད་བྱའི་ཚིག་དོན་ལ་དམིགས་ནས་"རང་སྟོབས་ཀྱིས་འདུ་ཤེས་བསྒྱུར་ཏེ་མི་འདེན་པའི་ཚིག་སྨྲ་བར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། དེ་བཞིན་དུ་སོ་གཅིག་པ་ངེས་པ་ནི། དགེ་མི་དགེ་ལུང་མ་བསྟན་ཅི་རིགས་པའི་དངོས་པོ་ལ་"དམིགས་ནས་"རང་སྟོབས་"དེ་དང་དེ་བསྒྲུབ་པར་བྱའོ་སྙམ་དུ་"ཡིད་དམ་བརྟན་པོར་བཅའ་བའམ་འཛིན་པའི་སེམས་བྱུང་གོ་ཆའི་སེམས་པ་དང་། སོ་གཉིས་པ་ཉེ་བར་མི་ལེན་པ་ནི། "ཉེར་བར་བླང་བྱ་"གཟུགས་སོགས་ཡུལ་དྲུག་པོ་གང་རུང་"ལ་དམིགས་ནས་"རང་སྟོབས་ཀྱིས་འཛིན་པར་མི་འདོད་པའི་སེམས་བྱུང་དང་། སོ་གསུམ་པ་སྦྱིན་པ་པོ་"འི་སེམས་"ནི། ལུས་ལོངས་སྤྱོད་སོགས་ཅི་རིགས་"ལ་དམིགས་ནས་"རང་སྟོབས་ཀྱིས་གཞན་ལ་གཏོང་སྙམ་པའི་རྣམ་པ་ཅན་གྱི་སེམས་བྱུང་སེམས་པ་དང་། སོ་བཞི་པ་ནི། ས་བསྐུལ་བ་"འི་སེམས་"ནི། "རྒྱུ་ཅ་ལག་གམ་སྐད་ཡི་གེ་སོགས་"ཡུལ་གཅིག་ནས་ཡུལ་གཞན་ལ་"སྟོང་ཆུང་ངུ་ནས་ཆེན་པོར་བསྐུར་བའམ་ཤར་ནས་ཤར་དང་ལྷོ་ནས་ལྷོ་སོགས་ལ་"བསྐུལ་བར་རང་སྟོབས་ཀྱིས་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། དེ་བཞིན་དུ་སོ་ལྔ་པ་དཔའ་བོ་"འི་སེམས་"ནི། "གོང་མའི་ལམ་ལ་དམིགས་ནས་"གྲིབ་པ་ལས་གྲོལ་བར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། སོ་དྲུག་པ་ངོ་ཚ་མེད་པ་ནི། "ཁ་ན་མ་ཐོ་བའི་ཉེས་པ་ལ་དམིགས་ནས་"རང་རྒྱུ་མཚན་དུ་བྱས་ནས་རང་སྟོབས་ཀྱིས་ཁ་ན་མ་ཐོ་བ་ལ་མི་འཛེམ་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་། སོ་བདུན་པ་སྒྱུ་ནི། གཡོ་སྒྱུ་དད་མཚུངས་ལྡན་གྱི་རང་སྟོབས་ཀྱིས་"རང་ལ་ཡོན་ཏན་མེད་པ་ཡོད་པར་སྟོན་པར་འདོད་པའི་མི་འཇོག་པར་གཞན་ལ་ཡོན་ཏན་མེད་པ་ཡོད་པར་སྟོན་འདོད་པའི་སྒོ་ནས་འདིར་"གཞན་བསླུ་བར་ནང་དུ་སེམས་པར་བྱེད་པའི་སེམས་བྱུང་སེམས་པ་དང་། སོ་བརྒྱད་པ་གདུག་པ་ནི། གང་ཟག་གི་བདག་མེད་པ་ལ་ཡོད་པར་ལྟའི་ཤེས་རབ་ཉོན་མོངས་ཅན་ལོགས་པ་རང་ཡུལ་ལ་རང་སྟོབས་ཀྱིས་ཕྱིན་ཅི་ལོག་ཏུ་"བདག་ཡོད་པར་ལྟ་བ་སོགས་"འཛིན་པའི་རྣམ་པ་ཅན་གྱི་ཤེས་རབ་ཀྱི་རྗེས་སུ་གྱུར་པའི་སེམས་བྱུང་སྟེ་ལྟ་བ་ལྔ་"བཅས་ཡིན་པ་"དང་།  སོ་དགུ་པ་མི་བསྲུན་པ་ནི། "གཞན་གྱིས་ལོངས་སྤྱོད་ལ་དམིགས་ནས་"རང་སྟོབས་ཀྱིས་གཞན་གྱི་ལོངས་སྤྱོད་སོགས་ལ་"བེད་སྤྱོད་བྱས་ནས་"ཕངས་མེད་བྱེད་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་མཐོ་མཚམས་པ་དང་། བཞི་བཅུ་པ་གྱ་གྱུ་ནི། "བདག་རང་ལ་དམིགས་ནས་"རང་ལ་ཡོན་ཏན་མེད་ཀྱང་རང་སྟོབས་ཀྱིས་ཡོན་ཏན་ཡོད་པར་སྟོན་འདོད་པའི་རྣམ་པ་ཅན་གྱི་གཡོ་དང་། རང་གི་སྐྱོན་གཞན་གྱིས་མི་མངོན་པར་"སྦ་བར་"བྱེད་འདོད་པའི་རྣམ་པ་ཅན་གྱི་སྒྱུ་དང་གཉིས་པོ་"གྱ་གྱུའི་སེམས་"གཅིག་ཏུ་བསྡོམས་པ་དང་བཞི་བཅུའོ། ༈ གསུམ་པ་ཐོབ་པའི་རང་བཞིན་བདུན་ནི། གསང་འདུས་རིམ་ལྔ་ལས། ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངེས་པ་དང་འཁྲུལ་བ་དང་། །མི་སྨྲ་གྱུར་དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །ཞེས་གསུངས་ཏེ། དང་པོ་ཆགས་པ་བར་མ་ནི། "བདེན་པ་གཉིས་ཀྱི་ཆོས་ལ་དམིགས་ནས་"ཆོས་གང་གི་ཡང་གནས་ཚུལ་མི་ཤེས་པར་རང་སྟོབས་ཀྱིས་རྨོངས་པའི་རྣམ་པ་ཅན་གྱི་སེམས་བྱུང་མ་རིག་པ་སྟེ། མ་རིག་པ་འདིས་རང་མ་ཟད་འདོད་ཆགས་བསྐྱེད་པ་དེས་ཀྱང་སེམས་རྨོངས་པར་བྱེད་པས་ན་"འབྲས་མིང་རྒྱ་ལ་བཏགས་ནས་"མ་རིག་པ་ལ་ཆགས་པ་བར་མ་ཞེས་སྨྲོས་པ་ཡིན་ནོ། །གཉིས་པ་བརྗེད་ངེས་ནི། དགེ་མི་དགེ་ལུང་མ་བསྟན་གྱི་དངོས་པོ་ཅི་རིང་ལ་"དམིགས་ནས་"རང་སྟོབས་ཀྱིས་བརྗེད་པའི་རྣམ་པ་ཅན་གྱི་སེམས་བྱུང་དྲན་པ་ཉམས་པ་དང་། གསུམ་པ་འཁྲུལ་བ་ནི། སྨིག་སྒྱུ་ཆུར་འཛིན་"ཐག་ཁྲ་ལ་སྦྲུལ་འཛིན་"ལ་སོགས་པ་འཁྲུལ་པའི་འདུ་ཤེས་དང་། བཞི་པ་མི་སྨྲ་བ་ནི། "སྨྲ་བྱས་ཚིག་ལ་དམིགས་ནས་"རང་སྟོབས་ཀྱིས་"བཤད་པའི་སུན་པ་ལྟ་བུ་"ཚིག་སྨྲ་བ་ལས་སེམས་ལོག་ནས་མི་སྨྲ་བར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་སྟེ། "གཞན་ཡང་གསང་འདུས་པ་"ཁ་ཅིག་ཆོས་རྣམས་ཀྱི་མིང་ལ་རྨོངས་"དབང་གིས་བཤད་མི་ཤེས་པས་ན་དེ་འདྲའི་"པའི་སེམས་བྱུང་ལ་"མི་སྨྲ་བའི་སེམས་སུ་"བཤད་དོ། །ལྔ་པ་སྐྱོ་བ་ནི་གཟུགས་ལ་བལྟ་ཆེས་པ་དང་"གཏམ་"སྨྲ་བ་ལ་འཇུག་ཆེས་པས་ཡིད་སུན་པ་སོགས་དགེ་མི་དགེ་ལུང་མ་བསྟན་་གྱི་ཡུལ་ཅི་རིགས་ལ་"དམིགས་ནས་"སེམས་སུན་པའི་རྣམ་པ་ཅན་སེམས་བྱུང་དང་། དྲུག་པ་ལེ་ལོ་ནི། "དགེ་བ་ལ་དམིགས་ནས་"རང་སྟོབས་ཀྱིས་དགེ་བ་ལ་མི་སྤྲོ་བའི་སེམས་བྱུང་དང་། བདུན་པ་ཐེ་ཚོམ་ནི། འདུས་བྱས་མི་རྟག་པ་བསྒོམ་པ་ན་"འདུས་བྱས་ཀྱིས་ཆོས་ལ་དམིགས་ནས་"འདུས་བྱས་རྟག་གམ་མི་རྟག་སྙམ་པ་ལ་སོགས་པ་"རྩེ་གཅིག་པའི་"ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་རང་སྟོབས་ཀྱིས་རྩེ་གཉིས་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་བདུན་ནོ། དེ་ལྟར་གསང་འདུས་རིགས་ལྔ་ལས་རང་བཞིན་བརྒྱད་ཅུ་གསུངས་པ་ནི། རྒྱུད་ལས་རང་བཞིན་བརྒྱ་རྩ་དང་བརྒྱད་གསུངས་པ་ཐམས་ཅད་བརྒྱད་ཅུར་འདུས་པར་དགོངས་པ་དང་། རྒྱུད་གཞན་ལས་ཀྱང་རང་བཞིན་བརྒྱད་ཅུའི་ཐ་སྙད་ཡོད་པ་ལྟར་རང་བཞིན་བརྒྱད་ཅུར་བསྡུས་ནས་བསྟན་པ་ཡིན་ནོ། །དེ་ལྟར་རང་བཞིན་"མགོན་པོ་ཀླུ་སྒྲུབ་ཀྱིས་"ཚན་པ་གསུམ་གྱི་ཚན་པ་དང་པོར་ཞེ་སྡང་""མཚན་ཉིད་པ་ཐོག་མར་"བཟུང་ནས་བསྟན"ཡོད་པ་དང་ཞེ་སྡང་གི་ཕྱོགས་མཐུན་"ཀྱི་རྟོག་པ་"མང་བས་ཞེ་སྡང་གི་རྣམ་རྟོག་སོ་གསུམ་"ཞེས་གྲངསས་སུ་བཞག་པ་"དང་། ཚན་གཉིས་པ་ལ་ཡང་ཐོག་མར་འདོད་ཆགས་ཡོད་པ་དང་། འདོད་ཆགས་ཀྱི་རྟོག་པ་མང་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་དང་། དེ་བཞིན་དུ་ཚན་པ་གསུམ་པ་ལ་གཏི་མུག་ཐོག་མར་ཡོད་ཅིང་གཏི་མུག་ཕྱོགས་མཐུན་མང་བས་གཏི་མུག་གི་རྣམ་རྟོག་བདུན་ཞེས་བརྗོད་པ་ཡིན་གྱི་ཞེ་སྡང་གི་རྟོག་པ་སོ་གསུམ་པོ་ལ་ཞེ་སྡང་གིས་ཁྱབ་པ་ལ་སོགས་པ་ནི་མ་ཡིན་ནོ། །རྟོག་པ་བརྒྱད་ཅུ་པོ་འདི་དག་ནི་འཁོར་བར་འཕེན་བྱེད་ཀྱི་ལས་དང་འགྲུབ་བྱེད་ཀྱི་ལས་བསགས་བྱེད་ཡིན་པས་འཁོར་བའི་རྩ་བ་དང་། རང་བཞིན་གྱི་རྟོགས་པ་བརྒྱད་ཅུ་དེ་དག་རང་རང་གི་བཞོན་པའི་རླུང་དང་བཅས་པ་དབུ་མར་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས། ཐིག་ལེའི་རང་བཞིན་དུ་བཅུག་པ་ལས་འཁོར་བ་ལྡོག་པར་འགྱུར་བས་འདི་དག་འཇུག་ལྡོག་བྱེད་པའི་གཞི་ཡིན་པའི་ཕྱིར་འཁོར་བའི་འཇུག་ལྡོག་གི་རྩ་བ་ཡིན་ཞེས་"རྒྱུད་སྡེ་ཀུན་ནས་"གསུང་པ་པ་ཡིན་ནོ། །ཀུན་རྟོག་དེ་དག་"ལ་རང་བཞིན་བརྒྱད་ཅུ་ཞེས་པའི་དོན་"གི་གཞི་དུས་"སེམས་ཀྱི་"ཀྱི་རང་བཞིན་གཉུག་སེམས་ལས་བྱུང་བའི་རང་བཞིན་ཡིན་པ་དང་། "རང་བཞིན་བརྒྱད་ཅུ་པོ་"དེ་དག་གི་གཤིས་ཀྱིས་རང་བཞིན་གཉུག་སེམས་ཡིན་པ་དང་། ལམ་དུས་སུ་"རང་བཞིན་བརྒྱད་ཅུ་པོ་"དེ་དག་གིས་གཤིས་ཀྱིས་རང་བཞིན་གཉུག་སེམས་དེ་ལམ་དུ་སློང་བས་གྲོལ་བ་སྟེར་བའི་རྒྱུན་གྱི་"དེ་དག་ལ་"རང་བཞིན་ཞེས་བརྗོད་པ་ཡིན་ནོ། ༈ གཞན་ཡང་"རང་བཞིན་བརྒྱད་ཅུ་ཐིམ་པ་ལ་སྔོན་དུ་རགས་པ་ཉེར་ལྔ་ཐིམ་དགོས་པས་ན་"རྒྱུད་ལས་རང་བཞིན་ཉེར་ལྔ་གསུངས་ཏེ། "རགས་པའི་"ཕུང་པོ་ལྔ་དང་། "རགས་པའི་"ཁམས་ལྔ་དང་། "རགས་པའི་"དབང་པོ་ལྔ་དང་། "རགས་པའི་"ཡུལ་ལྔ་དང་། "རགས་པའི་"གཞིའི་ཡེ་ཤེས་ལྔ་དང་ཉེར་ལྔའོ། །དང་པོ་ལྔ་ནི་"རང་ཉིད་དང་པོ་"མངལ་དུ་ཉིང་འཚམས་སྦྱར་ནས་"མཐར་"འཆིའི་བར་གྱི་རྡུལ་རྗས་རགས་པ་ལས་གྲུབ་པའི་གཟུགས་"དང་མངལ་དུ་ཞུགས་པ་ནས་འཆི་བའི་བར་གྱི་རྡུལ་རྫས་རགས་པ་ལས་གྲུབ་པའི་"སྒྲ་དྲི་རོ་རེག་བྱ་"སྐྱེད་མཆེད་ལྔ་"དང་། མིག་དབང་དང་རྣ་དབང་རྣ་དབང་ལྕེ་དབང་ལུས་དབང་དང་བཅུ་ནི་"ཕུང་པོ་ལྔའི་ནང་ནས་"གཟུགས་གྱི་ཕུང་པོ་དང་། བདེ་སྡུག་བཏང་སྙོམ་རྣམས་གསལ་བར་ཁྱོང་ནུས་པའི་ཚོར་བ་རགས་པ་ནི་ཚོར་བའི་ཕུང་པོ་དང་། "དོན་"ལྟོ་ལྡིར་བ་"འི་ཆ་"དེ་བུམ་པ་ཞེས་པ་དེ་ཡིན་པའི་ཆ། གདུང་འདེགས་བྱེད་ནུས་པ་ཀ་བ་མིང་བཏགས་པ་ཡིན་པ་ཤེས་སོགས་ཆོས་རྣམས་ཀྱི་མིང་བཏགས་པའི་ཆའི་"གདག་གཞི་དང་གདག་ཆོས་ཀྱི་"མཚན་འཛིན་པའི་ལུས་སེམས་རགས་པ་ནི་འདུ་ཤེས་ཀྱི་ཕུང་པོ་དང་། ཡུལ་ལ་གཡོའི་སེམས་པ་རགས་པ་སོགས་སེམས་བྱུང་ཞེ་དགུ་"མཚུངས་ལྡན་འདུ་བྱེད་"དང་ལུས་བསྒུལ་བསྐྱོད་སོགས་བྱ་བའི་ཆ་རགས་པ་"ལྡན་མིན་འདུ་བྱེད་"རྣམས་འདུ་བྱེད་ཀྱི་ཕུང་པོ་དང་། བུམ་པ་ལོགས་པའི་ཆོས་རྣམས་ཀྱི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བས་ཚོགས་དྲུག་གི་ཤེས་པ་རགས་པ་ནི་རྣམ་ཤེས་ཀྱི་ཕུང་པོ་དང་ལྔའོ། །གཉིས་པ་ཁམས་ལྔ་ནི། མའི་མངལ་དུ་ཉིང་འཚམས་སྦྱོར་ནས་འཆི་བའི་བར་གྱི་སྲ་བའི་ས་ཁམས་རགས་པ་དང་། གཤེར་བའི་ཆུ་ཁམས་རགས་པ་དང་། དྲོ་བའི་མེ་ཁམས་རགས་པ་དང་། གཡོ་བའི་རླུང་ཁམས་རགས་པ་དང་། ཁ་སྣ་དང་རྩ་སྦུག་ལ་སོགས་པའི་གོ་འབྱེད་པའི་"ཉིན་མོ་སྣང་རྡུལ་ལས་གྲུབ་པ་དང་མཚན་མོ་མུན་པའི་རྡུལ་རྫས་ལས་གྲུབ་པའི་"རྡུལ་རྫས་ལས་གྲུབ་པའི་"ནམ་མཁའི་ཁམས་ནི"མཁའ་ཁམས་རགས་པ་རྣམས་སོ"རགས་པའི་ཁམས་ལྔ་ཡིན་"། །གསུམ་པ་དབང་པོ་ལྔ་ནི། མིག་གི་དབང་རྟེན་གྱི་ནང་དུ་མིག་ཤེས་ཀྱི་གཟུགས་འཛིན་པའི་བདག་རྐྱེན་བྱེད་པའི་རྫུལ་རྫས་རགས་པ་ཤིན་ཏུ་དྭངས་བ་མིག་གི་དབང་པོ་"ཟར་མའི་མེ་ཏོག་ལྟ་བུ་ཡོད་པ་"དང་དེས་འགྲེས་ཏེ་རྣ་བའི་རྣམ་ཤེས་ཀྱི་སྒྲ་དང་རྣ་དབང་དང་། སྣའི་རྣམ་ཤེས་ཀྱི་དྲི་དང་སྣ་དབང་དང་། ལྕེ་བའི་རྣམ་ཤེས་ཀྱི་རོ་ལྕེ་དབང་དང་། ལུས་ཀྱི་དབང་རྟེན་གྱི་ནང་དུ་ལུས་ཤེས་ཀྱི་རིག་བྱ་འཛིན་པའི་བདག་རྐྱེན་བྱེད་པའི་རྡུལ་རྫས་རགས་པ་ཤིན་ཏུ་དྭངས་བ་ལུས་དབང་"བྱ་རེག་ན་འཇམ་པའི་སྤུ་་ལྟ་བུ་"དང་"རགས་པའི་དབང་པོ་"ལྔའོ། །བཞི་པ་ཡུལ་ལྔ་ནི། "རང་ཉིད་དང་པོ་"སྐྱེ་སྲིད་བླང་བའི་སེམས་ཅན་གྱི་རྒྱུད་ཀྱི་བསྡུས་པའི་རྡུལ་རྫས་རགས་པ་ལས་གྲུབ་པའི་དབྱིབས་དང་ཁ་དོག་གི་གཟུགས་དང་། དེ་བཞིན་དུ་སྦྱར་ཏེ་སྙན་མི་སྙན་གྱི་སྒྲ་དང་། ཞིམ་མི་ཞིམ་ལོགས་པའི་དྲི་དང་། མངལ་སྐྱུར་ལོགས་པའི་རོ་དང་། ཝི་ཡང་འཇམ་རྩུབ་ལོགས་པའི་རིག་བྱ་དང་ལྔའོ། །ལྔ་པ་ཡེ་ཤེས་ལྔ་ནི་སེམས་རགས་པ་རང་ཡུལ་གསལ་ཞིང་སྣང་བའི་སྒོ་ལྔའི་རྣམ་ཤེས་ནི་གཞི་དུས་ཀྱི་མེ་ལོང་ཡེ་ཤེས"སུ་བཞག་པ་དང་"། བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གསུམ་"སོ་སོར་མཉམ་པར་ཤེས་ཤིང་"ངོ་ཤེས་པའི་བློ་རགས་པ་ནི་མཉམ་ཉིད་ཡེ་ཤེས། ལྟོ་ལྡིང་བའི་མིང་བུམ་པ་ཡིན་པར་ཤེས་པ་ལྟ་བུ་ཆོས་རྣམས་ཀྱི་མིང་དོན་ངོ་ཤེས་པའི་བློ་རགས་པ་ནི་སོར་རྟོག་ཡེ་ཤེས་"སུ་བཞག་པ་"དང་། ཡུལ་གཞན་དུ་འགྲོ་བ་དང་"འདུག་པ་"ལག་པ་བརྐྱང་བསྐུམ་སོགས་བྱ་བ་རྣམས་བྱེད་འདོད་པའི་བློ་རགས་པ་ནི་བྱ་གྲུབ་ཡེ་ཤེས།"སུ་བཞག་པ་དང་" རང་ཡུལ་གསལ་བར་སྣང་བའི་ནུས་མི་ནུས་པའི་སྒོ་་་ལྔའི་རྣམ་ཤེས་ནི་གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་"སུ་བཞག་པ་"དང་ལྔའོ། །"ཞལ་བྱུང་དུ་འབྲས་དཔྱོད་ཡེ་ཤེས་དང་འདྲ་བའི"འབྲས་དུས་སྒྲིབ་གཉིས་བག་ཆགས་དང་"བཅས་པ་"བྲལ་བ་"འི་ཆོས་རྣམས་མངོན་སུམ་དུ་མཁྱེན་པའི་"མེ་ལོང་ལྟ་བུའི་ཡེ་ཤེས། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་ཆེན་དམ་སྒྱུ་ལྟ་བུའི་གནས་ཚུལ་གཅིག་ཡིན་པ་ཤེས་པའི་མཉམ་ཉིད་ཡེ་ཤེས། སྤངས་རྟོགས་ཀྱི་ཡོན་ཏན་ཡེ་ཤེས་ཐམས་ཅད་སོ་སོར་ཤེས་པའི་སོར་རྟོགས༴  "གདུལ་བྱའི་"སེམས་ཅན་གྱི་འགྲོ་"བ་གང་དང་"དོན་ཆོས་གང་སྟོན་"དང་"དུས་གང་ཡིན། སྐུའི་རྣམ་པ་གང་"གིས་"འདུལ་"ཁ་དོག་"དཀར་སེར་དམར་ལྗང་གིས་ལུས་སྟོན་པའི་"ཚུལ་རྣམས་མཁྱེན་པའི་"བྱ་གྲུབ་ཡེ་ཤེས་འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་བདེ་ཆེན་ཡེད་སྦུམ་ལྟ་བུའི་སྟོང་དབྱིངས་སུ་གཉིས་སྣང་ནུབ་པའི་དབྱིངས་རིགས་དབྱེར་མེད་ལ་ཆོས་དབྱིངས་ཡེ་ཤེས་"ཞེས་འབྲུས་ཡེ་ཤེས་"ལྔའོ། །དེ་ལྟར་རང་བཞིན་ཉེར་ལྔ་"འམ་རགས་པ་ཉེར་ལྔ་"ནི། རགས་པ་"ཡིན་པ་"དང་། སྔར་བཤད་པའི་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་རྣམས་"དང་དེ་དག་གིས་བཞོན་པའི་"རླུང་དང་བཅས་པ་ནི་ཕྲ་བ་"ཡིན་པ་"དང་། "དེ་ལས་"སྣང་བཞིའི་"ཡེ་ཤེས་དང་"བཞོན་པའི་རླུང་དང་བཅས་པ་ནི་ཤིན་ཏུ་ཕྲ་བ་ཡིན་ནོ། །"རྒྱུན་དེ་བས་ན་"འཆི་བའི་ཚེ་ཐོག་མར་རགས་པ་ཉེར་ལྔ་ཅི་རིག་པ་ཐིམ། དེ་ནས་རགས་པ་ཉེར་ལྔའི་རླུང་དང་རྣམ་ཤེས་སོགས་ཅི་རིགས་དང་འབྱུང་བ་བཞི་"ཐིམ་པ་"དང་"དེ་ནས་"རང་བཞིན་བརྒྱད་ཅུ་ཐིམ། དེ་ནས་སྟོང་པ་བཞི་རིམ་གྱིས་ཐིམ་པ་ཡིན་ཏེ། "དེའི་ཚུལ་ཡང་དང་པོ་རགས་པ་ཉེར་ལྔ་ཐིམ་ཚུལ་ནི་ཕུང་པོ་ལྔ་ལས་"གཟུགས་ཕུང་ཐིམ་པའི་ཡན་ལག་ཐམས་ཅད་ཕྲ་བ་དང་ལུས་ཉམས་ཆུང་བར་འགྱུར།"བ་རྒ་བའི་སྐབས་ནས་འོང་བའི་རིགས་བའི་འཆི་ལྟས་ཡིན་པ་དང་""ཁམས་ལྔ་ལས་" ས་ཁམས་ཐིམ་པས་དབང་པོའི་སྒོ་རྣམས  ་་་་་་་་་་་་་་་་་་མར་དཔེ་ནང་6 མདུན་གཟིགས་ནས་25བར་རེད་འདུག་པས་བར་ནས་ཆད་ཡོད་མིན་གཟིགས་རོགས།་་་་་་་་་་་་་་སྐམ་པ་ལྟ་བུར་འགྱུར"བ་རིང་བའི་ལྟས་""དབང་པོ་ལྔ་ལས་"མིག་དབང་ཐིམ་པའི་མིག་ཟུམ་པ་"རིང་ལྟས་"དང་། ཟུགས་ཕུང་ཐིམ་པས་ལུས་ཀྱི་མདངས་ཉམས་པ་དང་། "ཡེ་ཤེས་ལྔ་ལས་"མེ་ལོང་ཡེ་ཤེས་ཐིམ་པའི་སེམས་མི་གསལ་བར་འགྱུར་"བ་རང་བའི་ལྟས་ཡིན་"རོ། "དེ་དག་ནི་"གཞི་དུས་སུ་རྣམ་སྣང་གི་རིགས་རྣམས་ཐིམ་པའོ། "ཕུང་པོ་ལྔ་ལས་"ཚོར་ཕུང་ཐིམ་པས་གྲང་དྲོ་དང་ནསོགས་ཀྱིས་ཚོར་བ་གསལ་པོར་མི་མྱོང་"ཁམས་ལྔ་ལས་"ཆུ་ཐིམ་པས་མཆིལ་སྣབས་དང་རྡུལ་"དངུལ་ཆུ་"དང་དྲི་ཆུ་དང་ཁུ་ཁྲག་སྐ"པ་རིང་ལྟས་དང་""དབང་པོ་ལྔ་ལས་"རྣ་དབང་ཐིམ་པས་ཕྱིའི་"འབྱུང་བཞི་སོགས་ཀྱི་"སྒྲ་མི་ཤེས"པ་རིང་ལྟས་དང་"། སྒྲ་ཐིམ་པས་རང་ལུས་ཀྱི་སྒྲ་"དབུང་འབྱུང་རྔུབས་ཀྱི་"མི་ཐོས"པའི་ཉེ་བའི་ལྟས་ཡིན་""ཡེ་ཤེས་ལྔ་ལས་"མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་"བདེ་སྡུག་བར་མ་"གསུམ་མི་དྲན་ཏེ། "དེ་དག་གི་"གཞི་དུས་ཀྱིས་རིན་ཆེན་རིགས་རྣམས་ཐིམ་པའོ། "ཕུང་པོ་ལྔ་ལ་"དུས་ཤེས་ཐིམ་པས་སེམས་སྟེང་གི་འདུ་ཤེས་ཀྱི་རྒྱུ་བ་མི་གསལ"བ་རིང་ལྟས་དང་""ཁམས་ལྔ་ལས་"མེ་ཐིམ་པས་ཟས་མི་འཇུ་"བ་རིང་ལྟས་དབང་པོ་ལྔ་ལས་"སྣ་དབང་ཐིམ་པས་སྟེ་རླུང་ལ་གྱིས་འགྲོ་བ་ལས་"གྱུར་བར་རྒྱུ་"མི་ནུས"པ་རིང་ལྟས་དང་"། དྲི་ཐིམ་པས་རང་ལུས་སོགས་ཀྱི་དྲི་མི་ཚོར། "ཡེ་ཤེས་ལྔ་ལས་"སོར་རྟོགསཡེ་ཤེས་ཐིམ་པས་དོན་རྣམས་ཀྱི་མིང་མི་དྲན་ཏེ། "དེ་རྣམས་ནི་"གཞི་དུས་ཀྱི་པདྨའི་རིགས་རྣམས་ཐིམ་པའོ། "ཕུང་པོ་ལྔ་ལ་"དུ་བྱེད་ཐིམ་པས་བྱ་བ་ལ་འཇུག་མི་ནུས"པ་རིང་ལྟས་དང་""ཁམས་ལྔ་ལས་"རླུང་"མེ་ལ་"ཐིམ་པས་རླུང་"སད་རླུང་སོགས་"བཅུ་རང་གནས་ནས་ཡལ། འདི་འོག་གི་རླུང་ཐིམ་པའི་དུས་སུ་བྱུང་ངོ་། "དབང་པོ་ལྟ་ལས་"ལྕེ་དབང་ཐིམ་པས་ལྕེ་སྦོམ་པ་"པོར་འགྱུར་བ་"དང་། ལྕེ་རྩ་སྔོན་པོར་འགྱུར། "ཡུལ་ལྔ་ལས་"རོ་ཐིམ་པས་རང་"ནང་"ལུས་ཀྱི་རོ་དང་ཕྱིའི་རོ་སོགས་རོ་དྲུག་མི་མྱོང་"བ་རིང་ལྟས་དང་""ཡེ་ཤེས་ལྔ་ལས་"བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་རྣམས་མི་དྲན་པར་འགྱུར་"བ་རིང་ལྟས་"ཏེ། "དེ་རྣམས་ནི་"གཞི་དུས་ཀྱི་ལས་ཀྱི་རིགས་རྣམས་ཐིམ་པའོ། །དེ་རྣམས་ལས་རགས་པ་ཉེར་ལྔ་ལས་རང་པ་ཉི་ཤུ་ཐིམ་ཚུལ་ལོ། དེ་ནས་"འདི་མན་ཉེ་བས་འཆི་ལྟས་ཁོ་ན་ཡིན་པས་སྔ་མ་ལས་"ཕྲ་བའི་རླུང་བཅུའི་ཁམས་ཀྱི་ས་ཆུ་མེ་རླུང་རྣམས་ཐིམ་ཚུལ་ནི། ས་"རླུང་"ཆུ་རླུང་ལ་ཐི་པས་ཕྱི་རྟགས་སུ་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ལུས་ཀྱི་ཟུང་མི་ཐུབ་པ་སྟེ། རང་ཚུག་མི་ཟིན་པའི་ལུས་བྱིང་བ་"ལྟ་བུར་ཤར་ནས་ཡར་འཐེན་ཟེར་བ་ལྟ་བུའི་"སྙམ་པ་བྱེད། ནང་རྟགས་སུ་ཡིད་ངོར་སྨིག་རྒྱུ་ལྟ་བུ་"འི་སྣང་བ་"འཆར། ཆུ་མེ་ལ་ཐིམ་པས་ཕྱིརྟགས་སུ་ཁ་སྣ་སྙམ་ཞིང་ལྕེ་"རྐྱོང་རྒྱུ་མེད་པར་"ཕུགས་སུ་འགྲོ། ནང་རྟགས་སུ་དུ་བ་ལྟ་བུ་"འི་སྣང་འབྱུང་"འབྱུང་། མེ་རླུང་ལ་ཐིམ་པས་ཕྱི་རྟགས་སུ་ལུས་ཀྱི་དྲོད་མཐའ་ནས་ཡལ། ནང་རྟགས་སུ་སྲིན་བུ་མེ་ཁྱར་ལྟ་བུ་"དམར་ཙག་ཙིག་གི་སྣང་བ་"འབྱུང་། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་རྟགས་སུ་ཕྱིའི་དབུགས་གྱི་རྒྱུ་བ་ཆད། ནང་རྟགས་སུ་ཡིད་ངོར་ར་མེ་འབར་བ་ལྟ་བུ་"འི་སྣང་བ་"འབྱུང་འདིའི་ཚེ་"སྔ་མ་ཉེར་ལྔའི་ནང་གི་ལྷག་མ་ལྔ་པོ་འགགས་པས་ཕུང་པོ་ལྔ་ལས་"ཡིད་ཤེས་ཀྱིས་ཕུང་པོ་ཆེར་གསལ་བའི་རགས་པ་"ཐིམ་ཟིན་པ་"དང་། "ཁམས་ལྔ་ལས་"སྔ་མའི་མཁའ་ཁམས་དང་"ཐིམ་པ་""ཡེ་ཤེས་ལྔ་ལས་"ཆོས་དབྱིངས་ཡེ་ཤེས་དང་། "དབང་པོ་ལྔ་ལས་"ལུས་དབང་དང་། "ཡུལ་ལྔ་ལས་"རེག་བྱ་རྣམས་ཀྱང་"དེ་ལྟ་བུའི་སྣང་གསུམ་མམ་ཡང་ན་སོགས་ལ་འཇུག་དགོས། "ཐིམ་ཟིན་པ་སྟེ། "དེ་དག་རྣམས་ནི་"གཞི་དུས་སུ་ཀྱི་རྡོ་རྗེའི་རིགས་རྣམས་ཐིམ་པའོ། དེ་ནས་རྣམ་ཤེས་དང་རང་བཞིན་བརྒྱུད་ཅུའི་རྟོག་པ་ཐམས་ཅད་རང་རང་གི་བཞོན་པའི་རླུང་དང་བཅས་པ་སྣང་བ་ལ་ཐིམ་པ་"སྣང་བའི་ཡེ་ཤེས་འཆར་"སོགས་"སྣང་བའི་ཡེ་ཤེས་བཞོན་པའི་རླུང་བཅས་འགགས་ཤིང་མཆེད་པའི་ཡེ་ཤེས་སུ་ཐིམ་ནས་མཆེད་པའི་ཡེ་ཤེས་སུ་འཆར། དེ་རླུང་བཅས་འགགས་ཤིང་ཉེར་ཐོབ་ཀྱི་ཡེ་ཤེས་ཐིམ་ནས་ཉེར་ཐོབ་ཀྱིས་ཡེ་ཤེས་འཆར། དེ་རླུང་བཅས་འོད་གསལ་ལ་ཐིམ་པའི་ཡེ་རླུང་གི་རྟེན་པའི་ཐམས་ཅད་སྟོང་པ་འོད་གསལ་འཆར་བས་"སྟོང་བཞིའི་ཐིམ་རིམ་རྣམས་རིམ་པར་འབྱུང་བའོ། རང་བཞིན་བརྒྱད་ཅུའི་བཤད་པ་སེམས་ཅན་རྣམས་ཀྱི་འཁྲུལ་བའི་ཞེན་སྣང་ལྡོག་པར་ཤོག་ཅིག །དགེ་ལེགས་འཕེལ། ། 

༼ཤུགས་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ་ལས་བཤུས།༽

No comments:

Post a Comment