Sunday 11 May 2014

ཕ་ཡུལ་དྲན་པ

ཨ་སྔོན་ས་ལ་ལྷུང་འདྲའི་སྤང་ལྗོངས་ཀྱི་ངོགས་སུ།།
མཛེས་པའི་མཚོ་དང་མཚེའུ་སྒྱུ་འཕྲུལ་གྱིས་བཀོད་འདྲ།།
སྣང་མང་མེ་ཏོག་དྲི་ཞིམ་ཕྱོགས་ཕྱོགས་སུ་ལྡང་བཞིན།།
གཡང་དཀར་འབའ་སྒྲ་སྒྲོག་སའི་ཕ་ཡུལ་དེ་དྲན་བྱུང་།།


འདོ་འདྲུག་རྟ་ཕོའི་བང་ཁ་རླུང་བུ་ལ་འགྲན་བཞིན།།
དཀར་དམར་ཁ་བཏགས་རི་མོ་འཇའ་མཚོན་ལ་བལྟ་བ།།
དགོས་འདོད་རོ་ཡི་མཁའ་འགྲོའི་ཚོགས་འཁོར་ལ་རོལ་ཏེ།།
འཛམ་གླིང་སྤྱི་བསང་གཏོང་བའི་དུས་ཚེས་དེ་དྲན་བྱུང་།།

དྭངས་གཙང་མི་གཡོ་ལྷིང་འཇགས་མཚོ་མོ་ཡི་དབུས་སུ།།
འཕུར་ལྡིང་གསེར་བྱ་ངང་པའི་འཁྱུག་འགྲོས་དང་ལྷན་དུ།།
སྙན་འཇེབས་སྐད་ཀྱིས་སྐྱེ་འགྲོའི་སྙན་དབང་རང་བསུ་བའི།།
ཆར་ཆུ་རྒོད་པའི་དབྱར་ཀའི་མཚོ་མོ་དག་དྲན་བྱུང་།།

མཐོན་པོ་རི་ཡི་སྐད་རྣམས་སྨུག་ཞགས་ཀྱིས་མཛེས་པ།།
ནགས་ཚལ་གཡུ་ལོའི་འདབ་མ་ཚང་ཚིང་དུ་འཁྲིགས་པ།།
དཔྱིད་ཀྱི་ཕོ་ཉས་དྲུག་འགྱུར་བར་མེད་དུ་སྒྲོག་པའི།།
དབྱར་ཟླ་མགོ་མའི་བདག་གི་ཕ་ཡུལ་དེ་དྲན་བྱུང་།།
ཕྱི་ལོ་ 2013 ལོའི་ཟླ་ 11 ཚེས་པ་ 16 ཉིན། དྲང་སྲོང་དཀར་པོས།











No comments:

Post a Comment