Thursday 7 November 2013

༄༅། །བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ཉུང་ངུའི་ཚིག་གིས་གོ་སླ་བར་བཀྲལ་བ་ལེགས་བཤད་སྣང་བ་དམ་པ་ཞེས་བྱ་བ་བཞུགས་སོ། །

འདིས་ལེགས་པར་བཤད་པའི་སྒོ་ཕྱེ་བ་ཇི་སྙེད་པ་སྔོན་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་གྱི་རང་སྟོབས་འབའ་ཞིག་གིས་བཤད་པ་ཡིན་པས་ན། གཞན་གྱི་ལད་མོ་མ་ཡིན་རང་སྟོབས་ཀྱིས། །ལེགས་པར་བཤད་པ་པུནྜ་རཱི་ཀའི་ཕྲེང་། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་དང་འགྲེལ་ཆེན་འདིར་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ལས་མ་བསྟན་པའི་དོན་རྒྱ་ཆེ་བར་སྣང་བའི་ཕྱིར་རོ་ཞེས་དགེ་བའི་བཤེས་གཉེན་གྱི་ཞལ་སྒོ་ལས་ཐོས་སོ། །
སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་ཉིད་ལས་གངས་ཅན་གྱི་ཡི་གེའི་སྡེབ་སྦྱོར་ཇི་སྙེད་པ་བྱུང་བས་ན་འདི་དག་ལ་བོད་འགྲེལ་མང་དུ་སྣང་མོད་ཀྱི། བློ་གྲོས་རྩལ་དང་ལྡན་པ་རྣམས་ལ་ནི་རྗེ་དྷརྨཱ་ཀ་རའི་འགྲེལ་ཆེན་ཉིད་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་བསྟན་བཅོས་འཆད་པ་དངོས་ལ་གཉིས། སུམ་ཅུ་པ་བཤད་པ་དང་། རྟགས་ཀྱི་འཇུག་པ་བཤད་པའོ། །དང་པོ་ལ་གཉིས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བསྟན་བཅོས་དངོས་སོ། །དང་པོ་ལའང་གཉིས། མཚན་སྨོས་པ་དང་། འགྱུར་ཕྱག་གོ །
      
 དང་པོ་ནི། རྒྱ་གར་སྐད་དུ་བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། ཞེས་པ་སྟེ། རྒྱ་གར་གྱི་སྐད་རིགས་བཞི་ལས་ལེགས་སྦྱར་གྱི་སྐད་དུ་བསྟན་བཅོས་འདི་ལ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། ཞེས་བྱ་ཞིང་། དེ་བོད་སྐད་དུ་བསྒྱུར་ན། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། ཞེས་པར་འགྱུར་ཏེ། བྱཱ་ཀ་ར་ཎ་ལུང་སྟོན་པ། མཱུ་ལ་རྩ་བ། ཏྲིཾ་ཤད་སུམ་ཅུ་པ། ནཱ་མ་ཞེས་བྱ་བའོ། །མཚན་དོན་ནི་སྒྲ་ལ་ཟིན་པ་དང་མ་ཟིན་པའི་སྒྲ་གཉིས་ལ་དབྱེ་ན། རེ་རེ་ལ་ལུང་དུ་སྟོན་པ་དང་མི་སྟོན་པ་གཉིས་རེ། སྙན་མི་སྙན་གཉིས་རེ་སྟེ་བརྒྱད་ཡོད་པ་ལས། འདི་ཟིན་པའང་ཡིན་ལ་ལུང་དུ་སྟོན་པའང་ཡིན་པའི་གཞི་མཐུན་པས་ལུང་སྟོན་པའོ། །རྟགས་ཀྱི་འཇུག་པ་ལ་སོགས་པ་ཡན་ལག་གི་བསྟན་བཅོས་བདུན་པོ་རྣམས་ཀྱི་རྟེན་གཞི་འམ་རྩ་བར་གྱུར་བས་རྩ་བའོ། །མཆོད་བརྗོད་སོགས་ཐམས་ཅད་བགྲངས་པའི་གཞུང་ཚད་ཤློ་ཀ་སུམ་ཅུ་རྩ་གསུམ་ཡོད་ཀྱང་། བརྗོད་བྱའི་དོན་ཤློ་ཀ་སུམ་ཅུས་རྫོགས་པས་སུམ་ཅུ་པའོ། །བསྟན་བཅོས་འདིའི་མཚན་ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཡིན་ནོ་ཞེས་པའི་དོན་དུ་ཞེས་བྱ་བའོ། །བསྟན་བཅོས་འདི་རྒྱ་གར་ནས་བསྒྱུར་བ་མ་ཡིན་ཀྱང་མཁན་པོ་ཉིད་ཀྱིས་འཕགས་ཡུལ་བའི་ཡི་གེ་དང་སྡེབ་ཏུ་སྦྱོར་བ་ལ་དཔེར་མཛད་པའི་ཕྱིར་མཚན་ལ་རྒྱ་སྐད་སྦྱར་བ་ཡིན་ནོ། །
       གཉིས་པ་འགྱུར་ཕྱག་ནི། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། བསྟན་བཅོས་འདི་འཕགས་ཡུལ་མཁས་པའི་ལེགས་བཤད་རྣམས་དང་མཚུངས་པར་དོན་དུ་གཉེར་བར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐུ་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་འཇམ་པའི་དབྱངས་ལ་ཕྱག་མཛད་པ་ཡིན་ལ། འགྱུར་ཕྱག་གི་སྲོལ་ཐོག་མར་ལོ་ཙཱ་བ་འདིས་བཏོད་པ་ཡིན་པའང་ཤེས་པར་བྱའོ། །
       གཉིས་པ་བསྟན་བཅོས་དངོས་ལ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། སུམ་ཅུ་པ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལའང་མཆོད་བརྗོད་དང་། བཤད་པར་དམ་བཅའ་བ་གཉིས། དང་པོ་མཆོད་བརྗོད་ལའང་བཞི། དཀོན་མཆོག་གསུམ་ལ་སྤྱིར་ཕྱག་འཚལ་བ། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ། དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ། །
       དང་པོ་ནི།
གང་ལ་ཡོན་ཏན་མཆོག་མངའ་བའི། །
དཀོན་ཅོག་དེ་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། དཀོན་ཅོག་གང་ལ་ཡིད་བཞིན་ཀྱི་ནོར་བུ་རིན་པོ་ཆེ་ཁྱད་ཆོས་དྲུག་གིས་ཁྱད་དུ་འཕགས་པ་དང་ཆོས་མཚུངས་པའི་ཡོན་ཏན་མཆོག་བསྐལ་པ་རྒྱ་མཚོ་ནས་བསོད་ནམས་མ་བསགས་པ་ལ་སྣང་བ་མིན་པས་འབྱུང་བར་དཀོན་པའི་ཡོན་ཏན་དང་། དེའི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པས་རྙོག་པའི་ཆོས་ཅན་མ་ཡིན་པའི་ཕྱིར་དྲི་མ་དང་བྲལ་བའི་ཡོན་ཏན་དང་། དཀོན་ཅོག་དེ་ལ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པའི་མཐུ་དང་ལྡན་པའི་ཡོན་ཏན་དང་། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པས་འཇིག་རྟེན་གྱི་རྒྱན་དུ་གྱུར་བའི་ཡོན་ཏན་དང་། དཀོན་ཅོག་གང་དུ་གནས་པའི་འཇིག་རྟེན་དེ་འཇིག་རྟེན་གཞན་ལས་མཆོག་ཏུ་གྱུར་པའི་ཡོན་ཏན་དང་། ངོ་བོ་ལ་འཕོ་འགྱུར་མེད་པས་རྣམ་པར་གྱུར་བའི་རང་བཞིན་ཅན་མ་ཡིན་པའི་ཡོན་ཏན་ཏེ། ཡོན་ཏན་དྲུག་པོ་དེ་དག་དང་ལྡན་པའམ་མངའ་བས་ན་དཀོན་ཅོག་ཅེས་བྱ་སྟེ། ཇི་སྐད་དུ། རྒྱུད་བླ་མ་ལས།
འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །
མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །
རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །
འགྱུར་བ་མེད་ཕྱིར་དཀོན་ཅོག་ཉིད། །
ཅེས་གསུངས་སོ། །དེ་ཡང་ལེགས་སྦྱར་གྱི་སྐད་དུ་རཏྣ་ཞེས་འབྱུང་བ། བོད་སྐད་དུ་བསྒྱུར་བའི་ཚེ་རིན་ཆེན་ཞེས་པར་འགྱུར་ཡང་ལོ་ཙཱ་བ་རྣམས་ཀྱིས་ནོར་བུ་རིན་པོ་ཆེེ་སོགས་འཇིག་རྟེན་གྱི་རིན་ཆེན་དང་འཁྲུལ་བར་འདོགས་ནས་དཀོན་མཆོག་ཅེས་བསྒྱུར་བ་ནི་དགོས་པ་དང་བཅས་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་དཀོན་ཅོག་དེ་ལ་མཁན་པོས་བསྟན་བཅོས་རྩོམ་པའི་ཐོག་མ་ཉིད་དུ་ཕྱག་མཛད་པས་ནི། དེའི་ཚེ་བོད་ཡུལ་དུ་བོན་ལས་ནང་བའི་གྲུབ་མཐའ་མེད་པས་དཀོན་ཅོག་གསུམ་ནི་སྐྱབས་ཀྱི་མཆོག་ཏུ་སྟོན་པའང་ཡིན་ནོ། །དཀོན་ཅོག་དེ་ལ་དབྱེ་ན་ཐེག་པ་ཆེ་ཆུང་གི་དབང་གིས་རྣམ་པར་གཞག་པ་མང་ཡང་། སྤྱིའི་ལུགས་ལ་དཀོན་ཅོག་དངོས་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་འགོག་ལམ་གྱིས་བསྡུས་པའི་རྟོགས་པ་དང་ལུང་། དགེ་འདུན་ཐེག་པ་ཆེ་ཆུང་གི་སློབ་པ་ལམ་ཞུགས་འཕགས་པའི་ཚོགས་སོ། །དེ་དག་ཀྱང་གནས་སྐབས་ཀྱི་སྐྱབས་ཆོས་དང་དགེ་འདུན། མཐར་ཐུག་གི་སྐྱབས་སངས་རྒྱས་ཁོ་ན་ཡིན་ནོ། །རྗེས་མཐུན་པའི་དཀོན་ཅོག་ནི་སངས་རྒྱས་ཀྱི་སྐུ་གཟུགས། ལུང་གི་ཆོས་གླེགས་བམ། དགེ་འདུན་སོ་སོའི་སྐྱེ་བོ་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་སོ་ཅོག་སྟེ། དེ་དག་ལའང་མཁན་པོས་ཕྱག་མཛད་པ་ཡིན་ནོ། །
       གཉིས་པ་ནི།
གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་གང་གིས་སྒྲ་དབྱངས་བརྗོད་པ་ཐམས་ཅད་སྟོན་ཅིང་གསུངས་པས་ན་གསུང་གི་དབང་ཕྱུག་སྟེ། དེ་ཡང་སྒྲ་ནི་རྣ་བའི་དབང་པོས་ཐོས་སུ་རུང་བ་ཇི་སྙེད་པ་དང་། དབྱངས་ནི་དེ་ཡི་ཁྱད་པར་སྙན་ཅིང་ཡིད་དུ་འོང་བ་ཐམས་ཅད་དེ། དེ་གཉིས་ལ་བརྟེན་ནས་བརྗོད་པ་ཐམས་ཅད་འབྱུང་བས་བརྗོད་པ་ཀུན་གྱི་རྒྱུ་ཡང་ཡིན་ལ། དེ་དག་འཇམ་པའི་དབྱངས་ཀྱིས་གསུངས་པར་མདོ་རྒྱུད་རྣམས་ལས་བཤད་པའི་ཕྱིར་རོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་འཇམ་པ་དང་། གདུལ་བྱ་སོ་སོའི་ཁམས་དབང་བསམ་པ་དང་མཐུན་པར་རྗེས་སུ་འཇུག་པའི་དབྱངས་ཀྱི་བདག་ཉིད་ཅན་ཏེ། གང་ལ་གང་འཚམས་པའི་ཆོས་སྟོན་པ་ལ་སོགས་པ་གསུང་གི་འཕྲིན་ལས་ཀྱིས་འགྲོ་བ་རྗེས་སུ་འཛིན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ཏོ། །
       དེའང་སྔ་མ་ནི་རང་དོན་ཕུན་སུམ་ཚོགས་པ་དང་། ཕྱི་མ་ནི་གཞན་དོན་ཕུན་སུམ་ཚོགས་པ་སྟེ་སྦྲེལ་ནས་འཇམ་པའི་དབྱངས་ཞེས་བྱ་སྟེ། སངས་རྒྱས་ཞེས་པར་ངེས་ཚིག་གིས་སྤངས་རྟོགས་ཕུན་སུམ་ཚོགས་པ་བཤད་པ་ལྟར་འཆད་དོ། །
       གསུམ་པ་ནི།
གང་གིས་མིང་གཞི་སྔོན་གསུངས་པ། །
རྟག་ཞི་བ་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། ལྷ་ཆེན་པོ་གང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་བའི་ཡི་གེ་འཇིག་རྟེན་ན་སྔོན་དུ་གསུང་པ་པོར་རིག་བྱེད་ཀྱི་གཏམ་རྒྱུད་ལ་བརྟེན་ནས་ཕྱི་རོལ་པའི་བྲམ་ཟེ་རྣམས་ལ་གྲགས་པ་ལྷའི་དབང་པོ་རྟག་ཏུ་ཞི་བ་སྟེ་ལྷ་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། དེ་ཡང་ཕྱི་རོལ་བའི་བྲམ་ཟེ་རྣམས་ཀྱིས་ཡི་གེའི་བྱེད་པོ་དབང་ཕྱུག་ཏུ་འདོད་པ་དང་མཐུན་པར་ལི་བི་ཀ་ར་སོགས་བྲམ་ཟེ་རྣམས་ངོ་བསྲུང་བའི་ཕྱིར་དགོས་དབང་གིས་ཕྱག་མཛད་པའོ། །
       བཞི་པ་ནི།
སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །
བླ་མ་ལ་ཡང་ཕྱག་འཚལ་ནས། །
ཞེས་པ་སྟེ། སྒྲ་དང་སྐད་ཀྱི་བརྗོད་པ་དང་དེ་དག་གི་དོན་སྡེབ་ཏུ་སྦྱོར་བ་ལེགས་པར་མཛད་པ་ལ་མཁས་པས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གཉིས་པོ་ལ་མི་རྨོངས་པའི་ཤེས་རབ་གཞན་རྒྱུད་ལ་སྐྱེད་ནུས་པའི་གཞུང་བརྩམས་ཤིང་སློབ་མ་ལ་འདོམས་པར་མཛད་པའི་འཕགས་ཡུལ་གྱི་མཁས་པ་སྤྱི་དང་། ཁྱད་པར་དུ་མཁན་པོ་ཉིད་ལ་དེ་ལྟའི་སྒོ་ནས་བློ་གྲོས་སྤེལ་བར་མཛད་པའི་བླ་མ་པཎྜི་ཏ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བི་ཀ་ར་ལ་སོགས་པ་ལ་ཡང་བཀའ་དྲིན་རྗེས་སུ་གསོ་བའི་ཕྱིར་ཕྱག་འཚལ་ལོ་ཞེས་པ་སྟེ། ནས་ཀྱི་སྒྲ་ནི་མཆོད་པར་བརྗོད་ཟིན་མ་ཐག་བརྩམ་པར་དམ་བཅའ་བ་འདྲེན་པའི་ཕྱིར་ལྷག་བཅས་ཀྱི་སྒྲའོ། །
       གཉིས་པ་བརྩམ་པར་དམ་བཅའ་བ་ལ་དངོས་དང་། ཞར་བྱུང་དགོས་སོགས་ཆོས་བཞི་བཤད་པའོ། །དང་པོ་ནི།
བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །
རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །
མིང་ཚིག་བརྗོད་པ་ཀུན་གྱི་གཞི། །
ཡི་གེའི་སྦྱོར་བ་བཤད་པར་བྱ། །
ཞེས་པ་སྟེ། ནང་པ་སངས་རྒྱས་པའི་བསླབ་པ་གསུམ་གྱིས་བསྡུས་པའི་བསླབ་པའི་གཞི་ཐམས་ཅད་ཡི་གེ་ལ་ལྟོས་པས། དེ་དག་ཀུན་གྱི་གཞི་མ་ཡི་གེས་འཛིན་པར་བྱེད་ཅིང་། ཕྱི་རོལ་པའི་ངེས་བརྗོད། མཆོད་སྦྱིན། སྙན་ཚིག སྲིད་སྲུང་སྟེ་རིག་བྱེད་བཞི་ཡན་ལག་དང་བཅས་པ་དང་། བཟོ་གསོ་སྒྲ་ཚད་སོགས་རིག་པའི་གནས་ཀྱི་གཞུང་ལུགས་ཇི་སྙེད་པ་སྨྲ་བ་རྣམས་ཀྱང་ཡི་གེ་ལ་བརྟེན་ནས་སྨྲ་བར་བྱེད་པས་དེ་དག་གི་རྒྱུའང་ཡིན་ལ། སྤྱིར་ཡི་གེ་སིལ་བུ་མང་དུ་འདུས་པ་ལས་མིང་། མིང་མང་དུ་འདུས་པ་ལས་ཚིག ཚིག་མང་དུ་འདུས་པས་འཇིག་རྟེན་ན་དོན་མཚོན་པའི་བརྗོད་པ་ཇི་སྙེད་པ་བྱུང་བས། རྒྱུ་མཚན་དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་ཚིག་བརྗོད་པ་ཐམས་ཅད་ཀྱི་གཞི་འམ་རྩ་བ་ཡི་གེ་ཡིན་པས་ན། བོད་ཀྱི་བརྡ་ཡང་དག་པར་སྟོན་པའི་ཕྱིར་འཕགས་ཡུལ་གྱི་ལེགས་པར་སྦྱར་བ་ལ་དཔེར་བྱས་ཏེ་ཡི་གེའི་སྦྱོར་བ་བཤད་པར་བྱའོ། །ཞེས་པའི་དོན་ཏོ། །འདིར་རིག་བྱེད་ལས་སྙན་ཚིག་འབྱུང་བ་དེ་སྙན་ངག་ལས་ཐ་དད་ཡིན་པར་རྗེ་བཙུན་དྷརྨཱ་ཀ་ར་སློབ་ཚོགས་དང་བཅས་པས་བཞེད་དོ། །
       གཉིས་པ་ནི། ཚིགས་བཅད་འདིས་ཞར་ལ་དགོས་སོགས་ཆོས་བཞི་སྟོན་པའང་ཡིིན་ཏེ། བོད་ཡུལ་དུ་བྱུང་བའི་སངས་རྒྱས་ཀྱི་གསུང་རབ་དང་དགོངས་འགྲེལ་བསྟན་བཅོས་ལ་སོགས་པའི་གཞུང་ལུགས་རྣམས་ཀྱི་བརྡ་དང་སྐད་གསལ་བར་བྱེད་པའི་ཡི་གེའི་སྦྱོར་བ་ནི་བསྟན་བཅོས་འདི་དང་། ཡན་ལག་ཕྱི་མ་རྣམས་ཀྱི་ཡང་བརྗོད་བྱ་ཡིན་ལ། དེ་ལ་བརྟེན་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་མི་རྨོངས་པའི་བློ་གྲོས་སྐྱེ་བས་ཤེས་བྱའི་གནས་ཀུན་ལ་འཇུག་པར་འགྱུར་བ་ནི་དགོས་པ། དེ་དག་གིས་བྱང་ཆུབ་ཀྱི་ལམ་ལ་འཇུག་ཅིང་མཐར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་བྱེད་པར་འགྱུར་བ་ནི་དགོས་པའི་དགོས་པ་འམ་ཉིང་དགོས། བརྗོད་བྱ་དེའང་ཡན་ལག་ཕྱི་མ་རྟགས་ཀྱི་འཇུག་པ་ལ་སོགས་པ་སུམ་ཅུ་པ་སོགས་སྔ་མ་སྔ་མ་དང་འབྲེལ་ཞིང་། ནང་གསེས་སུའང་སྔ་མ་སྔ་མའི་ཚིགས་སུ་བཅད་པ་ལ་ལྟོས་ནས་ཚིགས་སུ་བཅད་པ་ཕྱི་མ་ཕྱི་མ་རྣམས་འབྱུང་བས། ཕྱི་མ་རྣམས་སྔ་མ་དང་རིམ་གྱིས་འབྲེལ་བ་ནི་འབྲེལ་བའོ། །
       གཉིས་པ་སུམ་ཅུ་པ་ཉིད་རྒྱས་པར་བཤད་པ་ལ་གཉིས། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལའང་གཉིས། སྦྱར་བྱ་ཡི་གེའི་རྣམ་གཞག་དང་། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པའོ། །དང་པོ་ལའང་གཉིས། བོད་ཡིག་གི་དབྱངས་གསལ་ངོས་བཟུང་བ་དང་། ཁྱད་པར་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི།
ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །
ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །
ཀཱ་ལི་སུམ་ཅུ་ཐམ་པའོ། །
ཞེས་པ་སྟེ། དེའང་ཡི་གེ་ལ་ལེགས་སྦྱར་གྱི་སྐད་དུ་ཨཀྵར་ཞེས་བྱ་སྟེ། ཀ་ལ་སོགས་པ་དང་ཨ་ལ་སོགས་པ་གང་ཡིན་པ་དེ་ཉིད་ལ་བརྡ་མི་མཐུན་པའི་སྐྱེ་བོ་དུ་མས་ཀྱང་གསར་དུ་བསྒྱུར་བའི་མིང་གིས་སྨྲ་མི་ནུས་པས་འགྱུར་མེད་དམ་མི་འགྱུར་བ་ཞེས་བྱ་ཞིང་། གཞན་ཡང་ལྟ་བྱེད་དང་འདྲེན་བྱེད་ལ་སོགས་པ་མིག་ལྟ་བུའི་མིང་དུ་མས་ཀྱང་བསྟན་ཏེ། ཡི་གེ་ནི་བརྗོད་བྱའི་དོན་ལྟ་བའི་མིག་ལྟ་བུ་དང་བརྗོད་བྱའི་དོན་འདྲེན་པར་བྱེད་པའི་མིག་ལྟ་བུའང་ཡིན་པའི་ཕྱིར་རོ། །དེར་མ་ཟད་བྱཉྫན་སྟེ་མིང་ཚིག་ཐམས་ཅད་རྗོད་པར་བྱེད་པའི་ཕྱིར་རྗོད་བྱེད་ཅེས་ཀྱང་བྱའོ། །ཡི་གེ་དེ་ལའང་ལེགས་སྦྱར་ལ་ཨཱ་ལི་བཅུ་དྲུག ཀཱ་ལི་སུམ་ཅུ་རྩ་གཉིས་སོགས་སྣ་ཚོགས་པ་ཡོད་ཀྱང་བོད་སྐད་ལ་སྦྱར་དུ་མི་རུང་བ་ཨཱ་ལ་སོགས་པ་དང་། གྷ་ལ་སོགས་པ་མང་དུ་ཡོད་པས། འདིར་བོད་སྐད་ལ་ཉེ་བར་མཁོ་བའི་ཨཱ་ལི་དང་ཀཱ་ལི་གཉིས་སུ་དབྱེའོ། །དེ་ཡང་ཨཱ་ལིའི་བྱ་བ་གསལ་བར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་སྟེ། དེ་དག་གསལ་བྱེད་ལ་ཞུགས་པའི་གི་གུ། ཞབས་ཀྱུ། འབྲེང་བུ། རྣ་རུ་བཞི་ཡིན་པས་དཔེར་ན། ཀི་ཀུ་ཀེ་ཀོ་ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ། །ཀཱ་ལིའི་བྱ་བ་གསལ་བར་བྱེད་པ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་སུམ་ཅུ་ཐམ་པ་ཡོད་དོ། །
       གཉིས་པ་ཁྱད་པར་གྱི་དབྱེ་བ་བསྟན་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །
དེ་ལས་ལྔ་ནི་སྔོན་དུའང་འཇུག །
མི་འཇུག་པ་ནི་ཉི་ཤུའོ། །
ཞེས་པ་སྟེ། ཀཱ་ལི་ཡི་གེ་སུམ་ཅུ་པོ་དེ་ལ་དབྱེ་ན་ཡི་གེ་རྣམས་ཀྱི་རྗེས་སུ་འཇུག་པས་རྗེས་འཇུག་བཅུ་དང་རྗེས་འཇུག་བཅུ་པ་དེ་ལས་ཏེ་དེ་ནང་ནས་ལྔ་ནི་རྗེས་འཇུག་ཏུ་མ་ཟད་ཡི་གེ་རྣམས་ཀྱི་སྔོན་དུའང་འཇུག་པས་སྔོན་འཇུག་ལྔ་དང་། ཡི་གེ་རྣམས་ཀྱིས་སྔོན་རྗེས་གང་དུའང་མི་འཇུག་ཅིང་སྦྱར་དུ་མི་རུང་བས་མི་འཇུག་པའི་ཡི་གེ་ཉི་ཤུ་སྟེ་རྣམ་པ་གསུམ་དུ་དབྱེ་བར་བྱའོ། །
       གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དབྱེ་སྒོ་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི།
ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །
བཞི་བཞི་དག་ཏུ་ཕྱེ་བ་ལས། །
ཞེས་པ་སྟེ། སྔོན་རྗེས་སུ་འཇུག་པའི་ཡི་གེ་རྣམས་དབྱེ་བའི་ཐོག་མར་སྡེ་བ་སོ་སོར་ཤེས་དགོས་ཤིང་། དེའང་ཀཱ་ལི་དེ་དག་བཞི་རེ་ལ་སྡེ་བ་རེར་ཕྱེ་བས་བདུན་དང་། ཧ་ཨ་ཕྱེད་པ་སྟེ་ཕྱེད་བརྒྱད་དུ་དབྱེའོ། །ཀ་ཁ་ག་ང་ཀ་སྡེ་སྟེ་དང་པོའོ། །ཅ་ཆ་ཇ་ཉ་ཅ་སྡེ་སྟེ་གཉིས་པའོ། །ཏ་ཐ་ད་ན་ཏ་སྡེ་སྟེ་གསུམ་པའོ། །པ་ཕ་བ་མ་པ་སྡེ་སྟེ་བཞི་པའོ། །ཙ་ཚ་ཛ་ཝ་ཙ་སྡེ་སྟེ་ལྔ་པའོ། །ཞ་ཟ་འ་ཡ་ཞ་སྡེ་སྟེ་དྲུག་པའོ། །ར་ལ་ཤ་ས་ར་སྡེ་སྟེ་བདུན་པའོ། །ཧ་ཨ་ཕྱེད་པ་སྟེ་བརྒྱད་པའོ། །དེ་ལྟར་སྡེ་བ་སོ་སོར་མིང་འཆད་འགྱུར་གྱི་སྐབས་རྣམས་སུ་དྲན་དགོས་སོ། །ལས་ཞེས་པ་ནི་དང་པོ་གསུམ་པ་སོགས་འཆད་འགྱུར་གྱི་སྐབས་སུ་སྡེ་པ་རྣམས་ཤེས་དགོས་པའི་དོན་ཏེ་འབྱུང་ཁུངས་དང་འདྲ་བའི་རྒྱུ་མཚན་གྱི་སྒྲའོ། །
       གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གསུམ། རྗེས་འཇུག་བཤད་པ། སྔོན་འཇུག་བཤད་པ། མི་འཇུག་པ་བཤད་པའོ། །དང་པོ་ནི།
དང་པོ་གསུམ་པ་བཞི་པ་ཡི། །
མས་གཉིས་དྲུག་པའི་གསུམ་པ་དང་། །
བདུན་པ་ལ་ནི་ཤ་མ་གཏོགས། །
རྗེས་འཇུག་ཡི་གེ་བཅུ་རུ་འདོད། །
ཅེས་པ་སྟེ། གོང་གི་སྡེ་བ་དང་པོ་དང་གསུམ་པ་དང་བཞི་པ་རྣམས་ཀྱི་མས་ཀྱི་ཡི་གེ་སྟེ་མཐར་ཡོད་པའི་ཡི་གེ་གཉིས་རེ་ཡིན་པས། དང་པོའི་མཐར་ཡོད་པའི་ག་ང་གཉིས། དེ་བཞིན་དུ་གསུམ་པའི་ད་ན། བཞི་པའི་བ་མ་རྣམས་དང་། སྡེ་བ་དྲུག་པའི་གསུམ་པ་འ་དང་། བདུན་པའི་ཤ་མ་གཏོགས་པའི་ལྷག་མ་ར་ལ་ས་གསུམ་བཅས་པའི་ཡི་གེ་བཅུ་པོ་ནི་ཡི་གེ་རྣམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རྗེས་འཇུག་གི་ཡི་གེ་བཅུ་རུ་འདོད་དེ། དེའང་དཔེར་ན། ཀག ཀོང་། སྐད། དཀོན། བཀབ། སྐམ། བཀའ། ཀར། སྐལ། བསྐས་ལྟ་བུའོ། །ག་ང་ད་ན་བ་མ་འ་ར་དང་། ལ་ས་བཅུ་པོ་རྗེས་འཇུག་ཉིད་དུ་བཤད།
       གཉིས་པ་སྔོན་འཇུག་བཤད་པ་ནི།
རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །
དང་པོ་གསུམ་པ་ལྔ་པ་དྲུག །
བདུན་པ་རྣམས་ནི་སྔོན་དུའང་འཇུག །
ཅེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་ཉིད་ལས། ག་ནས་སའི་བར་རེ་རེ་ནས་བཅུ་བར་དུ་བགྲངས་པའི་དང་པོ་ག གསུམ་པ་ད། ལྔ་པ་བ། དྲུག་པ་མ། བདུན་པ་འ་རྣམས་ནི་ཡི་གེ་རྣམས་ཀྱི་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་གོ །དེའང་དཔེར་ན། གསང་། དཔག བཀག མགོན། འདའ་ཞེས་པ་ལྟ་བུའོ། །ག་ང་བ་མ་འ་རྣམས་སྔོན་འཇུག་ཡིན།
       གསུམ་པ་མི་འཇུག་པ་བཤད་པ་ནི།
མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །
དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང་། །
གང་དུའང་འཇུག་མིན་སྦྱར་བའང་མིན། །
ཞེས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་གི་ལྷག་མ་སྔོན་རྗེས་ཀྱི་འཇུག་ཡུལ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ་ཅ་ཆ་ཇ་ཉ། ཏ་ཐ་པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ་ཧ་ཨ་སྟེ་ཡི་གེ་ཉི་ཤུ་པོ་འདི་དག་ནི་ཚེག་བར་གཅིག་ཏུ་གཉིས་སམ་གསུམ་སྦྲེལ་ལམ། དེ་ལ་དབྱངས་བཞི་པོ་གང་རུང་སྦྱར་བས་བཞིར་ལྡན་ཡང་། བོད་ལ་གྲགས་པའི་ཐ་སྙད་སྟོན་པའི་བརྡ་གང་ལའང་འཇུག་པ་མིན་ཅིང་སྦྱར་རུང་བའང་མ་ཡིན་ནོ། །དེ་ལའང་དཔེར་ན། ཙཀ་ཚཕཁ་ཝཟིཡ་ལྟ་བུ་བོད་སྐད་ལ་མེད་ཅིང་བཀླག་མི་རུང་བའི་ཕྱིར་རོ། །དེ་ལ་མིང་གཞིར་འཇོག་པའི་ཚེ་ཡང་ཁྱད་པར་འདི་ལྟ་བུ་ཡོད་དེ། བཀའ་ལྟ་བུའི་ཀ་ཡིག་ཉིད་སྔོན་རྗེས་ཀྱི་ཡི་གེ་འཇུག་ཡུལ་གྱི་མིང་གཞི་དངོས་དང་། བསྒྲུབས་ལྟ་བུའི་ས་ག་ར་གསུམ་བརྩེགས་པ་སྔོན་རྗེས་ཀྱི་བ་ས་རྣམས་ཀྱི་འཇུག་ཡུལ་མིང་གཞི་དངོས་དང་། ཞབས་ཀྱུའི་ཨུ་ཡིག་ནི་མིང་གཞི་དངོས་མ་ཡིན་པར་མིང་གཞིའི་ཡན་ལག་ཙམ་དང་། རབ་དང་བར་ལྟ་བུའི་ར་ཡིག་དང་བ་ཡིག་དག་རྗེས་འཇུག་འཇུག་ཡུལ་གྱི་མིང་གཞི་དངོས་ཡིིན་པ་དང་། དེ་བཞིན་དུ་གསལ་བྱེད་ལ་ཞུགས་པའི་ཨོ་དང་ཨེ་དང་ཨུ་རྣམས་ཀྱང་མིང་གཞིའི་ཡན་ལག་ཙམ་ཡིན་པ་སོགས་རྒྱ་ཆེར་སྦྱར་ཏེ་ཤེས་པར་བྱའོ། །ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་དང་། པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ། ཤ་ཧ་ཨ་སྟེ་ཡི་གེ་ཉི་ཤུ་པོ། སྔོན་རྗེས་མི་འཇུག་མིང་གཞི་ཁོ་ན་ཡིན།
       གཉིས་པ་སྦྱོར་ཚུལ་ཚིག་འཕྲད་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང་། ཕྲད་རང་དབང་ཅན་བཤད་པའོ། །དང་པོ་ལ་བརྒྱད། སླར་བསྡུ། ལ་དོན། ཨི་ལྡན་གྱི་རྣམ་དབྱེ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། བོད་པའི་སྒྲ་བསྟན་པའོ། །
       དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ནི། །
མིང་གང་གི་ནི་མཐར་སྦྱར་བ། །
དེ་ལ་ཨཱ་ལི་བཞི་པ་སྦྱར། །
སླར་བསྡུ་བར་ནི་ཤེས་པར་བྱ། །
ཞེས་པ་སྟེ། སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་མིང་ངམ་ཚིག་གང་གི་མཐར་སྦྱར་བ་ཡོད་ཀྱང་། དེ་རྣམས་ལ་ཨཱ་ལི་བཞི་པ་ཨོ་ཡིག་སྟེ་རྣ་རུ་སྦྱར་བ་ནི། སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་ཙམ་གྱིས་བསྡུས་པས་སླར་བསྡུ་འམ་རྫོགས་ཚིག་ཅེས་ཀྱང་བྱའོ། །དེ་ལྟར་གཞུང་གི་དངོས་བསྟན་གོ་ངོ་བོ་མོ་དོ་ནོ་འོ་རོ་ལོ་སོ་སྟེ་བཅུ་དང་། ད་དྲག་ཅན་གྱི་མཐར་ཏོ་འཐོབ་པ་ཤུགས་བསྟན་ཡིན་པ་བཅས་བཅུ་གཅིག་གོ །དེ་ཉིད་མིང་མཐར་སྦྱར་བ་ནི་དཔེར་ན། རྟག་གོ །བཟང་ངོ་། །སྒྲུབ་བོ། །བསམ་མོ། །ཡོད་དོ། །ཡིན་ནོ། །བྱའོ། །འགྱུར་རོ། །སེལ་ལོ། །བྱས་སོ། །བསྟནད་ཏོ། །གྱུརད་ཏོ། །སྩལད་ཏོ། །ལྟ་བུ་རྒྱ་ཆེར་སྦྱར་ཏེ་ཤེས་པར་བྱའོ། །དེའང་ད་དྲག་ནི་ན་ར་ལ་གསུམ་གྱི་རྗེས་སུ་འཐོབ་ཅིང་། དེའང་དུས་འདས་པ་ལ་འཐོབ་པ་ནི་མཁས་པ་རྣམས་ཀྱི་ལུགས་ཡིན་ལ། དེང་སང་ད་དྲག་བསྡུས་པས་མི་འབྱུང་བ། གྱུར་ཏོ། །བསྟན་ཏོ། །སྩལ་ཏོ་ལྟ་བུ་ལའང་ད་དྲག་བསྡུས་པ་ཡིན་གྱི་དོན་འཐོབ་ཀྱིས་ད་དྲག་ཡོད་པར་ཤེས་དགོས་སོ། །འདིར་འོག་ནས་འཆད་པའི་ལ་དོན་སོགས་ལ་རྣམ་དབྱེ་རྣམས་ཤེས་དགོས་ལ། དེར་མི་གཏོགས་པའི་ཚིག་ཕྲད་རྣམས་ཀྱང་རྣམ་དབྱེ་དང་ཚིག་ཕྲད་ཐ་དད་དུ་དབྱེ་བའི་ཕྱིར་ཤེས་དགོས་པས་དེ་གཉིས་མདོར་བསྡུས་འགོད་པ་ལ།
       ཐོག་མར་རྣམ་དབྱེ་ནི་བདུན་ཏེ། རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ་པོ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་པ། བདུན་པ་གནས་གཞིའོ། །དེ་རེ་རེ་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་སྟེ་གསུམ་རེར་ཕྱེས་པས་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་འགྱུར་ཡང་། དེ་དག་ནང་གསེས་ཀྱི་དབྱེ་བ་ཙམ་ཡིན་གྱི་རྣམ་དབྱེའི་ངོ་བོ་ནི་བདུན་ཁོ་ན་ཡིན་ནོ། །དེ་ལ་གཅིག་ཚིག་ལ་ནི་མིང་གང་ཡིན་དེ་མ་གཏོགས་གཅིག་ཚིག་གསལ་བྱེད་ཀྱི་ཕྲད་སྦྱར་རྒྱུ་མེད་ལ། གཉིས་ཚིག་ལ་དག་དང་། མང་ཚིག་ལ་རྣམས་ཞེས་པའི་ཕྲད་སྦྱར་དགོས་ཀྱང་། རྣམ་དབྱེའི་ཡན་ལག་ཙམ་ཡིན་གྱི་རྣམ་དབྱེ་དངོས་ནི་མ་ཡིན་ནོ། །
       རྣམ་དབྱེ་དེ་དག་མདོ་ཙམ་དཔེར་བརྗོད་ན། དང་པོ་ནི། སངས་རྒྱས། སངས་རྒྱས་དག སངས་རྒྱས་རྣམས་ལྟ་བུ། གཉིས་པ་ནི། སངས་རྒྱས་ལ་བསྟེན། སངས་རྒྱས་དག་ལ་བསྟེན། སངས་རྒྱས་རྣམས་ལ་བསྟེན་ལྟ་བུ། གསུམ་པ་ནི། སངས་རྒྱས་ཀྱི་གསུངས། སངས་རྒྱས་དག་གིས་གསུངས། སངས་རྒྱས་རྣམས་ཀྱི་གསུངས་ལྟ་བུ། བཞི་པ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་བསྒྲུབ། སེམས་ཅན་དག་གི་དོན་དུ་སངས་རྒྱས་བསྒྲུབ། སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་བསྒྲུབ་ལྟ་བུ། ལྔ་པ་ནི། སངས་རྒྱས་ལས་ཆོས། སངས་རྒྱས་དག་ལས་ཆོས། སངས་རྒྱས་རྣམས་ལས་ཆོས་ལྟ་བུ། དྲུག་པ་ནི། སངས་རྒྱས་ཀྱི་ཡོན་ཏན། སངས་རྒྱས་དག་གི་ཡོན་ཏན། སངས་རྒྱས་རྣམས་ཀྱི་ཡོན་ཏན་ལྟ་བུ། བདུན་པ་ནི། སངས་རྒྱས་ལ་ཡོན་ཏན་ཡོད། སངས་རྒྱས་དག་ལ་ཡོན་ཏན་ཡོད། སངས་རྒྱས་རྣམས་ལ་ཡོན་ཏན་ཡོད་ལྟ་བུའོ། །
       འདི་རྣམས་ཇི་ལྟ་བུའི་ཚུལ་གྱིས་རྣམ་དབྱེ་དེ་དག་ཏུ་འགྱུར་ན། མིང་དེའི་ངོ་བོ་ཙམ་སྟོན་གྱི་ཁྱད་པར་མི་སྟོན་པ་ནི་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་དང་། བྱེད་པ་པོས་བྱ་བ་ལ་སྦྱོར་བ་ན་བྱ་བའི་ཡུལ་ལམ་ལས་ཀྱི་ཚིག་གཙོ་བོར་བྱས་པ་ནི་གཉིས་པ་ལས་སུ་བྱ་བ་དང་། བྱེད་པ་པོས་བྱ་བ་ལ་སྦྱོར་བ་ན་བྱེད་པ་པོའི་ཚིག་གཙོ་བོར་བྱས་པ་ནི་གསུམ་པ་བྱེད་པ་པོ་དང་། བྱེད་པ་པོས་བྱ་བ་ལ་སྦྱོར་བ་ན་བྱ་བའི་ཡུལ་དེ་འམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པའི་ངག་ནི་བཞི་པ་དགོས་ཆེད་དང་། དངོས་པོ་གང་ཡིན་པ་དེ་དེ་ལས་བྱུང་ཞེས་འབྱུང་ཁུངས་སྟོན་པ་ནི་ལྔ་པ་འབྱུང་ཁུངས་དང་། དངོས་པོ་གཉིས་ཁྱད་གཞི་ཁྱད་ཆོས་ཀྱི་ཚུལ་དུ་འབྲེལ་བ་བརྗོད་པ་ནི་དྲུག་པ་འབྲེལ་པ་དང་། དེ་ན་དེ་གནས་པའམ་དེ་ན་ཡོད་པ་ཙམ་བརྗོད་པ་ནི་བདུན་པ་གནས་གཞི་སྟེ། གོ་བ་རྒྱས་པ་འོག་ནས་རིམ་གྱིས་འཆད་པར་འགྱུར་རོ། །བོད་པའི་སྒྲ་ཀྱེ་ལ་སོགས་པ་ལ་བརྒྱད་པ་ཞེས་བསྟན་ཀྱང་རྣམ་དབྱེ་རེ་རེ་ནས་བགྲངས་པའི་བརྒྱད་པ་ནི་མ་ཡིན་ཏེ། ཀྱེ་སྦྱར་བའི་ཡུལ་དེ་རྣམ་དབྱེ་དང་པོའི་ཚིག་གསུམ་ཡིན་གྱི་གཞན་ལ་མི་འཇུག་པའི་ཕྱིར་རོ། །དེས་ན་འབོད་པ་གསལ་བྱེད་ཀྱི་སྒྲ་ནི། ཀྱེ་སངས་རྒྱས། ཀྱེ་སངས་རྒྱས་དག ཀྱེ་སངས་རྒྱས་རྣམས་ཞེས་པ་ལྟ་བུར་སྦྱར་དགོས་སོ། །
       ཚིག་ཕྲད་ཅེས་པ་ནི། གོང་གི་རྣམ་དབྱེ་བདུན་པོ་དེར་མི་གཏོགས་པའི་སླར་བསྡུ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། དགར་སྡུད། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་རྣམས་ཀྱི་རྐྱེན་གྱི་ཡི་གེ་སྦྱར་བ་རྣམས་ཏེ། དེས་ན་རྣམ་དབྱེ་དང་ཚིག་ཕྲད་མ་འདྲེས་པར་དབྱེ་ཤེས་པར་བྱའོ། །
       གཉིས་པ་ལ་དོན་བཤད་པ་ལ་གཉིས། གཞུང་དོན་དགྲོལ་བ་དང་། སྦྱོར་ཚུལ་བཤད་པའོ། །དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །
གང་མིང་མཐའ་ན་བཅུ་པ་གནས། །
དེ་ལ་ཨཱ་ལི་གཉིས་པ་སྦྱར། །
གང་མིང་མཐའ་ན་བརྒྱད་པ་གནས། །
དེ་ལ་གཉིས་པ་ཨུ་ཡང་སྦྱར། །
གང་མིང་མཐའ་ན་གསུམ་པ་གནས། །
དེ་ལ་ཨཱ་ལི་གཉིས་པ་སྦྱར། །
བཞི་པ་དགུ་པ་དངོས་ཀྱང་སྟེ། །
ལས་དང་ཆེད་དང་རྟེན་གནས་དང་། །
དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །
ཅེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་ལས། གང་ཡང་རུང་བའི་མིང་མཐར་རྗེས་འཇུག་གི་བཅུ་པ་ས་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས་སུ་ཞེས་གྲུབ་པ་དང་། དེ་བཞིན་དུ་བརྒྱད་པ་ར་ཡིག་གནས་པ་དང་། ར་ཡིག་དེ་ལ་ཨཱ་ལི་གཉིས་པ་སྦྱར་བས་རུ་ཞེས་གྲུབ་པ་དང་། གསུམ་པ་ད་ཡིག་ལ་ཨཱ་ལི་གཉིས་པ་སྦྱར་བས་དུ་ཞེས་གྲུབ་པ་དང་། བཞི་པ་ན་དང་དགུ་པ་ལ་གཉིས་དབྱངས་ཀྱིས་མ་བརྒྱན་པར་དངོས་སུ་གནས་པ་སྟེ་དྲུག་པོ་དེ་དག་དང་། འདིར་ཡང་ད་དྲག་མཐར་ཏུ་འཐོབ་པ་སྟེ་བདུན་པོ་དེ་རྣམས་ལ་ནི་ལ་དོན་གྱི་རྣམ་དབྱེ་ཞེས་བྱའོ། །དེ་ཡང་མིང་མཐར་ཇི་ལྟར་སྦྱར་ན། སྐྱབས་སུ་མཆིའོ་ལྟ་བུ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོན་དུ་སྦྱར་ན་ལས་ཀྱི་སྒྲ་དང་། དབུལ་ཕོངས་ལ་སྦྱིན་པ་གཏོང་ལྟ་བུ་རྣམ་དབྱེ་བཞི་བའི་དོན་དུ་སྦྱར་ན་དགོས་ཆེད་ཀྱི་སྒྲ་དང་། ཤར་ཕྱོགས་སུ་ཡོད་ལྟ་བུ་རྣམ་དབྱེ་བདུན་པ་གནས་གཞིའི་དོན་དུ་སྦྱར་ན་རྟེན་གནས་ཀྱི་སྒྲ་དང་། འོད་དུ་གསལ་ལྟ་བུ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་བྱེ་བྲག་ལས་དང་བྱ་བ་ཐ་མི་དད་པའི་དོན་དུ་སྦྱར་ན་དེ་ཉིད་ཀྱི་སྒྲ་དང་། ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ་རྣམ་དབྱེ་བདུན་པ་གནས་གཞིའི་བྱེ་བྲག་དུས་བརྗོད་པའི་དོན་དུ་སྦྱར་ན་ཚེ་སྐབས་ཀྱི་སྒྲ་ཡིན་པ་སོགས་རྒྱ་ཆེར་སྦྱར་ནས་ཤེས་པར་བྱ་ཞིང་། དེ་དག་རྣམ་དབྱེར་སྦྱོར་བའི་ཚེ་ཕལ་ཆེར་ལ་ཡིག་དང་འཇུག་པ་མཚུངས་པས་ལ་སྒྲ་ཞེས་བསྟན་པ་ཡིན་ཏེ། སངས་རྒྱས་ལ་མཆི། ཤར་ཕྱོགས་ལ་ཡོད་ལྟ་བུ་ལ་སུ་སོགས་དེ་དག་འཇུག་པའི་ཕྱིར་རོ། །སུ་ར་རུ་དུ་ཏུ་དང་ན་ལ་བཅས། ལ་སྒྲ་ཞེས་བྱ་དོན་ཚན་ལྔ་ལ་འཇུག
       གཉིས་པ་སྦྱོར་ཚུལ་ལ་གཉིས། སྒྲའི་སྦྱོར་ཚུལ་དང་། དོན་གྱི་སྦྱོར་ཚུལ་ལོ། །དང་པོ་ནི། འདིར་རྣམ་དབྱེའི་ཡི་གེ་རྣམས་བསྟན་པ་ཙམ་ལས་རྗེས་འཇུག་མཐར་སྦྱོར་ཚུལ་མ་བཤད་ཀྱང་། རྗེས་འཇུག་ག་བ་དང་ད་དྲག་ཅན་གྱི་མཐར་ཏུ་དང་། ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་དུ་དང་། ས་མཐར་སུ་དང་། འ་ཡིག་མཐར་ར་ཡིག་རྐྱང་པའམ། རྐང་པ་ཁ་སྐོང་ལྟ་བུའི་ཚེ་རུ་དང་། ལ་ན་གཉིས་ནི་རྗེས་འཇུག་ལ་ལྟོས་མི་དགོས་པས་གང་བདེར་སྦྱར་ཆོག་པ་བཅས་དཔེར་ན། རྟག་ཏུ། རབ་ཏུ། ཀུནད་ཏུ། མཚརད་ཏུ། གང་དུ། ཐམས་ཅད་དུ། གཏན་དུ། ནམ་དུ། ཤར་དུ། དཔལ་དུ། གཡས་སུ། ལྷར་གསལ། རང་ཉིད་ཡི་དམ་ལྷ་རུ་གསལ། འོག་ལ། འོག་ན། སྟེང་ལ། སྟེང་ན་སོགས་ཏེ། ལ་ན་གཉིས་ནི་རྗེས་འཇུག་བཅུ་ཀའི་མཐར་འཇུག་གོ །དེ་ཡང་ག་བ་གཉིས་དང་ད་དྲག་ཅན་གྱི་མཐར་ཏུ་སྦྱོར་བ་ནི་ཕོས་ཕོའི་མིང་མཐའ་འདྲེན་པའི་ཚུལ་དང་། ང་མ་འ་ས་རྣམས་ལ་དུ་སོགས་སྦྱོར་བ་ནི་མོས་མོ་ཡིག་འདྲེན་པ་དང་། ད་མཐར་དུ་སྦྱོར་བ་ནི་བརྗོད་བདེ་འདྲེན་པ་དང་། ན་ར་ལ་གསུམ་ལ་དུ་སྦྱོར་བ་ནི་རྟགས་མཚུངས་དྲང་དུ་མེད་པས་བརྗོད་བདེ་འདྲེན་པའི་ལུགས་སོ། །
ག་བ་ད་དྲག་ཅན་མཐར་ཏུ་དང་ནི། །
ང་མའི་མཐར་དུ་འ་མཐར་རུ་སྦྱར་ཞིང་། །
ས་མཐར་སུ་དང་ན་ར་ལ་མཐར་དུ། །
སྦྱར་བ་འདི་ནི་མིང་མཐའ་འདྲེན་ཚུལ་ཡིན། །
       གཉིས་པ་དོན་གྱི་སྦྱོར་ཚུལ་ལ་གཉིས། འདིར་བསྟན་བཤད་པ་དང་། མ་བཤད་པ་ཁ་སྐོང་པའོ། །དང་པོ་ནི། ལ་ན་གཉིས་དེ་ཉིད་ཀྱི་དོན་དུ་མི་འཇུག་ཅིང་། གཞན་ལྔ་པོ་གཞུང་ནས་བསྟན་པའི་དོན་ལྔ་ཀ་ལ་འཇུག་པས།
       དེའང་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ནི། ཤར་ཕྱོགས་སུ་འགྲོ། རྡོ་བར་གཟུགས་བརྙན་བྱེད། གང་གིས་དགེ་བ་མཐའ་རུ་འཁྱོལ། རྒྱ་གར་དུ་འགྲོ། རྒྱབ་ཏུ་ཕྱོགས། ཕ་རོལ་ཏུ་ཕྱིན། གཟུགས་ལ་ལྟ། མདུན་ན་རྒྱུ་ལྟ་བུ་སྟེ་བྱེད་པ་པོས་ཡུལ་གང་ལ་བྱ་བ་བྱེད་པའི་ཚེ་ལས་ཀྱི་ཚིག་ཡོད་པ་ཐམས་ཅད་དེ་མཐའ་ཡས་པ་སྦྱར་ནས་རྟོགས་པར་བྱའོ། །
       དེ་བཞིན་དུ་རྣམ་དབྱེ་བཞི་པ་དགོས་ཆེད་ནི། ཆོས་ཕྱོགས་སུ་དཀའ་བ་སྤྱད། དམན་པར་བརྩེ། འགྲོ་ལ་ཕན་ཕྱིར་ལྷ་རུ་བསྐྱེད། གཞན་དོན་དུ་སངས་རྒྱས་བསྒྲུབ། རྟག་ཏུ་སྦྱིན། མདུན་ན་མར་མེ་འཇོག སློང་མོ་བ་ལ་སྦྱིན་ལྟ་བུ་བྱ་བ་དེས་བྱ་བའི་ཡུལ་དེའམ། ཡུལ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པ་རྣམས་ཏེ། དེའི་ཆེད་དུ། དེའི་དོན་ལ། དེའི་ཕྱིར་དུ་ལྟ་བུ་ནི་དགོས་ཆེད་གསལ་བྱེད་ཀྱི་སྒྲ་དང་བཅས་པ་ཡིན་ནོ། །
       རྣམ་དབྱེ་བདུན་པ་རྟེན་གནས་ནི། ཤར་ཕྱོགས་སུ་ཡོད། མེར་མེ་ལྷ་གནས། གཤིན་རྗེ་དེ་ནི་ལྷོ་རུ་གནས། ཤར་དུ་རྒྱ་ནག རྟག་ཏུ་བདེན་པ་ལ་གནས། ནུབ་ན་ཨོ་རྒྱན། སྟེང་ལ་རྒྱུ་སྐར་གྱི་དཀྱིལ་འཁོར་ལྟ་བུ་སྟེ་རྟེན་དེ་ལ་བརྟེན་པའམ་ཡོད་པའི་དོན་ཅན་ཐམས་ཅད་དོ། །
       རྣམ་དབྱེ་གཉིས་པའི་བྱེ་བྲག་དེ་ཉིད་ཀྱི་སྒྲ་ནི། སྐྱབས་སུ་ཤེས། ལྷར་གསལ། སྲ་བར་བྱེད། བརྟན་པར་གྱུར། འོད་དུ་འཚེར། གཅིག་ཏུ་གྱུར་ལ་སོགས་པ་ལྟ་བུ་སྟེ། ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་ཚེ་ལས་དང་བྱ་བ་ཐ་དད་པ་ལྟར་སྣང་ཡང་། ལས་དེའི་ངོ་བོར་བྱ་བ་དེའང་སྐྱེས་པས་ལས་དང་བྱ་བ་ཐ་མི་དད་པར་ངོ་བོ་གཅིག་ཡིན་པ་རྣམས་ཏེ། དེའང་སྐྱབས་སུ་ཤེས་ཞེས་པ། ཤེས་པ་ནི་བྱ་བ་སྟེ་ཡུལ་ཅན། སྐྱབས་ནི་ཤེས་པར་བྱ་རྒྱུའི་ལས་ཡིན་པས་ཡུལ། དེ་གཉིས་གཞི་ཐ་དད་པར་སྣང་ཡང་། བྱ་བ་གཅིག་ལ་སྦྱོར་བའི་ཚེ་ཡུལ་ཅན་གྱི་རྣམ་རྟོག་དེའང་སྐྱབས་ཡིན་ནོ་སྙམ་དུ་ཤེས་པ་ཡིན་པས་ཡུལ་སྐྱབས་དེའི་ངོ་བོར་ཡུལ་ཅན་དེའང་སྐྱེས་པའི་ཕྱིར་བྱ་བ་དང་ལས་ཐ་དད་དུ་དབྱེ་བར་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གསལ་བ་བྱ་བའང་ལས་ལྷ་དེའི་ངོ་བོར་སྐྱེས་པ་དང་། བྱེད་པ་བྱ་བའང་ལས་སྲ་བ་དེའི་ངོ་བོར་སྐྱེས་པ་དང་། གྱུར་བྱ་བའང་ལས་བརྟན་པ་དེའི་ངོ་བོར་སྐྱེས་པ་སྟེ། དེ་བཞིན་དུ་སྦྱར་ཏེ་རྒྱ་ཆེར་ཤེས་པར་བྱའོ། །འདིར་དྷརྨཱ་ཀ་རའི་འགྲེལ་ཆེན་དུ།
སྒྲོལ་མ་ཚེ་ཡི་ལྷ་རུ་བསྟེན། །
ཞེས་དཔེར་བརྗོད་མཛད་པ་དགོས་ཆེད་དུ་འགྲོ་བ་འདྲ་ཡང་། ཚེ་ཡི་ལྷ་བྱ་བའི་ཡུལ་གྱི་ལས། བསྟེན་པ་བྱ་བ་ཡིན་པས་བསྟེན་པའི་བྱ་བ་དེ་ཉིད་ཀྱང་ལས་ཚེའི་ལྷ་དེའི་ངོ་བོར་སྐྱེས་པས་ཐ་དད་མེད་པའི་ཕྱིར་དེ་ཉིད་ཀྱི་དཔེར་བརྗོད་དུ་བཞག་གོ་སྙམ་མོ། །
       རྣམ་དབྱེ་བདུན་པ་ཚེ་སྐབས་ནི། ཚེས་གཉིས་སུ་ཉི་མ་ལྡོག ཤར་མ་མ་ཤར་བར་ལྡང་། ལ་སོགས་པ་དུས་བརྗོད་པ་ཐམས་ཅད་དེ་རྒྱ་ཆེར་སྦྱར་རོ། །
       གཉིས་པ་མ་བཤད་པ་ཁ་སྐོང་བ་ནི། ལ་ན་གཉིས་ལ་འཇུག་སྒོ་གཞན་ཡང་ཡོད་དེ། ནའི་སྒྲ་དམིགས་ཀྱིས་དབྱེ་བའི་དོན་དུ་སྦྱར་བ། མདོར་བསྡུ་ན། ངེས་པར་ན་ལྟ་བུ། རྒྱུ་མཚན་གྱི་དོན་དུ་སྦྱར་བ། འདི་ཡོད་ན་འདི་འབྱུང་ལྟ་བུ། རྒྱུ་མཚན་དོན་གྱིས་བསྟན་པའི་དོན་དུ་སྦྱར་བ་འདུས་བྱས་ཡིན་ན་མི་འཇིག་པ་ག་ལ་ཡོད་ལྟ་བུ། སྔ་མ་ལྟར་མ་ཡིན་པའི་དོན་སྦྱར་བ། སྡིག་པ་ཅན་ཡིན་ན་ད་ནི་དགེ་བ་ལ་གནས་པར་བྱེད་དོ་ལྟ་བུ། སྔ་མར་འོས་པར་དཀའ་བ་སྦྱར་ནས་ཚིག་ཕྱི་མ་ངེས་པའི་དོན་དུ་སྦྱར་བ། ལྷས་བཏུད་ན་མིས་ལྟ་ཅི་སྨོས་ལྟ་བུ། སྔ་མར་འོས་པ་བཀོད་ནས་ཕྱི་མར་མི་འོས་པ་སྦྱར་ཏེ་ཚིག་ཕྱི་མ་ངེས་པའི་དོན་དུ་སྦྱར་བ། ཉི་མས་བསྲེག་པར་བྱེད་ན་ཟླ་བའང་དེ་ལྟ་བུར་མཐོང་ངོ་ལྟ་བུ། སྨོན་པའི་དོན་དུ་སྦྱར་བ། བདག་བྱང་ཆུབ་ཐོབ་ན་སྙམ་མོ་ལྟ་བུ། ཐེ་ཚོམ་གྱི་དོན་དུ་སྦྱར་བ། འདི་བྱས་ན་འདི་འབྱུང་ངམ་ལྟ་བུ་མང་ངོ་། །ལ་ཡིག་ལྷག་བཅས་ཀྱི་དོན་དུ་སྦྱར་བ། མཉམ་པར་བཞག་ལ་བསྒོམ་པར་བྱ་ལྟ་བུ། ཚིག་སྔ་ཕྱི་མཚམས་སྦྱོར་བའི་དོན་དུ་སྦྱར་བ། གསལ་ཞིང་དྭངས་ལ་དྲི་མ་མེད་པ་ལྟ་བུ་སྟེ་འཇུག་སྒོ་མང་ངོ་། །འདིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་ལྟ་བུ་ཅིར་འགྱུར་ཞེ་ན། སྐུལ་ཚིག་དང་འབྲེལ་བའི་ཁྱད་པར་ཙམ་ལས་ལྷག་བཅས་ཉིད་ཡིན་པར་མངོན་ནོ། །
       གསུམ་པ་ཨི་ལྡན་གྱི་རྣམ་དབྱེ་འཆད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་བཤད་དོ། །དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །
ཨི་དང་མཐུན་ལུགས་འདི་ཞེས་བྱ། །
ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ལ། ཨི་ཡིག་སྟེ་གི་གུ་སྦྱར་བའི་རྣམ་དབྱེའི་ཕྲད་རྣམས་དང་མཐུན་ལུགས་སམ་ཇི་ལྟར་སྦྱོར་ལུགས་འདི་དང་འདི་ལྟ་བུའོ་ཞེས་བཤད་པར་བྱའོ། །ཞེས་པའོ། །
       གཉིས་པ་རྒྱས་བཤད་ལ་གཉིས། འབྲེལ་སྒྲ་བཤད་པ་དང་། བྱེད་པ་པོའི་སྒྲ་བཤད་པའོ། །དང་པོ་ནི།
དང་པོ་གཉིས་ལ་དང་པོ་མཐུན། །
གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །
བདུན་པ་ཉིད་ལ་བདུན་པ་སྟེ། །
ལྷག་མ་རྣམས་ལ་གྱ་སྦྱར་བ། །
དེ་དག་ཨི་སྦྱར་འབྲེལ་བའི་ས། །
ཞེས་པ་སྟེ། རྗེས་འཇུག་བཅུ་པོ་ལས་དང་པོ་ག་ད་གཉིས་རྗེས་སུ་ཞུགས་པ་ལ་དང་པོ་ག་ཉིད་མཐུན་ཞིང་། གསུམ་པ་ད། ལྔ་པ་བ། བཅུ་པ་ས་རྣམས་རྗེས་སུ་ཞུགས་པ་ལ་ཀྱ་དང་སྦྱར་ལ། བདུན་པ་འ་ཡིག་དངོས་སུ་ཡོད་མེད་ཇི་ལྟར་གྱུར་ཀྱང་བདུན་པ་འ་ཡིག་ཉིད་སྦྱར་བ་དང་། གཞུང་དུ་མི་གསལ་ཡང་འ་ཡིག་གི་མཐར་རྐང་པ་ཁ་སྐོང་དགོས་པའི་ཚེ་ཡ་ཡིག་སྦྱར་དགོས་པ་དང་། ལྷག་མ་ན་མ་ར་ལ་བཞི་པོའི་མཐར་གྱ་སྦྱར་བ་སྟེ། དེ་དག་ཐམས་ཅད་ལ་ཨི་ཡིག་སྟེ་གི་གུ་སྦྱར་བས། གི་ཀྱི་འི་ཡི་གྱི་ཞེས་གྲུབ་པ་ནི་རྟེན་དང་བརྟེན་པའམ། ཡན་ལག་ཅན་དང་ཡན་ལག ཆོས་ཅན་དང་ཁྱད་ཆོས་འབྲེལ་བརྗོད་པར་བྱེད་པའི་ཕྱིར་འབྲེལ་བའི་ས་ཞེས་རྣམ་དབྱེ་དྲུག་པ་ཡིན་ནོ། །དེའང་དཔེར་ན། བདག་གི གང་གི ཐམས་ཅད་ཀྱི། རབ་ཀྱི། ཕྱོགས་ཀྱི། དེའི། དེ་ཡི། གཏན་གྱི། ལམ་གྱི། གསེར་གྱི། དཔལ་གྱི་ལ་སོགས་པ་ལྟ་བུ་སྟེ། ཚིག་གྲོགས་དང་སྦྱར་ན་བདག་གི་ནོར། གང་གི་དྲིན། ཐམས་ཅད་ཀྱི་དོན། རབ་ཀྱི་ཕུལ། ཕྱོགས་ཀྱི་གླང་པོ། དེའི་ཚུལ། དེ་ཡི་ཕྱོགས་སུ་མ་ལྷུང་ངམ། གཏན་གྱི་དོན། ལམ་གྱི་ཡོན་ཏན། གསེར་གྱི་རྒྱན། དཔལ་གྱི་བེའུ་ལྟ་བུ་སྟེ། ད་དྲག་ཅན་གྱི་མཐར་ཀྱི་དོན་གྱིས་ཐོབ་པས་ཀུནད་ཀྱི་མཆོག་ལྟ་བུར་འགྱུར་མོད་ཀྱི་དེང་སང་གྱི་མ་གཏོགས་བྲི་སྲོལ་མི་འདུག་གོ །
ག་ངའི་རྗེས་སུ་གི་དང་ད་བ་སའི། །
མཐའ་མར་ཀྱི་ཉིད་འ་མཐར་འི་དང་ཡི། །
ན་མ་ར་ལའི་རྗེས་སུ་གྱི་སྦྱོར་བ། །
འདི་ནི་རྣམ་དབྱེ་དྲུག་པ་འབྲེལ་བའི་ས། །
འདི་དག་རྣམས་ལ་ས་མཐར་སྦྱར་བ་ནི། །
བྱེད་པ་པོ་ཞེས་རྣམ་དབྱེ་གསུམ་པ་ཡིན། །
དེ་ཕྱིར་ས་མཐའ་སྦྱོར་དང་མི་སྦྱོར་བ། །
ལེགས་པར་བརྟགས་ནས་བྲི་བ་ཤིན་ཏུ་གཅེས། །
       གཉིས་པ་བྱེད་པ་པོའི་སྒྲ་ནི།
དེ་ཉིད་ལ་ནི་བཅུ་པ་སྦྱར། །
བྱེད་པ་པོ་རུ་ཤེས་པར་བྱ། །
ཞེས་པ་སྟེ། སྔར་བཤད་པའི་འབྲེལ་སྒྲ་གི་ལ་སོགས་པ་དེ་ཉིད་ལ། རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས། གིས་ཀྱིས་འིས་ཡིས་གྱིས་རྣམས་སུ་གྲུབ་པ་ནི་རྣམ་དབྱེ་གསུམ་པ་བྱེད་པ་པོས་བྱ་བ་ལ་སྦྱོར་བ་སྟེ། སྦྱོར་ཚུལ་ནི། བདག་གིས་ཆོས་བསྟན། གང་གིས་བསྒྲུབས་ལ་སོགས་པ་ལྟ་བུ་སྟེ་གོང་གི་འབྲེལ་སྒྲའི་སྐབས་ཀྱི་ཚིག་གྲོགས་ཕྱི་མ་གཞན་སྦྱར་བས་འགྲུབ་བོ། །
       བཞི་པ་རྒྱན་སྡུད་ནི།
ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །
ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །
ཞེས་པ་སྟེ། གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་གི་ནང་ནས། ཀྱི་འི་གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང་འང་ཞེས་གྲུབ་པ་དང་། དོན་གྱིས་འཐོབ་པའི་ཡང་བཅས་གསུམ་པོ་ནི་ཚིག་སྔ་ཕྱི་གཉིས་མཐུན་པས་མཐུན་པ་དང་། སྔ་ཕྱི་གཉིས་མི་མཐུན་པས་མི་མཐུན་པའི་ཚིག་རྒྱན་ཏེ་ཚིག་རྒྱན་གཉིས་དང་། གཞི་འམ་དོན་དེ་དངོས་པོ་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་ཏེ། དེ་རྣམས་མིང་མཐར་སྦྱོར་བའི་ཚེ། རྗེས་འཇུག་གི་ཕོ་ཡིག་ག་ད་བ་ས་རྣམས་དང་ད་དྲག་གི་མཐར་ཀྱང་དང་། འ་མཐའ་དངོས་སུ་ཡོད་མེད་ཇི་ལྟར་གྱུར་ཀྱང་དེའི་མཐར་འང་དང་། རྐང་པ་ཁ་སྐོང་གི་ཚེ་ཡང་དང་། ང་མ་ན་ར་ལའི་མཐར་ཡང་ཡང་སྦྱར་དགོས་ཏེ། དཔེར་ན། རྟག་ཀྱང་། བཅད་ཀྱང་། བཀབ་ཀྱང་། བྱས་ཀྱང་། བསྟནད་ཀྱང་། འབྱོརད་ཀྱང་། སྩལད་ཀྱང་། ལྷའང་། ལྷ་ཡང་དུས་སུ་ཆར་འབེབས་ཤིང་། གང་ཡང་། ལམ་ཡང་། ཡིན་ཡང་། དགར་ཡང་། གསལ་ཡང་ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ། །
       དེ་དག་སྦྱོར་ཚུལ་ཡང་། མཐུན་པའི་རྒྱན་དུ་སྦྱོར་བ། གསལ་ཡང་གསལ། མཛེས་ཀྱང་མཛེས། ལྟ་བུའོ། །མི་མཐུན་པའི་རྒྱན་དུ་སྦྱོར་བ། བཏུད་ཀྱང་ཁྲོ། མཛའང་བསླུ་ལྟ་བུའོ། །
       སྡུད་པའི་དོན་དུ་སྦྱོར་བ། མཛེས་ཤིང་འོད་ཀྱང་འཕྲོ། མིར་མ་ཟད་ལྷས་ཀྱང་བཏུད། ཨུཏྤལ་ཡིན་ལ་སྔོན་པོ་འང་ཡིན་ལྟ་བུའོ། །
ག་ད་བ་ས་ད་དྲག་མཐའ་ལ་ཀྱང་། །
འ་མཐར་འང་ཡང་མ་ན་ར་ལའི། །
རྗེས་སུ་ཡང་སྦྱར་འདི་ནི་རྒྱན་གཉིས་དང་། །
གཞན་ལ་སྦྱོར་ཞིང་སྡུད་པའི་དོན་དུ་བཤད། །
       ལྔ་པ་ལྷག་བཅས་ཀྱི་སྒྲ་ནི།
ལ་དོན་སུ་ལ་ཨུ་ཕྱིས་ནས། །
དེ་ལ་གསུམ་པའི་དང་པོ་སྦྱར། །
དེ་ལ་ཨཱ་ལི་གསུམ་པ་སྦྱར། །
དེ་ནི་ལྷག་དང་བཅས་པའོ། །
ཞེས་པ་སྟེ། སྔར་ལ་དོན་གྱི་རྣམ་དབྱེར་བསྟན་པའི་སུ་ལ་ཨུ་སྟེ་ཞབས་ཀྱུ་ཕྱིས་པས་ས་ཞེས་སོང་བ་དེ་ལ། སྡེ་བ་གསུམ་པའི་དང་པོ་ཏ་ཡིག་སྦྱར་བས་སྟ་ཞེས་གྲུབ་པ་ལ། ཨཱ་ལི་གསུམ་པ་ཨེ་ཡིག་སྦྱར་བས་སྟེ་གྲུབ་པ་ནི། མིང་ཚིག་གང་གི་མཐར་སྦྱར་ཡང་བསྟན་བྱ་དེ་ཉིད་ཀྱི་ལྷག་མ་མ་རྫོགས་པ་འདྲེན་པའི་སྒྲར་འགྱུར་བས་དེ་ནི་ལྷག་མ་དང་བཅས་པའི་སྒྲའོ། །དེའང་གཞུང་གི་དངོས་བསྟན་དུ་སྟེ་སྒྲ་གཅིག་པུ་ལས་མ་བྱུང་ཡང་། ན་ར་ལ་ས་དང་ད་དྲག་གི་མཐར་སྟེ་ཉིད་བརྗོད་མི་བདེ་བས་ས་ཡིག་བོར་བའི་ཏེ་རྐྱང་དོན་གྱིས་འཐོབ་པ་དང་། ད་མཐར་སྟེ་དང་ཏེ་རྐྱང་གཉིས་ཀ་བརྗོད་མི་བདེ་བས་དེ་ཡིག་ཐོབ་པ་བཅས་གསུམ་དུ་འགྱུར་རོ། །
       དེ་ཉིད་དཔེར་བརྗོད་ནི། ག་ང་བ་མ་འ་རྣམས་ཀྱི་མཐར་སྟེ་སྦྱར་བས། རྟག་སྟེ་གཙང་སྟེ་ལྷུན་གྲུབ་སྟེ། འཛོམ་སྟེ་དགའ་སྟེ་སེམས་བདེ་སྟེ། ལྟ་བུའོ། །ན་ར་ལ་ས་དང་ད་དྲག་གི་མཐར་ཏེ་རྐྱང་སྦྱར་བས། བྱོན་ཏེ་བསྐོར་ཏེ་ནོར་བཅོལ་ཏེ། བྱས་ཏེ་བསྟནད་ཏེ་གྱུརད་ཏེ་བསལད་ཏེ། ལྟ་བུའོ། །ད་མཐར་དེ་སྦྱར་བས། ཡོད་དེ་གཞུང་ལས་འདི་བཤད་དེ། ལྟ་བུའོོ། །
       འོ་ན་སྟེ་ལ་སོགས་པ་དེ་དག་གིས་ལྷག་མ་ཇི་ལྟར་འདྲེན་ཞེ་ན། རྣམ་པ་གསུམ་གྱིས་ཏེ། མཚམས་སྦྱོར་དང་། དམ་བཅའ་དང་། གཞན་འདྲེན་གྱིས་འདྲེན་ནོ། །དེ་ལ་རེ་ཞིག་མཚམས་སྦྱོར་བའི་སྒོ་ནས་འདྲེན་པའང་གསུམ་སྟེ། དང་པོ་ནི། མདའ་འཕངས་ཏེ་ཕོག་ལྟ་བུ་ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བ་ཡིན་ལ་འདྲེན་བྱེད་དང་དྲང་བྱ་དུས་རིམ་གྱིས་འཇུག་སྟེ་བྱེད་པ་སྔ་ལ་བྱ་བ་ཕྱི་བ་དང་།
       གཉིས་པ། ལྷ་མཆོད་དེ་ལས་བྱ་ལྟ་བུ་སྔ་ཕྱི་གཉིས་ཀ་བྱ་བ་ཡིན་ཞིང་བྱ་བ་སྔ་མ་སོང་ནས་ཕྱི་མ་ལ་འཇུག་པས་དུས་རིམ་གྱིས་འཇུག་པ་དང་།
       གསུམ་པ། འཛུམ་དམུལ་ཏེ་མདངས་ཕྱུང་ལྟ་བུ་སྔ་ཕྱི་གཉིས་ཀ་བྱ་བ་ཡིན་ལ་བྱ་བ་དེ་སྐྱེ་བའི་དུས་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་སྐྱེ་བ་ཞིག་དང་གསུམ་མོ། །
       དམ་བཅའ་བའི་སྒོ་ནས་འདྲེན་པ་ནི་ཚིག་སྔ་མ་བསྒྲུབ་བྱ་དང་ཕྱི་མ་སྒྲུབ་བྱེད་དུ་བཀོད་པ་ཞིག་སྟེ། དེ་ལའང་ནང་གསེས་སུ་དབྱེ་ན། དབྱེ་བ་འདྲེན་པ། གཏན་ཚིག་འདྲེན་པ། ངེས་ཚིག་འདྲེན་པ། རྒྱས་བཤད་འདྲེན་པ་སྟེ་བཞིའོ། །
       དེ་ལ་དང་པོ་ནི། དཀོན་མཆོག་གསུམ་སྟེ་སངས་རྒྱས་དང་ཆོས་དང་དགེ་འདུན་ནོ་ལྟ་བུ།
       གཉིས་པ་ནི། རྟག་པ་ཡིན་ཏེ་འདུས་བྱས་མ་ཡིན་པའི་ཕྱིར་ལྟ་བུའོ། །
       གསུམ་པ་ནི། སངས་རྒྱས་ཏེ་མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་བློ་གྲོས་རྒྱས་པའོ་ལྟ་བུ།
       བཞི་པ་ནི། བསླབ་པ་སྟེ། ནང་པ་ལ་གྲགས་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ཀྱི་བསླབ་པ་དང་། ཕྱི་རོལ་བའི་ཚངས་སྤྱོད་ཀྱི་བསླབ་པ་ལ་སོགས་པའོ་ལྟ་བུའོ། །
       གཞན་འདྲེན་ནི་མཚམས་སྦྱོར་དང་དམ་བཅའ་གཉིས་སུ་མི་གཏོགས་པའི་ཚིག་ལྷག་མ་ཡོད་ཙམ་སྟོན་པ་ཞིག་སྟེ། ལྷའི་བུ་ཉི་མ་ནི་ནམ་མཁའ་ལ་གནས་ཏེ་ཟླ་བའང་དེ་བཞིན་ནོ་ལྟ་བུ་རྒྱ་ཆེར་སྦྱར་བར་བྱའོ། །
ག་ང་བ་མ་འ་མཐར་སྟེ་ཉིད་དེ། །
ན་ར་ལ་དང་ད་དྲག་མཐར་ཏེ་རྐྱང་། །
ད་མཐར་དེ་སྦྱར་གསུམ་པོ་འདི་དག་ནི། །
ལྷག་མ་འདྲེན་པའི་སྒྲ་རུ་བཤད་པའོ། །
       དྲུག་པ་འབྱེད་སྡུད་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །
དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །
ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ལ་རྗེས་འཇུག་རང་གི་དྲུག་པ་མ་ཡིག་སྦྱར་བས། གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཞེས་གྲུབ་པ་དང་། ད་དྲག་ཅན་མཐར་ཏམ་འཐོབ་པ་བཅས་ཡི་གེ་བཅུ་གཅིག་པོ་དེ་དག་ནི་ཚིག་དོན་སོ་སོར་འབྱེད་པའམ། ཕྱོགས་གཅིག་ཏུ་སྡུད་པའི་སྒྲར་འཇུག་པ་ཡིན་ནོ། །དེ་དག་མིང་མཐར་སྦྱོར་ཚུལ་སླར་བསྡུའི་སྐབས་ལྟར་དང་། ད་དྲག་ཅན་གྱི་མཐར་ཏམ་སྦྱོར་བས། རྟག་གམ། མཐོང་ངམ། ཡོད་དམ། ཡིན་ནམ། སྒྲུབ་བམ། སྒོམ་མམ། རིགས་ཀྱི་བུ་འམ། འདི་ཉིད་དུ་འམ། གསེར་རམ། མཚལ་ལམ། བྱས་སམ། འཛིནད་ཏམ། གྱུརད་ཏམ། བསལད་ཏམ་ལ་སོགས་པ་ལྟ་བུའོ། །དེ་དག་དོན་ལ་སྦྱོར་ཚུལ་ནི། དབྱེ་གཞི་གཅིག་ལས་བྱེ་བྲག་གཉིས་སུ་འབྱེད་པ། ཆོས་ནི་གཉིས་ཏེ་འདུས་བྱས་སམ་འདུས་མ་བྱས་པའོ་ལྟ་བུ། དེ་བཞིན་ཏུ་མང་པོར་འབྱེད་པ། ཕུང་པོ་ནི་ལྔ་སྟེ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་ཤེས་ཀྱི་ཕུང་པོའོ་ལྟ་བུ་དང་། ཚིག་དོན་གཉིས་དོན་གཅིག་ཏུ་སྡུད་པ། འདུས་བྱས་སམ་འདུས་མ་བྱས་ནི་ཆོས་སོ་ལྟ་བུ། མང་པོ་དོན་གཅིག་ཏུ་སྡུད་པ། གཟུགས་སམ་ཚོར་བའམ་འདུ་ཤེས་སམ་འདུ་བྱེད་དམ་རྣམ་པར་ཤེས་པ་ནི་ཕུང་པོའོ་ལྟ་བུ་སྟེ་རྒྱ་ཆེར་སྦྱར་ནས་ཤེས་པར་བྱའོ། །འཇུག་སྒོ་གཞན་ཡང་ཡོད་དེ། དྲི་བ་ལ་སྦྱར་བ་ཁྱོད་ཀྱིས་དོན་གྲུབ་བམ་ལྟ་བུ། ཐེ་ཚོམ་ལ་སྦྱར་བ། འདུས་བྱས་འདི་རྟག་གམ་མི་རྟག་ལྟ་བུ་སྟེ། ཕྱི་མ་འདི་དྲི་བ་ལ་ཡང་འཇུག་གོ །འོ་ན་དེ་དག་ཅིར་འགྱུར་ཞེ་ན། དཔེར་བརྗོད་པ་སྔ་མ་དེ་ནི་དབྱེ་གཞི་དོན་དེ་ལས་གྲུབ་པའམ་མ་གྲུབ་པ་གང་རུང་འདྲི་བའི་ཚིག་ཡིན་པའི་ཕྱིར་དང་། ཕྱི་མ་དེ་ཡང་འདུས་བྱས་ལས་བརྩམས་ཏེ་དྲི་བ་འམ་ཐེ་ཚོམ་པའི་དོན་ཅན་ཡིན་པས་དེ་དག་ནི་འབྱེད་པའི་སྒྲ་ཉིད་ཡིིན་ནོ། །
       བདུན་པ་འབྱུང་ཁུངས་ལ་གསུམ། དངོས་དང་། དེ་དགར་སྡུད་ལ་འཇུག་པའི་ཚུལ། མ་བཤད་པ་ཁ་སྐོང་པའོ། །དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ཡི། །
བཞི་པ་དགུ་པ་ལ་བཅུ་པ། །
སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །
ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་ཡི་བཞི་པ་ན་དང་དགུ་པ་ལ་གཉིས་ལ་བཅུ་པ་ས་ཡིག་སྦྱར་བས། ནས་ལས་ཞེས་གྲུབ་པ་དེ་ནི་གང་ལས་བྱུང་བ་འམ་བྲལ་བ་སྟོན་པའི་དོན་དུ་འཇུག་པས་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ས་ཡིན་ནོ། །ཏེ་ཞེས་པ་ནི་ལྷག་བཅས་ཀྱི་སྒྲའོ། །དེ་དག་ཕྲད་རང་དབང་ཅན་ཡིན་པས་རྗེས་འཇུག་ལ་མི་ལྟོས་པར་ཐམས་ཅད་ལ་ཁྱབ་མཉམ་དུ་ཅི་བདེར་འཇུག་པ་ཡིན་ནོ། །དེའང་དཔེར་ན། སངས་རྒྱས་ལས་ཆོས། གསེར་ཁ་ནས་གསེར། རྒྱ་མཚོ་ནས་ནོར་བུ། བ་ལས་འོ་མ། མཁས་པ་ལས་རིག་པ་ལྟ་བུ་འབྱུང་ཁུངས་དངོས་དང་། རྟ་ལས་ལྷུང་། སྐས་ནས་བབ་ལྟ་བུ་འབྱུང་ཁུངས་དང་ཆ་འདྲ་བ་དང་། དུ་བ་ལས་མེར་ཤེས་ལྟ་བུ་རྒྱུ་མཚན་ལ་འཇུག་པའི་སྒྲ་དེ་དག་ཀྱང་འབྱུང་ཁུངས་དང་རྗེས་མཐུན་པའོ། །
       གཉིས་པ་ནི།
དགར་དང་སྡུད་པའང་དེ་བཞིན་ཡིན། །
ཞེས་པ་སྟེ། སྔར་བཤད་མ་ཐག་པའི་ལས་ནས་ཀྱི་སྒྲ་དེ། རིགས་དང་བྱ་བ་ཡོན་ཏན་གྱི་ཁྱད་པར་གང་ཡང་རུང་བ་ལས་སོགས་སུ་དགར་བ་དང་། ནས་ཀྱི་སྒྲ་ནི་ཡུལ་དུས་དངོས་པོ་ལ་སོགས་པ་མཚམས་འཛིན་ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ནོ། །དེའང་དཔེར་ན། རིགས་ཀྱི་གཞི་གཅིག་ལས་ལོགས་སུ་དགར་བ་ནི། མི་འམ་ཅི་ལས་དྲི་ཟ་ཐ་དད་དོ་ལྟ་བུ། དེ་བཞིན་དུ་རིགས་ཀྱི་གཞི་མང་པོ་ལས་ཐ་དད་དུ་དགར་བ། ལྷ་དང་། མི་དང་། ལྷ་མ་ཡིན་ལས་ངན་སོང་གསུམ་གཞན་ནོ་ལྟ་བུ། བྱ་བའི་གཞི་གཅིག་ལས་ལོགས་སུ་དགར་བ། ཕྱག་འཚལ་བ་ལས་མཉམ་པར་གཞག་པ་ལེགས་ལྟ་བུ། བྱ་བའི་གཞི་མང་པོ་ལས་ལོགས་སུ་དགར་བ། ཟ་བ་དང་དགོད་པ་དང་སྨྲ་བ་དང་འགྲོ་བ་ལ་སོགས་པའི་སྤྱོད་ལམ་ལས་ཕྱག་འཚལ་བ་ལེགས་ལྟ་བུ། ཡོན་ཏན་གྱི་གཞི་གཅིག་ལས་ལོགས་སུ་དགར་བ། དཀར་པོ་ལས་ངུར་སྨྲིག་ལེགས་ལྟ་བུ། ཡོན་ཏན་གྱི་གཞི་མང་པོ་ལས་ལོགས་སུ་དགར་བ། དཀར་པོ་དང་། སེར་པོ་དང་། དམར་པོ་རྣམས་ལས་ལྗང་ཁུ་ལེགས་ལྟ་བུ། རྫས་སམ་དངོས་པོའི་ཆོས་གཅིག་ལས་ལོགས་སུ་དགར་བ། སྡུག་བསྔལ་བ་ལས་མི་རྟག་པ་གཞན་ལྟ་བུ། དངོས་པོ་མང་པོ་ལས་ལོགས་སུ་དགར་བ། རྟག་པ་དང་དངོས་པོའི་ཆོས་ལས་དེ་བཞིན་ཉིད་ཐ་དད་དོ་ལྟ་བུ་ལ་ལས་ཀྱི་སྒྲ་འཇུག་ལ། ཚོགས་ཀྱི་ནང་ནས་འབྱིན་པ་ལྟ་བུའི་དགར་བ། མིའི་ནང་ནས་རྒྱལ་རིགས་དཔའ་ལྟ་བུ་ལ་ནས་ཀྱི་སྒྲ་ཉིད་འཇུག་གོ །
       ནས་ཀྱི་སྒྲ་སྡུད་པ་ལ་འཇུག་པ་ནི། འདི་ནས་བྱང་ཆུབ་ཀྱི་བར་ལྟ་བུ་དུས་ཀྱི་མཚམས་འཛིན་པ་དང་། གསེར་རི་ནས་འཁོར་ཡུག་གི་བར་ལྟ་བུ་ཡུལ་གྱི་མཚམས་འཛིན་པ་དང་། གཟུགས་ནས་རེག་བྱའི་བར་ལྟ་བུ་དངོས་པོའི་མཚམས་འཛིན་ཅིང་སྡུད་པ་སྟེ། དགར་སྡུད་ཀྱི་སྒྲ་དེ་དག་ཀྱང་རྣམ་དབྱེ་ལྔ་པའི་ཡན་ལག་ཏུ་འགྲོ་བ་ཡིན་ནོ། །
       གསུམ་པ་ནི། གཞུང་ལས་མ་བཤད་ཀྱང་ནས་ཀྱི་སྒྲ་ནི་གོང་དུ་ལྷག་བཅས་ཀྱི་སྐབས་སུ་བཤད་པའི་ལྷག་བཅས་གསུམ་ལས་མཚམས་སྦྱོར་བའི་ལྷག་བཅས་ལའང་འཇུག་སྟེ། ལྷ་མཆོད་ནས་ལས་བྱ། ཕྱག་འཚལ་ནས་བཤད་ལྟ་བུའོ། །
       བརྒྱད་པ་བོད་པའི་སྒྲ་ནི།
གང་མིང་བརྗོད་པའི་དང་པོ་རུ། །
ཀྱེ་སྦྱར་བ་ནི་བོད་པ་ཡིན། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོར་ཀྱེ་ཞེས་སྦྱར་བ་ནི་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ནོ། །དེའང་བོད་པ་ཞེས་པ་ནི་མིང་ནས་འབོད་པ་ལྟ་བུའི་འབོད་པ་ལ་ཟེར་ཞིང་། རྣམ་དབྱེ་དང་པོ་ཁོ་ན་ལ་འཇུག་གི་རྣམ་དབྱེ་གཞན་ལ་ནི་འཇུག་པ་མ་ཡིན་ནོ། །འདིར་མིང་གི་དང་པོར་གསུངས་པ་ནི་གཙོ་ཆེ་བའི་དབང་གིས་བཞག་པ་མ་གཏོགས་མིང་གི་བར་དང་མཐའ་རྣམས་སུ་ཡང་འཇུག་པ་ཡིན་ནོ། །དེ་ཡང་དཔེར་ན། ཀྱེ་ལྷའི་ལྷ། ཀྱེ་ཁ་ལོ་སྒྱུར་བ་ལྟ་བུ་ཐོག་མར་འཇུག་པ་དང་། འཇམ་དབྱངས་མགོན་ཀྱེ་བདག་ལ་བློ་གྲོས་སྩོལ། ལྟ་བུ་དང་། བདག་ལ་དགོངས་ཤིག་མགོན་པོ་ཀྱེ། ལྟ་བུ་ཐ་མར་སྦྱར་བའོ། །འདིར་མ་གསུངས་པ། ཀ་ཡེ་དང་ཀའི་སྒྲ་ཡང་བོད་པ་གསལ་བྱེད་ཡིན་ཀྱང་ཡུལ་དམ་པ་རྣམས་ལ་སྦྱར་བ་ནི་ཅུང་ཞིག་མི་མཛེས་ཏེ། བྲོ་དང་གླུ་ལྟ་བུ་ལ་སྦྱར་བྱ་ཡིན་པར་བཤད་དོ། །
       གཉིས་པ་འཕྲད་རང་དབང་ཅན་ཁོ་ན་བཤད་པ་ལ་དྲུག ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་བཤད་པའོ། །དང་པོ་ནི།
གང་མིང་མཐའ་དང་མཐུན་པ་ཡི། །
བཞི་པ་ལ་ནི་ཨི་སྦྱར་བ། །
དགར་དང་བརྣན་པའི་ཚིག་ཏུ་འགྱུར། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་དང་ཚིག་གི་མཐར་སྦྱར་རུང་བ། རྗེས་འཇུག་བཞི་པ་ན་ཡིག་ལ་དབྱངས་ཨི་སྦྱར་བས་ནི་ཞེས་གྲུབ་པ་ནི་གཞི་དེ་ལས་མཆོག་ཏུ་དགར་བ་འམ་ཡང་ན་མཆོག་མ་ཡིིན་པར་དགར་བ་འམ་ཐ་དད་པ་ཙམ་དུ་དམིགས་སུ་བཟུང་ནས་དགར་བ་སྟེ་དགར་བ་དང་། དོན་གང་ཡིན་དེ་ཡང་ནས་ཡང་དུ་ནན་ཏན་གྱིས་བརྗོད་པ་ནི་བརྣན་པ་ཞེས་བྱ་སྟེ། དེ་གཉིས་ལ་འཇུག་པའི་ཚིག་ཏུ་འགྱུར་རོ། །དེ་ལ་མཆོག་ཏུ་དགར་བ་ནི་དཔེར་ན། ཤཱཀྱའི་རིགས་ནི་རིགས་རྣམས་ཀྱི་མཆོག་གོ་ལྟ་བུ། དམན་པར་དགར་བ་ནི། རིགས་རྣམས་ལས་ནི་གདོལ་བའི་རིགས་ཐ་ཆད་དོ་ལྟ་བུ། ཐ་དད་པ་ཙམ་དུ་དགར་བ་ནི། མཐིང་ག་ནི་སྔོ་སངས་ལས་གཞན་ནོ་ལྟ་བུའོ། །སྨྲ་སྒོ་ལས། ལྷ་རྣམས་ལས་གདོང་བཞི་དང་ལྡན་པ་ནི་ཚངས་པའོ་ལྟ་བུ་དགར་གཞི་དངོས་སུ་སྨོས་པ་དང་། མཆོད་སྦྱིན་བརྒྱ་བའི་བདག་ཉིད་ནི་བརྒྱ་བྱིན་ནོ་ལྟ་བུ་དགར་གཞི་དངོས་སུ་མ་སྨོས་པ་ཞིག་སྟེ། དགར་གཞི་དངོས་སུ་སྨོས་མ་སྨོས་ཀྱི་དབྱེ་བས་གཉིས་སུ་བཤད་དོ། །དེའང་སྔ་མ་ནི་ལྷ་རྣམས་ལས་ཞེས་དགར་གཞི་སྨོས་པ་དང་། ཕྱི་མ་ནི་བརྒྱ་བྱིན་ཁོ་ན་དགར་བ་ལས་དགར་གཞི་མ་སྨོས་པ་ཡིན་ཅིང་། ཤུགས་ལ་ནི་དགར་གཞི་ཡོད་པ་ཡིན་ཏེ། མཆོད་སྦྱིན་བརྒྱ་བྱས་པའི་ཁྱད་པར་གྱི་ཆོས་བརྒྱ་བྱིན་གང་ཞིག ཁྱད་པར་ཅན་ལྷ་རྣམས་ཀྱི་ནང་ནས་དགར་བ་ཡིན་པའི་ཕྱིར་རོ། །
       བརྣན་པ་ལ་འཇུག་པ་ནི། ཁྱོད་ནི་གཉེན་དང་ཁྱོད་ནི་བཤེས། སྤངས་པར་བྱ་བ་ནི་སྤངས། ཆུབ་པར་བྱ་བ་ནི་ཆུབ་ལྟ་བུ་དང་། སྡོམ་པ་ཐམས་ཅད་་ལྡན་པར་ནི། །ལྟ་བུའི་ཚིགས་བཅད་ཁ་སྐོང་གི་ནི་སྒྲ་ཡང་ངེས་གཟུང་གི་བརྣན་པའི་སྒྲ་ཉིད་ཡིན་ནོ། །
       གཉིས་པ་དང་སྒྲའི་འཇུག་ཚུལ་ནི།
མིང་གང་རུང་བའི་བར་མཚམས་སུ། །
གསུམ་པ་ལ་ནི་གཉིས་པ་སྦྱར། །
དེ་ནི་སྡུད་དང་འབྱེད་པ་དང་། །
རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །
ཞེས་པ་སྟེ། མིང་དང་ཚིག་གང་ཡང་རུང་བའི་བར་མཚམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ། གཉིས་པ་ང་ཡིག་སྦྱར་བས་དང་ཞེས་གྲུབ་པ་ནི། མིང་ཚིག་གང་ཡིན་པ་དེའི་སྔ་ཕྱི་གཉིས་ཀ་ཕྱོགས་གཅིག་ཏུ་སྡུད་པ་དང་། འབྱེད་པ་སྟེ་དེ་དག་སོ་སོར་ཕྱེ་བ་དང་། རྒྱུ་དེ་ལས་མཚན་མ་དེ་བྱུང་བའི་རྒྱུ་མཚན་གྱི་དོན་དང་། ཚེ་སྐབས་ཏེ་དུས་བརྗོད་པ་དང་། གདམས་ངག་སྟེ་གཞན་ལ་བླང་དོར་གྱི་གདམས་ངག་སྟོན་པ་སྟེ། དོན་ལྔ་པོ་དེ་དག་ལ་འཇུག་གོ །
       དེའང་སྡུད་པའི་དོན་དུ་སྦྱར་བ། འདུས་བྱས་དང་འདུས་མ་བྱས་ནི་ཆོས་སོ་ལྟ་བུ་བསྡུ་བྱ་གཉིས་ཆོས་གཅིག་ལ་བསྡུས་པ་དང་། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་རྣམས་ནི་དབང་པོའོ་ལྟ་བུ་བསྡུ་བྱ་ཆོས་ལྔ་པོ་དེ་དག་དབང་པོ་གཅིག་ལ་བསྡུས་པ་བཞིན་ཏེ་རྒྱ་ཆེར་སྦྱར་ནས་ཤེས་པར་བྱའོ། །
       འབྱེད་པ་ལ་སྦྱར་བ། ཆོས་ནི་འདུས་བྱས་དང་འདུས་མ་བྱས་སོ་ལྟ་བུ་དབྱེ་གཞི་ཆོས་གཅིག་ལས་གཉིས་སུ་ཕྱེས་པ་དང་། དབང་པོ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་སོ་ལྟ་བུ་དབྱེ་གཞི་དབང་པོ་གཅིག་ལས་ལྔར་ཕྱེས་པ་བཞིན་ཏེ་རྒྱ་ཆེར་སྦྱར་རོ། །རྒྱུ་མཚན་ལ་སྦྱར་བ། སྨན་ཟོས་པ་དང་ནད་སོས། ཆོས་མང་དུ་ཐོས་པ་དང་ལྷག་མཐོང་འཕེལ། དུ་བ་མཐོང་བ་དང་མེར་ཤེས་ལྟ་བུ།
       ཚེ་སྐབས་ལ་སྦྱར་བ། སྐར་མ་རྒྱལ་འཆར་བ་དང་ཡུལ་དུ་འགྲོ། ཉི་མ་ཤར་བ་དང་ཆོས་སྟོན་ལྟ་བུ།
       གདམས་ངག་ལ་སྦྱར་བ། ལེགས་པར་སློབས་དང་། ཁ་ཏོན་གྱིས་དང་། མི་དགེ་བ་སྤོངས་དང་ལྟ་བུ་སྟེ། འདི་ནི་སྐུལ་ཚིག་དང་དང་སྒྲ་འབྲེལ་བའི་དབང་གིས་བཞག་ཅིང་། ཕྱི་ཚིག་མ་སྦྱར་ན་མི་རུང་བས་ལྷག་བཅས་དང་ཆ་འདྲ་སྟེ། དཔེར་ན། མི་དགེ་བ་སྤོངས་དང་ཁྱོད་ཐར་པ་འཐོབ་པར་འགྱུར་རོ་ལྟ་བུའོ། །
       གསུམ་པ་དེ་སྒྲའི་འཇུག་ཚུལ་ནི།
གང་མིང་གི་ནི་ཡ་མཐའ་རུ། །
གསུམ་པ་ལ་ནི་ཨེ་སྦྱར་བ། །
ཐ་སྙད་དབང་དུ་གསུམ་ཡིན་ཏེ། །
དངོས་པོའི་དབང་དུ་བཞི་རུ་འགྱུར། །
དུས་ཀྱི་དབང་དུ་གཉིས་ཡིན་ནོ། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་ཡ་མཐའ་སྟེ་ཐོག་མ་ཉིད་དུ། རྗེས་འཇུག་གསུམ་པ་ད་ཡིག་ལ་དབྱངས་ཨེ་སྦྱར་བས་དེ་ཞེས་གྲུབ་པ་ནི་ཐ་སྙད་དེ་བཏགས་པ་ཙམ་གྱི་དབང་དུ་བྱས་ན་དངོས་སུ་ཚིག་ཟིན་དུ་ཡོད་མེད་ཇི་ལྟར་ཡང་རྣམ་གྲངས་གཞན་ཞིག་དེ་སྒྲ་དེ་ལ་སྦྱར་རྒྱུ་ཡོད་པའི་རྣམ་གྲངས་གཞན་སྦྱོར་དང་། བཤད་བྱ་དེ་ལ་ལྷག་མ་ཡོད་ཙམ་སྟོན་པའི་ལྷག་བཅས་དང་། དུས་འདས་པ་དང་ད་ལྟ་བ་དང་མ་འོངས་པ་གསུམ་ལས་འདས་པ་ལ་འཇུག་པ་དང་གསུམ་ཡིན་ཏེ། དངོས་པོའི་དབང་དུ་བྱས་ན་བདེན་པ་སྟེ་ཕྱིན་ཅི་མ་ལོག་པར་སྟོན་པ་དང་། གཞན་ལ་གསང་དགོས་པའི་གསང་བ་དང་། བདག་ཉིད་དང་འབྲེལ་བའི་དངོས་པོ་གང་ཡང་རུང་བ་བདག་གི་བ་དང་། ཕ་རོལ་པོ་གཞན་གྱི་དངོས་པོ་བརྗོད་པ་སྟེ་དུས་གསུམ་ག་ལ་འཇུག་པ་བཞི་རུ་འགྱུར་ལ། དུས་ཁོ་ན་ཉིད་ཀྱི་དབང་དུ་བྱས་ན་ད་ལྟ་བ་མ་གཏོགས་པའི་སོང་ཟིན་པ་འདས་པ་དང་། སོང་མ་ཟིན་པ་འབྱུང་འགྱུར་གྱི་དོན་མ་འོངས་པ་གཉིས་ཀ་ལ་འཇུག་པ་ཡིན་ནོ། །གཞུང་ནས་མིང་གི་ཐོག་མར་སྦྱར་དགོས་པར་གསུངས་པ་ནི་གཙོ་ཆེ་བའི་དབང་གིས་གསུངས་པ་ཡིན་གྱི། ཁྱོད་ཀྱི་ནོར་དེ་ལྟ་བུ་མིང་གི་ཐ་མར་སྦྱར་བའང་འབྱུང་བའི་ཕྱིར་རོ། །
       དེའང་རྣམ་གྲངས་གཞན་སྦྱོར་གྱི་དེ་སྒྲ་དེ་ནི། དེ་བཞིན་གཤེགས་པ། དེ་བཞིན་ནོ། །གང་ཡིན་པ་དེ། དེ་ལས་ཀྱང་གཞན། ལེགས་སྤྱད་དེས་ནི་འབྲས་བུ་ཆེན་པོར་འགྱུར། ལྟ་བུ་སྟེ། འདི་གོ་དཀའ་བས་ཅུང་ཟད་བཤད་ན། དེ་བཞིན་གཤེགས་པ་ཞེས་པ་ལ། གཤེགས་པ་ནི་སོང་ཟིན་པའི་དོན། བཞིན་ཞེས་པ་དཔེའི་མཚུངས་པ་གསལ་བྱེད་ཀྱི་སྒྲ། དེ་སྒྲ་དཔེ་དེ་སྦྱོར་བྱེད་ཀྱི་རྣམ་གྲངས་གཞན་སྦྱོར་ཏེ། སྔོན་གྱི་རྒྱལ་བ་རྣམས་བྱང་ཆུབ་ཀྱི་ལམ་དུ་གཤེགས་པ་དེ་བཞིན་དུ་གཤེགས་པ་ཞེས་སྦྱར་དགོས་པས་དཔེར་བྱ་བའི་ཡུལ་དེ་དེ་སྒྲ་དེས་ཚིག་དེ་ལ་སྦྱར་དགོས་པ་དང་། རྣམ་པ་གཞན་དུ་ན། ཆོས་ཉིད་དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་ངང་དུ་གཤེགས་པས་དེ་བཞིན་གཤེགས་པ་ཞེས་འཆད་པ་ལྟར་ན་ཡང་། ཏ་ཐཱ་ག་ཏ་སྟེ། ཐཱ་ཡི་རྐྱེན་ནི་རྣམ་པ་ལ་འཇུག་པས། དེ་བཞིན་ཉིད་ནི་བེམ་ཤེས་ལྡན་མིན་འདུ་བྱེད་ཀྱི་དངོས་པོའི་རྣམ་པ་དང་བྲལ་བས་རྣམ་པ་མེད་པ་ཡིན་མོད་ཀྱི། དེ་བཞིན་ཉིད་རང་གི་མཚན་ཉིད་ཀྱི་རྣམ་པ་དང་རྟག་ཏུ་ལྡན་པས་འབྲལ་མི་སྲིད་པ་ཡིན་པའི་ཕྱིར། རྒྱུ་མཚན་དེས་གློ་བུར་འཕྲལ་དག་ཅེས་རྣམ་པ་དང་བྲལ་བ་དང་། རང་བཞིན་རྣམ་དག་ཅེས་རང་གི་རྣམ་པ་དང་ལྡན་པ་ཡིན་པས་དེ་ཉིད་ཀྱི་ངང་ནས་མི་ལྡོག་པར་གཤེགས་པས་ན། ཆོས་ཉིད་དེའི་རྣམ་པའི་ངང་ནས་གཤེགས་པ་ལྟ་བུའི་རྣམ་གྲངས་གཞན་སྦྱོར་དགོས་སོ། །དག་པ་གཉིས་ལྡན་དེ་ཆོས་སྐུ་ཡིན་གྱི་དེ་བཞིན་ཉིད་མ་ཡིན་ཞེ་ན། ཆོས་སྐུའི་མཐར་ཐུག་པ་ནི་དེ་བཞིན་ཉིད་ཡིན་པས་འགལ་བ་མེད་དོ། །དེ་བཞིན་ནོ་ཞེས་པའང་། དཔེ་དེ་དང་འདྲ་བས་དེ་བཞིན་ནོ་སྨྲས་པ་སྟེ་དཔེར་བྱ་བའི་ཡུལ་དེ་སྦྱར་དགོས་པ་དང་། གང་ཡིན་པ་དེ་ཞེས་པ་ལ། རྒྱལ་པོ་ཆེན་པོ་གང་ཡིན་པ་དེ་ལྟ་བུ་མང་པོའི་ནང་ནས་དམིགས་སུ་གཟུང་བྱ་དེ་སྦྱར་དགོས་པ་དང་། དེ་ལས་ཀྱང་གཞན་ཞེས་པ་ལ། ཁྱབ་འཇུག་དེ་ལས་ཀྱང་ལྷ་ཆེན་པོ་གཞན་ལྟ་བུ་གང་ལས་ལོགས་སུ་དགར་གཞི་སྦྱར་དགོས་པ་དང་། ལེགས་སྤྱད་དེས་ནི་འབྲས་བུ་ཆེན་པོར་འགྱུར། ལྟ་བུའང་འབྲས་བུ་འབྱིན་བྱེད་ཀྱི་རྒྱུ་ནི་ལེགས་སྤྱད་ཡིན་པས་རྣམ་གྲངས་སྦྱར་བྱ་ཚིག་ཟིན་དུ་ཡོད་པ་ཉིད་དོ། །
       ལྷག་བཅས་ནི། ཤིང་བཅད་དེ་ཅི་ཞིག་བྱེད། བདེན་གྲུབ་ཏུ་ཡོད་དེ་རྟག་པའི་ཕྱིར་ལྟ་བུ་ཚིག་ལྷག་མ་ཡོད་ཙམ་སྟོན་པའོ། །དུས་འདས་པ་ལ་འཇུག་པ་ནི་གོང་གི་རྣམ་གྲངས་གཞན་སྦྱོར་དང་ལྷག་བཅས་ཀྱི་དེ་སྒྲ་དེ་གཉིས་དུས་འདས་པ་ཡིན་པ་སྟོན་པའི་ཕྱིར་ས་བཅད་ལོགས་སུ་དབྱེ་བར་མཛད་པ་ཡིན་གྱི་འདས་པ་ལ་འཇུག་པ་ཟུར་དུ་ནི་མེད་དེ། འདི་ལྟར་རྣམ་གྲངས་གཞན་སྦྱོར་གྱི་དེ་སྒྲ་རྣམ་གྲངས་ཚིག་ཟིན་དུ་ཡོད་པ་སང་གི་ཁ་ཟས་དེ་དེ་རིང་སྟ་གོན་གྱིས་ཤིག་ལྟ་བུ་ནི་སང་བཟའ་བར་བྱ་བའི་ཁ་ཟས་གང་ཡིན་པ་དེ་སྔོན་དུ་བརྗོད་ཟིན་པ་འམ་ཤེས་ཟིན་པ་ཞིག་ལ་བསམས་ནས། སང་གི་ཁ་ཟས་དེ་ཞེས་པ་ཙམ་ལས་མིང་ནས་མ་བཟུང་བས་མཚོན་པར་བྱེད་པ་ཡིན་པས་དུས་འདས་པ་ལ་འཇུག་པ་དང་། ཚིག་ཟིན་དུ་མེད་པ་དེ་བཞིན་གཤེགས་པ་ལ་སོགས་པ་དེའང་དེ་སྒྲ་ལ་སྦྱར་རྒྱུའི་དཔེ་དེ་འམ་དམིགས་སུ་གཟུང་བྱ་དེ་འམ་དགར་བྱ་ལ་སོགས་པ་དེ་སོང་ཟིན་པའམ་བརྗོད་ཟིན་པ་ཞིག་ལ་བསམ་པ་ཡིན་པས་འདས་པར་འགྱུར་བ་དང་། ལྷག་བཅས་ཀྱི་སྒྲ་ཤིང་བཅད་དེ་ཅི་ཞིག་བྱེད་ལྟ་བུ་ནི་དོན་འདས་མ་འདས་གང་ཡིན་ཀྱང་རུང་སྟེ་ཚིག་ཙམ་བརྗོད་ཟིན་པའི་འདས་པ་ཡིིན་ནོ། །དེར་མ་ཟད་གོང་དུ་བཤད་པའི་ལྷག་བཅས་ཀྱི་སྟེ་དང་། ཏེ་རྐྱང་དང་། ནས་དང་། ལ་ཡིག་དེ་རྣམས་ཀྱང་ཚིག་ཙམ་བརྗོད་ཟིན་པ་འམ་དོན་སོང་ཟིན་པའི་འདས་པ་ཁོ་ན་ཡིན་ཏེ། དཔེར་ན། རྒྱས་བཏབ་སྟེ། བྱས་ཏེ། ཕྱག་བྱས་ནས། རྒྱས་བཏབ་ལ་ལྟ་བུ་དང་བསམ་ལ། བསྒྲུབས་ལ། བསམས་ནས། བསྒྲུབས་ནས། བསམས་ཏེ། བསྒྲུབས་ཏེ་ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ། །དངོས་པོའི་དབང་དུ་བཞི་ལས་བདེན་པའི་དངོས་པོ་ནི་དེ་ཁོ་ན་ཉིད་དོ། །དེ་དེ་བཞིན་ནོ་ལྟ་བུ།
       གསང་བའི་དངོས་པོ་ནི། ཁྱོད་ཀྱིས་དེ་གྲུབ་བམ། ཁྱོད་ཀྱི་གྲོགས་དེ་མཛེས་སོ་ལྟ་བུ།
       བདག་གི་བའི་དངོས་པོ་ནི། བདག་གི་ནོར་དེ། བདག་གི་ལྷ་དེ་ལྟ་བུ། གཞན་ནམ་ཕ་རོལ་པོའི་དངོས་པོ་སྟོན་པ། དེ་ནི་ཡོད། དེ་ནི་མེད། ཀ་བ་དེ། ཁྱོད་ཀྱི་ནོར་དེ་ལྟ་བུའོ། །དེ་བཞི་ནི་དུས་གསུམ་ག་ལ་འཇུག་སྟེ། བདེན་པ་ལ། ཁྱོད་ཀྱིས་སྔར་སྨོས་པ་དེ་ལེགས་སོ། །རྗོད་པར་བྱེད་པ་དེ་བདེན་ནོ། །བསྒྲུབ་པར་འགྱུར་བ་དེ་ཤིན་ཏུ་འོས་སོ། །ལྟ་བུ། གསང་བ་ལ། དོན་དེ་གྲུབ་ཟིན་ནམ། དེ་སྒྲུབ་པར་བྱེད་དམ། གྲོགས་དེ་ཁུག་པར་འགྱུར་རམ་ལྟ་བུ། བདག་གི་བ་ལ། བདག་གི་བླ་མ་ཞི་བར་གཤེགས་པ་དེ། ཁོ་བོའི་ལྷ་དེ་སྒྲུབ་བཞིན་པ། བདག་གི་ལྷག་པའི་ལྷ་དེ་འགྲུབ་པར་འགྱུར་རམ་ལྟ་བུ། ཕ་རོལ་པོ་ལ། སྔོན་འཕགས་པའི་ཡུལ་དེ་ན། རྡོ་དེ་འདེགས་པར་བྱེད་ནུས་སམ། འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་སྟེ། དེ་དག་ནི་ཚིག་གྲོགས་ཀྱི་སྒོ་ནས་དུས་གསུམ་གར་འཇུག་པ་ཡིན་ནོ། །རང་ཉིད་ལ་ནི་བདག་དེ། ལྟ་བུ་སྦྱར་དུ་མི་རུང་བས་བདག་གི་བ་དེ་ནི་རང་དང་འབྲེལ་བའི་དངོས་པོ་ལ་འཇུག་གི་བདག་ཉིད་ལ་མིན་པར་ཤེས་པར་བྱའོ། །
       དུས་ཀྱི་དབང་དུ་གཉིས་ཡིན་པ་ནི། འདས་པ་ལ། ན་ནིང་གི་ལོ་དེ་ལ། ཁ་སང་གི་དུས་དེ་ལ་ལྟ་བུ། མ་འོངས་པ་ལ། དབྱར་གྱི་དུས་དེ་ན་མེ་ཏོག་བཀྲ་བར་འགྱུར། སང་གི་དུས་དེར་འགྲོ་ལྟ་བུའོ། །
       ད་ལྟ་བ་ལ་ནི་དུས་བརྗོད་པའི་སྐབས་འདིར་མི་འཇུག་པས་ད་ལྟའི་བསྐལ་པ་དེ། ད་ལོའི་ལོ་དེ། ལྟ་བུ་མི་སྦྱོར་བར་ད་ལྟའི་བསྐལ་པ་འདི་སོགས་སྦྱར་དགོས་པར་ཤེས་པར་བྱའོ། །
       བཞི་པ་གང་སྒྲའི་འཇུག་ཚུལ་ནི།
གང་མིང་བརྗོད་པའི་དང་པོ་རུ། །
དང་པོ་ལ་ནི་གཉིས་པ་སྦྱར། །
སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་ཉིད་དུ་རྗེས་འཇུག་དང་པོ་ག་ཡིག་ལ་གཉིས་པ་ང་ཡིག་སྦྱར་བས་གང་ཞེས་གྲུབ་པ་ནི། དོན་གང་དང་གང་ཡང་དམིགས་བསལ་ངོས་མི་བཟུང་བར་སྤྱི་ལ་ཁྱབ་པའི་དོན་ཅན་ཉིད་དུ་འགྱུར་རོ། །དེའང་དཔེེར་ན།
གང་ཞིག་རྟག་ཏུ་སྙིང་པོའི་དོན་བསམས་པས། །
གང་ཡང་དམན་པར་འགྱུར་བའི་གནས་དེ་ཅི། །ལྟ་བུ་སྤྱི་སྒྲ་དངོས་དང་།
གང་ཞིག་བསྟེན་ན་ཡོན་ཏན་ཀུན། །
འདོད་དགུར་སྦྱིན་པ་ཁོ་བོའི་རྗེ། །ལྟ་བུ་སྤྱི་སྒྲ་བྱེ་བྲག་ལ་སྦྱར་བ་དང་། ཁྱོད་ཀྱི་ལྷ་གང་ཡིན་ལྟ་བུ་སྤྱི་སྒྲ་དྲི་བ་ལ་འཇུག་པ་སྟེ། འདིར་ཡང་མིང་གི་ཐོག་མ་གཙོ་ཆེ་བ་ཙམ་ལས།
དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །ཞེས་པ་ལྟར་བར་མཐར་མི་འཇུག་པང་མ་ཡིན་པར་ཤེས་པར་བྱའོ། །
       ལྔ་པ་བདག་སྒྲ་བཤད་པ་ནི།
གང་མིང་གི་ནི་མ་མཐའ་ན། །
པུ་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་པུ་ལིངྒ་སྦྱར་ན། །
བདག་པོའི་སར་ནི་ཤེས་པར་བྱ། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་མ་མཐའ་སྟེ་ཐ་མ་ན། པུ་ལིངྒ་སྟེ་སྐྱེས་བུའི་སྐད་དོད་པུ་རུ་ཥའི་རུ་དང་ཥ་ཡིག་ཕྱིས་ནས། རྟགས་ཀྱི་སྐད་དོད་ལིངྒ་དང་སྦྱར་བ་ཡིན་པས་དེས་ན་བོད་སྐད་དུ་སྐྱེས་བུའི་རྟགས་ཏེ། དེ་མཚོན་པར་བྱེད་པའི་སྒྲ་པ་དང་པོ་གཉིས་པོ་སྔར་མེད་པ་དེ་ལ། སླར་གསར་དུ་སྦྱར་བ་ནི་བདག་པོ་སྔར་མེད་པ་དེ་ལ། སླར་གསར་དུ་སྦྱར་བ་ནི་བདག་པོའི་ས་སྟེ་དེ་ལ་ཡོད་པར་སྟོན་པའི་བདག་སྒྲ་ཡིན་པར་ཤེས་པར་བྱའོ། །དེའང་དཔེར་ན། རྟ་པ། གསེར་པ། ཁ་ལོ་པ། བྱེད་པོ། ལེན་པོ་ལྟ་བུ་སྟེ། རྟ་ལ་སོགས་པ་དེ་ལ་ཡོད་པར་སྟོན་པ་དང་། ཡོད་པ་པ། མེད་པ་པ། བྱེད་པ་པོ་ལྟ་བུའི་པ་ཡིག་སྔ་མ་མིང་མཐའ་ཡིན་པས་བདག་སྒྲ་མ་ཡིན་ལ། རྗེས་མ་པ་དང་པོ་དག་བདག་པོའི་དོན་སྟོན་བྱེད་ཡིན་པའང་ཤེས་པར་བྱའོ། །ལྷ་མ། ཆོས་མ། བྱེད་པ་མོ། འབྱིན་པ་མོ་ལྟ་བུ་བུད་མེད་ཀྱི་རིགས་ལ་སྦྱར་རྒྱུའང་པུ་ལིངྒ་མིན་ཀྱང་བདག་པོའི་དོན་སྟོན་རུང་བ་ཡིན་ནོ། །
       དྲུག་པ་དགག་སྒྲ་བཤད་པ་ནི།
གང་མིང་བརྗོད་པའི་ཡ་མཐའ་ན། །
སྟྲཱི་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་སྟྲཱི་ལིངྒ་སྦྱར་ན། །
དགག་པའི་གནས་སུ་ཤེས་པར་བྱ། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མར་སྟྲཱི་ལིངྒ་སྟེ་བུད་མེད་ཀྱི་རྟགས་མཚོན་པར་བྱེད་པའི་ཡི་གེ་མ་དང་མོ་གཉིས་ཡིན་ཀྱང་མོ་ཡིག་དགག་སྒྲ་ལ་མི་འཇུག་པས་མི་ཡིག་སྦྱར་དགོས་ལ། དེ་ལྟར་མ་དང་མི་གཉིས་པོའི་སྒྲ་མེད་པ་དེ་ལ། སླར་སྟྲཱི་ལིངྒ་སྟེ་མ་དང་མི་གཉིས་པོ་སྦྱར་བ་ནི་རིགས་དང་བྱ་བ་ཡོན་ཏན་སོགས་སྦྱོར་ཡུལ་གྱི་མིང་གི་དོན་དེ་དགག་བྱེད་ཀྱི་སྒྲ་ཡིན་པར་ཤེས་པར་བྱའོ། །དེའང་དཔེར་ན། མ་ཡིན། མ་ལུས། མ་ཤེས། མི་རིགས། མི་འགྱུར། མི་རྟག་ལ་སོགས་པ་མཐའ་ཡས་པ་བསྒྲེས་ནས་རྟོགས་པར་བྱའོ། །
       གཉིས་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ་ལ་བཞི། ཚིག་བཅད་འགྲོལ་ཚུལ་ལ་འདོམས་པ། ཉན་པ་པོ་སྤྲོ་བ་སྲིང་བའི་སྒོ་ནས་འདོམས་པ། བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ། གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པའོ། །དང་པོ་ནི།
ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །
ཅུང་ཟད་བསྡུས་པ་ཡོད་ན་ཡང་། །
དེ་ནི་དེ་བཞིན་སྦྱར་བར་བྱ། །
ཞེས་པ་སྟེ། རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དང་། དེ་དག་གི་ཡན་ལག་ཏུ་གྱུར་བ་རིག་པའི་གནས་ཀྱི་བསྟན་བཅོས་རྣམས་ཚིགས་སུ་བཅད་པས་རྣམ་དབྱེ་དང་ཕྲད་སོགས་ཀྱི་མཚམས་སྦྱོར་མང་དུ་བསྡུས་པ་ཡོད་ན་ལྟ་ཅི་སྨོས། ཅུང་ཟད་བསྡུས་པ་ཡོད་ན་ཡང་དེའི་དོན་འགྲོལ་བའི་ཚེ་སྔར་བཤད་པའི་སླར་བསྡུ་ལ་སོགས་ཕྲད་དང་རྣམ་དབྱེ་དེ་དག་ནི་ཇི་ལྟར་འཇུག་ཚུལ་བཤད་པ་དེ་བཞིན་སྦྱར་ཏེ་བཤད་པས་དོན་ཁོང་དུ་ཆུད་པར་བྱའོ། །དེའང་།
ཟག་བཅས་ཟག་པ་མེད་ཆོས་རྣམས། །
ཞེས་པའི་ཕྲད་དང་རྣམ་དབྱེ་རྣམས་བསྡུས་པ་ལ། དེ་བཀྲལ་ན་ཟག་པ་དང་བཅས་པའི་ཆོས་རྣམས་དང་ཟག་པ་མེད་པའི་ཆོས་རྣམས། ཞེས་ཕྲད་དང་རྣམ་དབྱེ་སྦྱར་ནས་བཀྲལ་བ་ལྟ་བུའོ། །
       གཉིས་པ་ལ་གསུམ། རྗེས་འཇུག་མེད་མི་རུང་དུ་བསྟན་པ། རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ། དེ་དོན་ལ་དབབ་པའི་ཚུལ་བསྟན་པའོ། །དང་པོ་ནི།
སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །
མིང་གཞིའི་ཡི་གེ་གང་ཡིན་པ། །
གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །
ཨཱ་ལི་བཞི་ལས་གང་ལྡན་ཡང་། །
རྗེས་འཇུག་བཅུ་པོ་མ་ཞུགས་ན། །
མིང་གཞན་སྦྱོར་བ་ཡོང་མ་སྲིད། །
ཅེས་པ་སྟེ། བོད་ཀྱི་བརྡ་ཡང་དག་པར་སྤྲོད་པར་བྱེད་པའི་ཡི་གེའི་སྦྱོར་བ་ལ། སྔོན་འཇུག་གི་ཡི་གེ་ལྔ་པོ་ཡོད་དམ་མེད་ཀྱང་རུང་། མིང་གཞིའི་ཡི་གེ་ཉེར་དགུ་པོ་གང་ཡིན་པ་དེ་ལ། ལྡ། ལྷ་ལྟ་བུ་གཉིས་འབྲེལ་ཡོད་དང་། སྒྲ། རྒྱ་ལྟ་བུ་སུམ་འབྲེལ་ཡོད་དམ། དེ་དག་ལ་ཨཱ་ལི་བཞི་ལས་གང་ཡང་རུང་བ་ལྡན་པ། ལྷུ། སྒྲོ་ལྟ་བུ་དེ་རྣམས་ལ་རྗེས་འཇུག་གི་ཡི་གེ་བཅུ་པོ་གང་རུང་ཞིག་མ་ཞུགས་ན་དེ་རྣམས་མིང་དོན་གཞན་ལ་འཇུག་ཅིང་དོན་སྟོན་ནུས་པ་ནམ་ཡང་སྲིད་པ་མ་ཡིན་ནོ། །རྒྱུ་མཚན་དེས་ན་དེ་དག་ལ་རྗེས་འཇུག་སྦྱར་བས། ལྡན་ལྷའ་སྒྲའ་རྒྱན་ལྷུན་སྒྲོན་ཞེས་ལྡན་པ་སྟེ་ཡོད་པ་དང་། འགྲོ་བའི་བྱེ་བྲག་ལྷ་ལ་སོགས་པ་པ་དང་། རྣ་བའི་དབང་པོའི་ཡུལ་དང་། ལུས་ཀྱི་རྒྱན་ལ་སོགས་དང་། རི་རབ་ཀྱི་ལྷུན་ལ་སོགས་པ་དང་། གསལ་བ་ལ་སོགས་པའི་མིང་དུ་འགྱུར་ཞིང་དོན་ཀྱི་ངོ་བོ་ཙམ་སྟོན་ནུས་པ་བཞིན་ནོ། །སྒྲ་སྒྱུར་ཕྱི་མ་རྣམས་ཀྱིས་སྐད་གསར་བཅད་ཀྱི་ཚེ། དཔའ་འདའ་དགའ་ལྟ་བུ་མ་གཏོགས་འ་མཐའ་ཕལ་ཆེར་བསྡུས་པས་དེང་སང་མི་འབྱུང་ཡང་། ལྷ། རྒྱ་ལྟ་བུ་ད་ལྟ་འ་མཐའ་དངོས་སུ་མེད་པ་རྣམས་ལའང་དོན་གྱིས་འ་མཐའ་ཡོད་པར་ཤེས་དགོས་ཤིང་། ངག་སྒྲོན་ལས།
གུག་སྐྱེད་ཅན་མཐར་འ་མཐའ་སྤང་། །
ཞེས་གསུངས་མོད་ཀྱི། གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་སྦྱར་བའི་གུག་སྐྱེད་ཅན་གྱི་མཐར་ཡང་འབྲེལ་སྒྲ་ལ་སོགས་པའི་རྣམ་དབྱེ་སྦྱར་བའི་ཚེ་འ་མཐར་ཇི་ལྟར་འཇུག་པར་བཤད་པ་དང་འདྲ་བར་དགོས་ཏེ། འདིའི་དགུའི་བསྲེའོ། །བསྔོའོ་ལྟ་བུའོ། །འོ་ན་ངག་སྒྲོན་གྱི་གསུང་དེ་དང་འགལ་བར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། དེ་ནི་དེ་དག་གི་མཐར་འ་མཐའ་དངོས་སུ་སྦྱོར་མི་རུང་བར་གསུངས་པ་ཡིན་གྱི། ཕྲད་དང་རྣམ་དབྱེ་རྣམས་འ་མཐའ་བཞིན་དུ་མི་འགྱུར་བའི་དོན་མ་ཡིན་པའི་ཕྱིར་རོ། །དེས་ན་རྗེས་འཇུག་མེད་པའི་ཡི་གེ་ནམ་ཡང་སྲིད་པ་མ་ཡིན་ནོ། །
       གཉིས་པ་ནི།
རྗེས་འཇུག་བཅུ་ཡི་དོན་ཤེས་ན། །
འབྲི་དང་ཀློག་དང་བཤད་རྣམས་ཀྱི། །
མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །
འབྲེལ་པ་སྨྲ་བའི་མཆོག་ཏུ་འགྱུར། །
གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །
དོན་གྱི་སྦྱོར་བ་མ་མཐོང་ཡང་། །
དོན་དང་མཐུན་པའི་སྦྱོར་བ་ཤེས། །
ཞེས་པ་སྟེ། གོང་དུ་བཤད་པའི་རྗེས་འཇུག་བཅུ་པོ་ལ་གཙོ་བོར་བརྟེན་པའི་ཕྲད་དང་རྣམ་དབྱེའི་འཇུག་ཚུལ་ལེགས་པར་ཤེས་ན། མདོ་རྒྱུད་བསྟན་བཅོས་ཡི་གེར་འབྲི་བ་དང་། བྲིས་ཟིན་པ་དག་པར་བཀླག་པ་དང་། བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་སྒོ་ནས་གཞན་ལ་བཤད་ཅིང་འདོམས་པ་དང་། རྩོད་པ་དང་རྩོམ་པ་སོགས་གང་ལའང་ཚིག་དོན་སྔ་ཕྱི་དང་། མ་འབྲེལ་བ་དང་། ཟློས་པ་སོགས་སྐྱོན་དུ་གྱུར་པ་ནམ་ཡང་མི་འབྱུང་བས་འབྲེལ་ཆགས་པའི་ཚིག་དོན་སྨྲ་བའི་མཆོག་ཏུ་གྱུར་བ་དང་། གཞན་ཡང་རྗེས་འཇུག་གི་དོན་ཚུལ་བཞིན་དུ་ཤེས་པ་དེས། ཡི་གེ་བྲིས་པ་མཐོང་བའམ་ཐོས་པ་ཙམ་གྱིས་དེའི་སྦྱོར་བ་སྔར་མ་མཐོང་ཞིང་སྤྱོད་ཡུལ་དུ་མ་གྱུར་བ་ཞིག་ཡིན་འང་དེའི་ཕྲད་དང་རྣམ་དབྱེ་ལ་སོགས་པའི་ཡི་གེའི་སྦྱོར་བ་ཁོང་དུ་ཆུད་པ་ལ་བརྟེན་ནས་དེ་རྗེས་དཔག་གིས་ཤེས་པར་ནུས་པའམ། ཡང་ན་ཚིག་རྐང་ཕྱི་མ་གཉིས་ཀྱི་དོན་བསྟན་བཅོས་ལ་སོགས་པའི་འགྲེལ་བཤད་སོགས་སྔར་མ་མཐོང་ཡང་འགྲེལ་བཤད་ཀྱི་དོན་དང་མཐུན་པའི་ཚིག་གི་སྦྱོར་བ་ཤེས་པར་འགྱུར་རོ་ཞེས་པའི་དོན་དུ་བཤད་དོ། །
       གསུམ་པ་ནི།
རྗེས་འཇུག་སྦྱོར་བ་མཁས་པ་ནི། །
ལུང་གི་དོན་དང་སྦྱོར་བ་དང་། །
བླ་མའི་མན་ངག་གསུམ་སྦྱར་ནས། །
དོན་གྱི་ཐོག་ཏུ་དབབ་པར་བྱ། །
ཞེས་པ་སྟེ། རྗེས་འཇུག་གི་སྦྱོར་བ་རྣམས་ལ་གོམས་ཤིང་མཁས་པ་ན། རང་ཉིད་གང་ལ་མོས་པའི་ཤེས་བྱ་རིག་པའི་གནས་གང་ལ་འཇུག་པར་འདོད་པ་ན། དེ་དང་དེའི་ལུང་གི་དོན་ཚན་ཐུབ་པ་དག་གི་དོན་དང་སྐབས་སུ་ཇི་ལྟར་མཚམས་པར་སྦྱོར་བར་བྱེད་པ་དང་། དེ་ཉིད་འདོམས་པའི་བླ་མ་བསྟེན་ནས་མན་ངག་རྗེས་སུ་འདོམས་པ་ཡང་བརྟེན་ཏེ། དེ་ལྟར་རྗེས་འཇུག་གི་སྦྱོར་བ། ལུང་གི་དོན། བླ་མའི་མན་ངག་གསུམ་ཕྱོགས་གཅིག་ཏུ་སྦྱར་ཏེ་ཤེས་འདོད་ཀྱི་དོན་དེའི་ཐོག་ཏུ་དབབ་པས་བདེ་བླག་ཏུ་རྟོགས་པར་འགྱུར་བ་དེ་ལྟར་དུ་བྱའོ། །དེའང་རྟོགས་སླ་བ་ནི་རྗེས་སུ་འཇུག་གི་སྦྱོར་བ་ཕྲད་ལ་སོགས་པས་ཤེས་པར་ནུས་ལ། རྟོགས་དཀའ་བ་ལ་ལུང་དོན་སྦྱར་དགོས་པ་དང་། དེ་དག་གིས་ཀྱང་ཤིན་ཏུ་རྟོགས་དཀའ་བ་ལ་བླ་མའི་མན་ངག་ལ་བསྟེན་དགོས་པ་ཡིན་གྱི། ཚིག་སྦྱོར་ཕྲ་མོ་ཙམ་ལ་གསུམ་ག་ཚང་དགོས་པ་ནི་མ་ཡིན་ནོ། །
       གསུམ་པ་བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ་ནི།
བསླབ་ལ་བརྩོན་པའི་གང་ཟག་གིས། །
དང་པོར་ང་རོ་རྣམས་ལ་སྦྱང་། །
སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །
ཀློག་གི་ཆེད་དུ་བསླབ་པ་ཡིན། །
རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །
མཉན་བསམ་བསྟན་པའི་དོན་དུ་སྦྱར། །
ཡན་ལག་དེ་དག་མཐུ་ཡིས་ནི། །
འབྲས་བུའི་ཆེད་དུ་དོན་ལ་དབབ། །
བསླབ་པའི་རིམ་པ་འདི་ཡིས་ནི། །
གང་ཞིག་འབད་པ་ཆུང་དུས་ཀྱང་། །
ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །
དེ་ཕྱིར་དང་པོར་འདི་ཉིད་བསླབ། །
དེ་ནས་རྒྱས་པའང་མཉན་བྱས་ཏེ། །
བསླབ་པ་གང་ལ་དད་པ་ཡི། །
གཞུང་ཉིད་བླ་མ་དག་ལས་མཉན། །
ཞེས་པ་སྟེ། བསླབ་པ་ལ་བརྩོན་པར་འདོད་པའི་ལས་དང་པོ་པ་རྣམས་ཀྱིས་དང་པོ་ཉིད་དུ་ང་རོ་སྟེ་ཡི་གེ་རྐྱང་པ་ཀ་ལ་སོགས་པ་དང་། དབྱངས་དང་བཅས་པ་རེ་རེ་ནས་ཤིན་ཏུ་དག་པར་ཀློག་ཚུལ་ལ་སྦྱང་བར་བྱ་ཞིང་། དེ་ནས་སྔོན་འཇུག་ལྔ་པོ་འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞི་སུམ་ཅུ་དང་རྗེས་འཇུག་བཅུ་སྟེ། དེ་གསུམ་ཚེག་བར་གཅིག་ཏུ་སྦྱོར་བ་ཡང་ཀློག་ལེགས་པར་ཤེས་པའི་ཆེད་དུ་བསླབ་པར་བྱ་བ་ཡིན་ལ། རྗེས་འཇུག་བཅུ་པོ་དེར་སྔོན་འཇུག་ཀྱང་འདུ་བས་དེ་དག་རྟགས་འཇུག་ནས་བཤད་པ་ལྟར་མིང་གཞི་གང་ལ་འཇུག་པ། ཡི་གེ་གང་གིས་འཇུག་པ། ཚུལ་ཇི་ལྟར་འཇུག་པ། དགོས་པ་ཅིའི་ཕྱིར་འཇུག་པ་རྣམས་ནི་རྗེས་འཇུག་བཞི་ཡི་སྦྱོར་བ་ཡིན་པས། དེ་རྣམས་ནི་རང་གི་བླ་མ་སོགས་ལས་ལེགས་བཤད་མཉན་པ་དང་། དེ་ན་དེ་ཚུལ་བཞིན་དུ་བསམ་པ་དང་། དེ་སྣོད་ལྡན་གཞན་ལ་བསྟན་པའི་དོན་དུ་སྦྱར་ཏེ་མཁས་པར་བྱའོ་ཞེས་འདོམས་པ་སྟེ། སྡེ་སྣོད་ཀྱི་གཞུང་རྣམས་དགེ་བའི་བཤེས་གཉེན་ལས་ཐོས་པའི་སྐབས་སུ་ཡང་རྗེས་འཇུག་བཞི་ཡི་སྦྱོར་བ་དགོས་ཏེ། དེས་གོ་བ་ཚུལ་བཞིན་དུ་འཆག་པར་འགྱུར་བའི་ཕྱིར་རོ། །ཐོས་དོན་གྱི་གཞལ་བྱ་དེ་འཇལ་བྱེད་ཀྱི་སྒོ་ནས་དོན་བསམ་པའི་ཚེ་ནའང་རྗེས་འཇུག་བཞི་ཡི་སྦྱོར་བ་དགོས་ཏེ། དེས་དོན་དེ་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་བའི་ཕྱིར་རོ། །ཐོས་པ་དང་བསམ་པས་ངེས་པའི་དོན་དེ་གཞན་ལ་སྟོན་པ་ནའང་རྗེས་འཇུག་བཞི་ཡི་སྦྱོར་བ་དགོས་ཏེ། དེས་འཆད་བྱེད་ཀྱི་ཚིག་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་རོ། །ང་རོ་ནས་བཟུང་སྟེ་ཀློག་པ་དང་རྗེས་འཇུག་བཞི་ཡི་སྦྱོར་བ་ལ་སོགས་པ་ཤེས་བྱའི་ཡན་ལག་དེ་གཉིས་ཀྱི་མཐུས་ནི་གང་བསླབ་པར་བྱ་བ་དེ་ཤེས་པའི་འབྲས་བུའི་ཆེད་དུ་དོན་ལ་དབབ་ནས་ཉམས་སུ་བསྟར་བར་བྱའོ། །དེ་ལྟར་བསླབ་པའི་རིམ་པ་འདིས་ནི་གང་ཞིག་བརྩོན་འགྲུས་ཀྱི་འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་ལ་ཐོགས་པ་མེད་པའི་ཤེས་རབ་མྱུར་དུ་གྲོལ་བར་འགྱུར་ན། གང་ཞིག་བརྩོན་འགྲུས་ཀྱི་འབད་པ་ཆེན་པོ་དང་ལྡན་པ་རྣམས་ནི་ལྟ་ཅི་སྨོས་ཞེས་པའི་ཐ་ཚིག་གོ །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་བསླབ་པ་ལ་བརྩོན་པའི་དང་པོར་སུམ་ཅུ་པ་འདི་ཉིད་བསླབས་པར་བྱས་ནས། དེ་ནས་རྟགས་འཇུག་སོགས་ཡན་ལག་གཞན་རྒྱས་པའང་མཉན་པར་བྱས་ཏེ། དེ་རྗེས་རིག་པའི་གནས་དང་ཐེག་པ་ཆེ་ཆུང་གི་ཤེས་བྱ་འམ་བསླབ་པ་གང་དང་གང་ལ་དད་པ་ཡི་གཞུང་ཉིད་བླ་མ་དང་པ་དག་ལས་མཉན་ཏེ་ཁོང་དུ་ཆུད་པར་བྱའོ། །
       བཞི་པ་སྣོད་རུང་ལ་གདམས་ངག་བསྟན་དགོས་པར་འདོམས་པ་ནི།
སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །
ལེ་ལོ་གཡེང་བ་རྣམ་པར་སྤངས། །
ཟོ་བཟང་དད་པ་ལ་བརྟེན་པ། །
སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །
དེ་ལ་དུས་སུ་འདོམས་པར་བྱ། །
ཅིག་ཤོས་དེ་ལས་ལྡོག་པའོ། །
ཞེས་པ་སྟེ། བརྡའི་སྦྱོར་བ་སྟོན་པའི་བསྟན་བཅོས་འདི་གཞན་ལ་བསྟན་པའི་སྣོད་རུང་གི་གང་ཟག་ནི། འདི་ཉིད་སྟོན་པའི་སློབ་དཔོན་དེ་ལ་སློབ་དཔོན་དུ་འཛིནད་ཅིང་ཞེ་ས་དང་བཅས་པས་དྲིན་དུ་གཟོ་བ་དང་། རིག་པ་སློབ་པའི་མི་མཐུན་དེ་ལ་སྤྲོ་བ་ཞན་པའི་སྙོམ་ལས་ཀྱི་ལེ་ལོ་དང་། བྱ་བ་གཞན་ལ་འཇུག་པའི་གཡེང་བ་གཉིས་སྤངས་པས་སྐྱོན་དེ་གཉིས་ཀྱིས་གླགས་མི་རྙེད་པ་རྟག་སྦྱོར་གྱི་བརྩོན་འགྲུས་དང་། མཐུན་རྐྱེན་ཟོ་སྟེ་མི་གཞི་འམ་རང་བཞིན་བཟང་བ་དང་། བསླབ་པའི་གནས་དེ་ཤེས་འདོད་ཀྱི་དད་པ་ལ་བརྟེན་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་སྟེ། མཚན་ཉིད་དེ་གསུམ་ལྡན་པའི་སྐྱེས་བུ་དེས་ནི་བསླབ་པར་བྱ་བ་མྱུར་དུ་ཚེགས་མེད་པར་རྟོགས་པར་འགྱུར་བས་དེས་དོན་དུ་གཉེར་བའི་ཚེ་དུས་ཡིན་པས་འདུ་ཤེས་པར་བྱས་ནས་དུས་སུ་འདོམས་པར་བྱའོ། །ཅིག་ཤོས་གཞན་ནི་ཡོན་ཏན་དེ་དག་ལས་ལྡོག་པ་སྟེ། སློབ་དཔོན་ལ་སློབ་དཔོན་དུ་མི་འཛིན་པ་དང་། ལེ་ལོ་དང་གཡེང་བ་ཆེ་བ་དང་། རང་བཞིན་ངན་ཅིང་དད་པ་མེད་པ་ནི་འདི་བསྟན་པའི་སྣོད་མ་ཡིན་པས་རེ་ཞིག་འདོམས་པར་བྱ་བ་མ་ཡིན་ཀྱང་། ཕྱི་ནས་ནན་ཏན་གྱིས་དོན་དུ་གཉེར་ན་ནི་རྗེས་སུ་བསྟན་པར་བྱའོ་ཞེས་པའི་དོན་ཏེ། སྐྱོན་གློ་བུར་བ་ཡིན་པས་བྲལ་ནས་ཡོན་ཏན་དང་ལྡན་པར་འགྱུར་དུ་སྲིད་པའི་ཕྱིར་རོ། །འདི་དག་ནི་འདི་ཙམ་དུ་མ་ཟད་བསླབ་པ་ཐམས་ཅད་ཀྱི་སྣོད་དུ་རུང་བ་དང་མི་རུང་བའང་ཡིན་ནོ། །དེ་ལྟར་སུམ་ཅུ་པ་བཤད་ཟིན་ཏོ། །

རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་བཞག
༄༅།  །བརྟན་དང་གཡོ་བའི་དབྱངས་ཀྱི་ཡན་ལག་ཀུན། །
གཅིག་ཏུ་རྫོགས་པའི་སྙན་འགྱུར་བྱེ་བའི་མཛོད། །
ས་ར་སྭ་ཏཱིའི་ཞལ་རས་ཟླ་རྒྱས་འཛུམ། །
དང་བའི་ཡིད་མཚོར་རྟག་ཏུ་འགྲོགས་པར་མཛོད། །
       གཉིས་པ་རྟགས་ཀྱི་འཇུག་པའི་གཞུང་བཤད་པ་ལ་གསུམ། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་འཇུག་པ་བཤད་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། རྗེས་འཇུག་རྟགས་ཀྱི་འཇུག་པ་བཤད་པའོ། །དང་པོ་ནི།
ཕོ་ཡི་ཡི་གེ་འབའ་ཞིག་གིས། །
སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །
སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །
ཕོ་དང་མ་ནིང་མོ་དང་ནི། །
ཤིན་ཏུ་མོ་དང་བཞི་བཞི་རུ། །
སྡེ་པ་བཞི་པ་ཡན་ཆད་དབྱེ། །
ལྷག་མ་བཅུ་བཞི་གནས་པ་ལ། །
ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །
ཝ་ནི་བ་དང་སྦྱར་བར་བྱ། །
ལྷག་མ་དྲུག་ནི་མོ་རུ་སྦྱར། །
ར་ལ་ཧ་ནི་མོ་གཤམ་སྟེ། །
ཨ་ནི་མཚན་མེད་ཅེས་ཀྱང་བྱ། །
ཞེས་པ་སྟེ། སྤྱིར་བོད་ཀྱི་སྐད་ལ་མཁོ་བའི་ཡི་གེ་ཨཱ་ལི་ཀཱ་ལི་དེ་གཉིས་ལ་ཕོ་མོ་གཉིས་སུ་དབྱེ་ན་ཨཱ་ལི་མཚོན་བྱེད་ཨི་ཨུ་ཨེ་ཨོ་བཞི་ནི་ཤེས་རབ་ཀྱི་རང་བཞིན་མོ་དང་། ཀ་ནས་ཨའི་བར་ཀཱ་ལི་སུམ་ཅུ་ནི་ཐབས་ཀྱི་རང་བཞིན་ཕོ་ཡིན་ལ། ཕོ་ཡི་ཡི་གེ་ཀཱ་ལི་འབའ་ཞིག་ལ་སྔར་བཤད་པ་ལྟར། སྡེ་པ་དང་པོ་ཀ་ཁ་ག་ང་ནས་ཧ་ཨ་ཕྱེད་ཀྱི་བར་དུ་སྡེ་པ་ཕྱེད་དང་བརྒྱད་གནས་པ་དེ་དག་ཀྱང་། ཕོ་དང་མ་ནིང་དང་མོ་དང་ཤིན་ཏུ་མོ་དང་མོ་གཤམ་སྟེ་སྡེ་ཚན་ལྔ་རུ་དྲིལ་བར་བྱའོ། །
       དེའང་ཕོ་དང་མ་ནིང་དང་མོ་དང་ཤིན་ཏུ་མོ་དང་བཞི་ནི། སྡེ་པ་བཞི་པ་ཡན་ཆད་ལ་ནི་གོ་རིམ་ལྟར་དབྱེ་སྟེ། འདི་ལྟར་སྡེ་པ་བཞིའི་དང་པོའི་ཡི་གེ་ཀ་ཅ་ཏ་པ་རྣམས་ནི་ཕོའི་ཡི་གེའོ། །དེ་བཞིན་དུ་སྦྱར་ཏེ། གཉིས་པ་ཁ་ཆ་ཐ་ཕ་རྣམས་མ་ནིང་ངོ་། །གསུམ་པ་ག་ཇ་ད་བ་རྣམས་མོའོ། །བཞི་པ་ང་ཉ་ན་མ་རྣམས་ཤིན་ཏུ་མོའོ། །དེར་མ་འདུས་པའི་ལྷག་མ་ཙ་སྡེ་ཕྱིན་ཆད་ཡིག་འབྲུ་བཅུ་བཞིར་གནས་པ་ལ། ཙ་སོགས་གསུམ་ནི་ཅ་སོགས་དང་སྦྱར་བས། ཙ་ཕོ་ཚ་མ་ནིང་ཛ་མོར་ཤེས་པར་བྱའོ། །ཝ་ནི་བ་དང་སྦྱར་བས་མོའི་ཡི་གེའོ། །ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ཀྱང་མོའི་ཡི་གེའོ། །ར་ལ་ཧ་གསུམ་ནི་མོ་གཤམ་གྱི་ཡི་གེའོ། །ཨ་ཡིག་ནི་མོ་གཤམ་ཡིན་པར་མ་ཟད་མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །དེའང་འདིར་མཆུ་སོ་མགྲིན་རྐན་སོགས་ཡི་གེའི་སྐྱེ་གནས་ཀྱི་བྱེད་རྩོལ་ཤུགས་ཆེ་བ་རྣམས་ལ་ཕོའི་ཡི་གེ་དང་། རན་པ་རྣམས་ནི་མ་ནིང་དང་། ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་མོ་དང་། དེ་ལས་ཆུང་པའམ་ལྷོད་པ་རྣམས་ཤིན་ཏུ་མོ་དང་། ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་རྣམས་མོ་གཤམ་དང་། ཨ་ཡིག་ནི་དེ་ལས་ཀྱང་རྩོལ་བ་ཞན་པའི་སྒོ་ནས་མཚན་མེད་ཀྱི་ཡི་གེར་བཞག་པ་ཡང་ཤེས་པར་བྱའོ། །ཀ་ཅ་ཏ་པ་ཙ་ནི་མིང་གཞིའི་ཕོ། ཁ་ཆ་ཐ་ཕ་ཚ་རྣམས་མ་ནིང་ངོ་། །ག་ཇ་ད་བ་ཛ་ཝ་ཞ་ཟ་འ། ཡ་ཤ་ས་མོ་ང་ཉ་ན་མ་ནི། ཤིན་ཏུ་མོ་ཡིན། ར་ལ་ཧ་མོ་གཤམ། ཨ་ཡིག་ཉིད་ནི་མཚན་མེད་ཅེས་བྱའོ། །
       གཉིས་པ་སྔོན་འཇུག་རྟགས་ཀྱི་འཇུག་པ་བཤད་པ་ལ་གསུམ། མིང་གཞི་ལས་སྔོན་རྗེས་དབྱུང་བའི་ཚུལ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ། དེའི་འཇུག་ཚུལ་བཤད་པའོ། །དང་པོ་ནི།
མོ་ཡི་ཡི་གེའི་ནང་ནས་ནི། །
འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །
འཇུག་པ་བཅུ་ཡི་ནང་ནས་ནི། །
སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །
ཞེས་པ་སྟེ། མོའི་ཡི་གེ་གོང་དུ་ཕྱེས་ཟིན་པའི་མོ་ཙམ་དང་ཤིན་ཏུ་མོ་དང་མོ་གཤམ་གསུམ་དུ་གནས་ཀྱང་སོ་སོར་མ་ཕྱེས་པར་དེ་དག་ལ་མོའི་ཡི་གེ་ཞེས་གཅིག་ཏུ་བྱས་པ་དེ་ཡི་ནང་ནས་སུམ་ཅུ་པར་བཤད་པ་ལྟར་རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་དབྱུང་བར་བྱ་ཞིང་། རྗེས་འཇུག་གི་ཡི་གེ་བཅུ་པོ་དེའི་ནང་ནས་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་སྟེ་དབྱུང་བར་བྱའོ། །དབྱེ་ཚུལ་འདི་ནི་སུམ་ཅུ་པར་ཕྱེས་པ་ལས་ལོགས་སུ་མེད་ཀྱང་། འོག་ཏུ། སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཞེས་སོགས་ཀྱི་སྐབས་སུ་མཁོ་བས་འདིར་ཡང་དབྱེ་བར་མཛད་པའོ། །
       གཉིས་པ་སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་ནི།
སྔོན་འཇུག་ཡི་གེ་ལྔ་པོ་ལ། །
ཕོ་དང་མ་ནིང་མོ་དང་ནི། །
ཤིན་ཏུ་མོ་དང་བཞི་རུ་དབྱེ། །
ཞེས་པ་སྟེ། སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་ལྔ་པོ་དེ་ལའང་ཕོ་བ་ཡིག མ་ནིང་ག་ད་གཉིས། མོ་འ་ཡིག ཤིན་ཏུ་མོ་མ་ཡིག་སྟེ་བཞི་རུ་དབྱེའོ། །འདིར་ཕོ་མོ་སོགས་ཀྱི་ཟླས་དབྱེ་བ་ནི་སྔོན་འཇུག་གི་ཡི་གེ་རང་རང་གི་སྒྲ་གདངས་གྲིམ་ལྷོད་སོགས་ལས་མ་ཡིན་པར་འཇུག་ཡུལ་མིང་གཞི་དང་སྦྱར་བའི་ཚེ་སྒྲ་གྲིམ་ལྷོད་སོགས་ཀྱི་སྒོ་ནས་བཞག་པའོ། །སྔོན་འཇུག་ཕོ་བ་མ་ནིང་ག་ད་གཉིས། མོ་ནི་འ་ཡིག་ཤིན་ཏུ་མོ་ཉིད་མ།
       གསུམ་པ་དེའི་འཇུག་ཚུལ་བཤད་པ་ལ་གཉིས། འཇུག་ཚུལ་རྟོགས་བྱེད་ཀྱི་ཡན་ལག་རྣམས་མདོར་བསྟན་པ་དང་། དྲི་ལན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི།
དེ་དག་རེ་རེའང་བཞི་བྱེད་དེ། །
གང་ལ་འཇུག་བྱེད་གང་གིས་བྱེད། །
ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །
ཅེས་པ་སྟེ། སྔོན་འཇུག་གི་ཡི་གེ་ཕོ་དང་མ་ནིང་མོ་དང་ཤིན་ཏུ་མོ་དེ་དག་རེ་རེའང་བྱེད་པ་བཞི་བཞིའི་སྒོ་ནས་འཇུག་སྟེ། འཇུག་ཡུལ་མིང་གཞིའི་ཡི་གེ་གང་དང་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་སྔོན་འཇུག་གི་ཡི་གེ་གང་དང་གང་གིས་འཇུག་པ་དང་། སྒྲ་ཡི་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་པ་དང་། དེ་ཞུགས་པས་དགོས་པ་འམ་དོན་ཅི་ཞིག་སྟོན་པའི་ཕྱིར་དུ་འཇུག་པར་བྱེད་པའོ། །
       གཉིས་པ་དྲི་ལན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ་གསུམ། གང་ལ་འཇུག་པ་དང་གང་གིས་འཇུག་པ་ཐུན་མོང་དུ་བསྟན་པ། ཇི་ལྟར་འཇུག་པ་བསྟན་པ། ཅི་ཕྱིར་འཇུག་པ་བསྟན་པའོ། །དང་པོ་ལ་གཉིས། དྲི་བས་མཚམས་སྦྱར་བ། ལན་གྱིས་བསྙད་པའོ། །དང་པོ་ནི།
གང་ལ་འཇུག་པར་བྱེད་ཅེ་ན། །
ཞེས་པ་སྟེ། མིང་གཞིའི་ཡི་གེ་གང་ལ་འཇུག་པར་བྱེད་ཅེ་ན་ཞེས་པའོ། །
       གཉིས་པ་ལན་ལ་གཉིས། ལན་དངོས་དང་། ཞར་བྱུང་མི་འཇུག་པ་བཤད་པའོ། །དང་པོ་ནི།
ཕོ་ནི་ཕོ་དང་མོ་ལ་འཇུག །
མོ་ནི་མོ་དང་མ་ནིང་ལ། །
མ་ནིང་ཡང་ནི་ཕོ་མོ་ལའོ། །
ཤིན་ཏུ་མོ་ནི་མ་ནིང་དང་། །
མོ་དང་ཤིན་ཏུ་མོ་ཉིད་ལའོ། །
ཞེས་པ་སྟེ། དེ་ལ་གང་གིས་འཇུག་པར་བྱེད་པ་སྔོན་འཇུག་གི་ཕོ་བ་ཡིག་ནི་གང་ལ་འཇུག་པ་རང་སྡེའི་པ་དང་མ་གཉིས་མ་ཡིན་པའི་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ་རྣམས་དང་། མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་རྣམས་ལ་འཇུག་གོ །དེའང་ཀ་ག་གཉིས་ལ་བརྩེགས་འདོགས་རྐྱང་གསུམ་གར་འཇུག་སྟེ། དཔེར་ན། བརྐོ། བསྐོན། བསྒོ། བརྒལ་ལྟ་བུ་བརྩེགས་འཕུལ་དང་། བཀྱི། བརྐྱང་། བསྐྱེད། བཀྲག བསྐྲུན། བཀླག བརྒྱད། བསྒྱིངས། བསྒྲང་། བསྒྲགས་ལྟ་བུ་འདོགས་འཕུལ་དང་། བཀའ། བགོས་ལྟ་བུ་རྐྱང་འཕུལ་ལོ། །ཏ་ཙ་ད་གསུམ་ལ་རྐྱང་བརྩེགས་གཉིས་ཀར་འཇུག་སྟེ། བཏགས། བཙགས། བདག་ལྟ་བུ་རྐྱང་འཕུལ་དང་། བརྟས། བལྟའ། བསྟོད། བརྩེགས། བརྡ། བལྡད་ལྟ་བུ་བརྩེགས་འཕུལ་ལོ། །ང་ཇ་ཉ་ན་ཛ་རྣམས་ལ་བརྩེགས་མ་ཁོ་ནར་འཇུག་སྟེ། བརྔ། བསྔགས། བརྗོད། བརྙས། བསྙེན། བརྣོག བསྣན། བརྫང་ལྟ་བུའོ། །ཅ་ཞ་ཤ་གསུམ་ལ་རྐྱང་པ་ཁོ་ནར་འཇུག་སྟེ། བཅས། བཞེད། བཤད་ལྟ་བུའོ། །ཟ་ས་གཉིས་ལ་རྐྱང་འདོགས་གཉིས་ཀར་འཇུག་སྟེ། བཟང་། བཟའ། བསམ་ལྟ་བུ་རྐྱང་འཕུལ་དང་། བཟླས། བླངས་ལྟ་བུ་འདོགས་འཕུལ་ལོ། །ར་ཡིག་ལ་འདོགས་འཕུལ་ཁོ་ནར་འཇུག་སྟེ། བརླབས། བརླག་ལྟ་བུའོ། །
       སྔོན་འཇུག་གི་མོ་འ་ཡིག་ནི། མིང་གཞིའི་མོ་ག་ཇ་ད་བ་ཛ་རྣསམ་དང་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་རྐྱང་འཕུལ་གྱིས་འཇུག་ཅིང་། ག་བ་ཁ་ཕ་རྣམས་ལ་འདོགས་འཕུལ་དུའང་འཇུག་གོ །དེའང་དཔེར་ན། རྐྱང་འཕུལ་ལ། འགོད། འཇམ། འདམ། འབོལ། འཛོམ། འཁོར། འཚལ། འཐད། འཕགས། འཚལ་ལྟ་བུ་དང་། འདོགས་འཕུལ་ལ། འགྱད། འབྱེད། འགྲེལ། འབྲེལ། འཁྲེན། འཕྲད་ལྟ་བུའོ། །
       སྔོན་འཇུག་གི་མ་ནིང་ག་ཡིག་མིང་གཞིའི་ཕོ་ཅ་ཏ་ཙ་རྣམས་དང་། མོ་ཉ་ད་ན་ཞ་ཟ་ཡ་ཤ་ས་རྣམས་ལ་རྐྱང་འཕུལ་ཁོ་ནས་འཇུག་སྟེ། གཅིག གཏམས། གཙང་། གཉེར། གདངས། གནས། གཞལ། གཟུགས། གཡས། གཤམ། གསལ་ལྟ་བུའོ། །
       སྔོན་འཇུག་གི་མ་ནིང་ད་ཡིག་མིང་གཞིའི་ཕོ་ཀ་པ་གཉིས་དང་། མོ་ག་བ་གཉིས་ཏེ་བཞི་ལ་རྐྱང་འདོགས་གཉིས་ཀར་འཇུག་ཅིང་། མོ་ཡིག་ང་མ་གཉིས་ལ་རྐྱང་འཕུལ་ཁོ་ནས་འཇུག་སྟེ། དཀོན། དཔའ། དགའ། དབང་། དངར། དམར་ལྟ་བུ་རྐྱང་འཕུལ་དང་། དཀྱིལ། དཔྱད། དགྱེས། དབྱངས། དཀྲོགས། དགྲམ། དཔྲོག་ལྟ་བུ་འདོགས་འཕུལ་ལོ། །
       སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་རྣམས་དང་། མོ་ཡིག་ག་ཇ་ད་ཛ་རྣམས་དང་། ཤིན་ཏུ་མོ་ང་ཉ་ན་རྣམས་ལ་རྐྱང་འཕུལ་གྱིས་འཇུག་ཅིང་། དེ་ལས་ཁ་ག་གཉིས་ལ་འདོགས་འཕུལ་དུའང་འཇུག་གོ །དེས་ན་རྐྱང་འཕུལ་ལ། མཁའ། མཆན། མཐོང་། མཚན། མགུ། མཇེད། མདོག མཛད། མངོན། མཉེས། མནབས་ལྟ་བུ་དང་། འདོགས་འཕུལ་ལ། མཁྱེན། མཁྲངས། མགྱོགས། མགྲིན་ལྟ་བུའོ། །
       གཉིས་པ་ཞར་བྱུང་མི་འཇུག་པ་བཤད་པ་ནི།
ཕོ་ནི་མ་ནིང་ལ་མི་འཇུག །
མོ་ནི་ཕོ་ལ་འཇུག་པ་མིན། །
མ་ནིང་རང་ལ་རང་མི་འཇུག །
རང་གི་སྡེ་དང་ཕྲད་པ་ན། །
ཕོ་ཡང་མོ་ལ་འཇུག་མི་འགྱུར། །
མ་ནིང་མོ་ཡང་དེ་བཞིན་ནོ། །
ཞེས་པ་སྟེ། སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་འ་ཡིག་དང་ཤིན་ཏུ་མོ་མ་ཡིག་དག་ཀྱང་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་འཇུག་པ་མིན་ལ། སྔོན་འཇུག་གི་མ་ནིང་ག་ད་གཉིས་པོ་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རང་ལ་མི་འཇུག་གོ །རང་གི་སྡེ་དང་འཕྲད་ན་སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མོ་བ་མ་དག་ལ་མི་འཇུག་ཅིང་། ཡང་སྒྲས་ཕོ་ཡིག་པ་ལའང་མི་འཇུག་པ་དང་། སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་ག་ཡིག་རང་སྡེའི་ཕོ་མོ་ཀ་ག་ང་རྣམས་དང་། ད་ཡིག་ཏ་ད་ན་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་ཡིག་འ་ནི་རང་སྡེའི་མིང་གཞི་ཞ་ཟ་འ་ཡ་རྣམས་ལ་མི་འཇུག་པ་དང་། ཡང་སྒྲས་ཤིན་ཏུ་མོ་མ་ཡིག་ཀྱང་རང་སྡེའི་མིང་གཞི་པ་ཕ་བ་མ་རྣམས་ལ་འཇུག་པའང་མ་ཡིན་ནོ། །
       གཉིས་པ་ཇི་ལྟར་འཇུག་པར་བྱེད་པ་བསྟན་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། །དང་པོ་ནི།
ཇི་ལྟར་འཇུག་པར་བྱེད་ཅེ་ན། །
ཞེས་པ་སྟེ། སྒྲའི་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་ཅེ་ན་ཞེས་པའོ། །
       གཉིས་པ་ནི།
ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །
མ་ནིང་རན་པར་འཇུག་པ་ཡིན། །
མོ་ནི་ཞན་པའི་ཚུལ་གྱིས་ཏེ། །
ཤིན་ཏུ་མོ་ནི་མཉམ་པས་སོ། །
ཞེས་པ་སྟེ། སྔོོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་ཡི་གེ་རང་ཉིད་ཀྱི་འཇུག་ཡུལ་དུ་རུང་བ་རྣམས་ལ་སྒྲ་དང་བྱེད་རྩོལ་དྲག་པའི་སྒོ་ནས་འཇུག་པ་དང་། མ་ནིང་ག་ད་གཉིས་ནི་རན་པས་འཇུག་པ་དང་། མོ་ཡིག་འ་ནི་ཞན་པས་འཇུག་པ་དང་། ཤིན་ཏུ་མོ་མ་ནི་མཉམ་པ་སྟེ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་པར་བྱེད་དོ་ཞེས་པའོ། །
       གསུམ་པ་ཅི་ཕྱིར་འཇུག་པར་བྱེད་པ་བསྟན་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། །དང་པོ་ནི།
ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །
ཞེས་པ་སྟེ། དགོས་པའམ་དོན་ཅི་ཞིག་སྟོན་པའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན་ཞེས་པའོ། །
       གཉིས་པ་ལ་གཉིས། མ་བཤད་པའི་བདག་གཞན་དུས་གསུམ་སྤྱིར་དབྱེ་བ་དང་། བཤད་པ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། འཆད་འགྱུར་བདག་གཞན་དུས་གསུམ་གྱི་དབྱེ་བ་དེ་ལ་འདི་ལྟར་ཤེས་དགོས་ཏེ། བདག་ཅེས་པ་ནི། ལས་སུ་བྱ་བའི་དངོས་པོ་གང་རུང་བ་དེ་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ། དཔེར་ན། ཤིང་བཀའ་ལྟ་བུ་ལ་བྱེད་པ་པོའི་མིའི་དངོས་པོ་དེ་ཉིད་དང་། བྱེད་པ་ལག་པས་བཀའ་བ་དང་བཅས་པ་ལྟ་བུ་ལ་ནི་བདག་ཅེས་བྱ་ཞིང་། གཞན་ཞེས་པ་ནི། ཤིང་བཀའ་མཁན་གྱི་གང་ཟག་དེས་བཀའ་རྒྱུའི་ཡུལ་གྱི་དངོས་པོ་ཤིང་དེ་དང་། བྱ་བ་ཤིང་དེ་གས་པ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ། །དེ་ཡང་ཤིང་མཁན་གྱིས་ཤིང་བཀའ་ལྟ་བུ་བྱེད་པ་པོ་དངོས་སུ་གསལ་བ་དང་། ཤིང་བཀའ་ལྟ་བུ་བྱེད་པ་ཙམ་དང་བྱ་བའི་ཡུལ་ལས་བྱེད་པ་པོ་དངོས་སུ་མི་གསལ་བའང་ཡོད་ལ། ཟོར་བས་རྩྭ་གཅོད་ལྟ་བུ་བྱེད་པ་པོ་གཙོ་ཕལ་གཉིས་སུ་ཡོད་པ་ལས་གཙོ་བོ་ཟོར་བ་ཙམ་བསྟན་གྱི་བྱེད་པ་པོ་ཕལ་པ་རྩྭ་ཟོར་བས་གཅོད་མཁན་མ་བསྟན་པ་འང་ཡོད་ཅིང་། དེ་དག་ཀྱང་བྱ་བའི་ཡུལ་དེ་ཚིག་ཟིན་དུ་ཡོད་པ། ཤིང་བཅད་པར་བྱ་ལྟ་བུ་དང་། ཚིག་ཟིན་དུ་མེད་པ།  བཅད་པར་བྱ་ལྟ་བུ་ལ་ནི་བྱ་བའི་ལས་དང་། དེ་བཞིན་དུ་བྱེད་པ་པོའི་བྱེད་པའི་གཞི་ཚིག་ཟིན་དུ་ཡོད་པ། ཆོས་སྟོན་པར་བྱེད་ལྟ་བུ་དང་། ཚིག་ཟིན་དུ་མེད་པ། སྟོན་པར་བྱེད་ལྟ་བུ་ལ་ནི་བྱེད་པ་པོའི་ལས་ཞེས་བྱ་བས། མདོར་ན་བདག་གཞན་གཉིས་པོ་དེ་ནི་བྱེད་པ་པོའི་ལས་དང་བྱ་བའི་ལས་གཉིས་སུ་འདུས་པ་ཡིན་ནོ། །དེ་བཞིན་དུ། རྫ་མཁན་གྱིས་བུམ་པ་བཟོ། སྐལ་ལྡན་གྱིས་ཆོས་སྒྲུབ། འབྱོར་ལྡན་གྱིས་བསོད་ནམས་བསག་ལྟ་བུའང་རྫ་མཁན་དང་སྐལ་ལྡན་དང་འབྱོར་ལྡན་གྱི་དངོས་པོ་དེ་དག་དང་། བཟོ་བ། སྒྲུབ་པ། བསགས་པའི་ལས་ཀྱི་འདུ་བྱེད་དང་བཅས་པ་ནི་བདག བྱ་བའི་ཡུལ་འཇིམ་དང་ཆོས་དང་བསོད་ནམས་དང་། བྱ་བ་བུམ་པ་གྲུབ་པ་དང་། ཆོས་འགྲུབ་པ་དང་། བསོད་ནམས་སོགས་པ་བཅས་ལ་ནི་གཞན་ཞེས་བྱའོ། །བྱ་བའི་ཡུལ་དང་བྱེད་པ་པོ་དེ་གཉིས་གཅིག་མེད་ན་ཅིག་ཤོས་ཀྱང་དེར་མི་འགྱུར་བ་ཡིན་མོད་ཀྱི་ཚིག་གི་ཁྱད་པར་གྱིས་བྱེད་པ་པོའི་བདག་དངོས་སུ་སྟོན་ལ་བྱ་བའི་ཡུལ་ཤུགས་ལ་གོ་བ་རྣམས་ནི་བྱེད་པ་པོའི་བདག་སྟོན་པའི་སྒྲ་ཡིན་ཏེ། སྒྲུབ་པ་པོ། འབྱིན་པ་པོ། སྟོན་པ་པོ། གཅོད་པ་པོ། སྒྲུབ་བྱེད། གཅོད་བྱེད། འབྱིན་བྱེད་ལྟ་བུའོ། །བྱ་བའི་ཡུལ་དེའམ་བྱ་བ་ཙམ་དངོས་སུ་སྟོན་བྱེད་ལ་བྱེད་པ་པོའི་བདག་ཤུགས་ལ་གོ་བ་རྣམས་ནི་གཞན་བྱ་བའི་ཡུལ་སྟོན་པའི་སྒྲ་ཡིན་ཏེ། བསྒྲུབ་བྱ། བསླབ་བྱ། བསྟན་བྱ། གཅད་བྱ་ལྟ་བུའོ། །དེ་དག་ལ་བྱེད་ཚིག་གསལ་བྱེད་དང་བྱ་ཚིག་གསལ་བྱེད་ལ་དོན་གྱི་རྣམ་དབྱེ་ལ་སོགས་པ་སྦྱར་བས། སྒྲུབ་པར་བྱེད། སྟོན་པར་བྱེད། གཅོད་པར་བྱེད། བསྒྲུབ་པར་བྱ། བསྟན་པར་བྱ། གཅད་པར་བྱ་ལྟ་བུའོ། །བྱ་བའི་ཡུལ་དང་བྱེད་པ་པོ་དེ་གཉིས་གཅིག་མེད་ན་ཅིག་ཤོས་དེར་མི་འགྱུར་བ་འདི་མི་འགྲུབ་སྟེ། གཅད་བྱའི་ཤིང་མེད་ཀྱང་གཅོད་པ་པོ་ཡོད་པ་སྲིད་པའི་ཕྱིར་དང་། གཅོད་པ་པོ་མེད་ཀྱང་གཅད་བྱའི་ཤིང་ཡོང་བ་སྲིད་པའི་ཕྱིར་ཞེ་ན། འདིར་ཡོད་པ་ཙམ་གཙོ་བོར་བྱས་ཏེ་བསྟན་པ་མ་ཡིན་པར་བྱ་བའི་ཁྱད་པར་གཙོ་བོར་བྱས་ཏེ་བསྟན་པ་ཡིིན་པའི་ཕྱིར། གཅད་བྱ་ལ་ལྟོས་ནས་གཅོད་པ་པོ་དང་། གཅོད་པ་པོ་ལ་ལྟོས་ནས་གཅད་བྱ་ཞེས་འཇོག་པ་ཡིན་གྱི། ཡོད་པ་ཙམ་ཡིན་ན་ཤིང་ཐམས་ཅད་གཅད་བྱ་དང་མི་ཐམས་ཅད་གཅོད་བྱེད་དུ་ཐལ་བར་འགྱུར་ཡང་། གཅོད་པའི་བྱ་བ་དེ་མི་འབྱུང་བའི་ཤིང་དང་། བྱེད་པ་པོ་མི་འབྱུང་བའི་མི་མང་དུ་ཡོད་པའི་ཕྱིར་འགལ་བ་མེད་དོ། །བྱ་བ་ལའང་བྱེད་པ་པོ་དང་དངོས་སུ་འབྲེལ་པ་དང་མ་འབྲེལ་བ་གཉིས་སུ་ཡོད་དེ། དང་པོ་ནི་ཤིང་བཅད་ལ་སོགས་པ་ལྟ་བུ། གཉིས་པ་ནི། ཤིང་འགྱེལ། རྟ་ལས་ལྷུང་། རྦབ་ཏུ་འགྲིལ། མེ་ཤི་ལྟ་བུ་རྣམས་སོ། །དེ་ལྟར་བདག་གཞན་གྱི་དབྱེ་བ་དེས་བྱེད་ལས་དང་འབྲེལ་བའི་ངག་ཐམས་ཅད་ལ་ཁྱབ་པ་ནི་མ་ཡིན་ཏེ། མིང་རྐྱང་པ་ཐམས་ཅད་དང་། ཚིག་ལའང་ངོ་བོ་ཙམ་སྟོན་པའི་མིང་དེ་ཉིད་དང་། འབྱུང་ཁུངས་དང་། འབྲེལ་པ་ལ་སོགས་པ་རྣམས་ལ་མ་ཁྱབ་པའི་ཕྱིར་རོ། །དུས་གསུམ་གྱི་དབྱེ་བ་ནི། བྱ་བྱེད་གཉིས་པོ་དེའི་དབང་དུ་བྱས་ན། བྱ་བའི་ལས་མ་འོངས་པ། བྱེད་པ་པོའི་ལས་ད་ལྟ་བ་ཞེས་གྲགས་ཀྱང་། དུས་ཁོ་ན་གཙོ་བོར་བྱས་ཏེ་བྱེད་པ་པོ་དང་འབྲེལ་བའི་བྱ་བ་བྱས་ཟིན་པ་ནི་འདས་པ། ད་ལྟར་བྱེད་བཞིན་པ་ནི་ད་ལྟ་བ། བྱ་བར་འགྱུར་བ་རྣམས་ནི་མ་འོངས་པ་ཡིན་ལ། བྱེད་པ་པོ་དང་མ་འབྲེལ་བ་ལ་སོང་ཟིན་པ་རྣམས་ནི་འདས་པ། གནས་བཞིན་པ་རྣམས་ནི་ད་ལྟ་བ། འབྱུང་བར་འགྱུར་བ་རྣམས་ནི་མ་འོངས་པ་ཡིན་ནོ། །དེའང་དཔེར་ན། བྱེད་པ་པོ་དང་འབྲེལ་བའི་འདས་པ། བསྒྲུབ། བསྟནད། བཅད། ཕྱུངས་ལྟ་བུ། མ་འབྲེལ་བའི་འདས་པ། ཆད་བྱུང་ལྟ་བུ། བྱེད་པ་པོ་དང་འབྲེལ་བའི་ད་ལྟ་བ། སྒྲུབ་བཞིན་པ། སྟོན་བཞིན་པ། འགྲུབ་པར་བྱེད། འཆད་པར་བྱེད་ལྟ་བུ། མ་འབྲེལ་བའི་ད་ལྟ་བ། འཆད་བཞིན་པ། འབྱུང་བཞིན་པ་ལྟ་བུ། བྱེད་པ་པོ་དང་འབྲེལ་བའི་མ་འོངས་པ། འགྲུབ་པར་འགྱུར། སྟོན་པར་འགྱུར་ལྟ་བུ། མ་འབྲེལ་བ་ཤིང་འཆད་པར་འགྱུར། ཆུ་འབྱུང་བར་འགྱུར་ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ། །དེས་ན་དུས་གསུམ་གྱི་དབྱེ་བ་འདིས་ནི་བྱེད་ལས་དང་འབྲེལ་བའི་ངག་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །འདིར་བདག་གཞན་གྱི་དབྱེ་བ་མཛད་པ་ནི་བདག་བྱེད་པ་པོ་ད་ལྟ་བ་དང་། གཞན་བྱ་བའི་ཡུལ་མ་འོངས་པ་ཙམ་ལ་འཇུག་པའི་དབང་དུ་མཛད་ནས། བྱེད་པ་པོ་དང་བྱ་བའི་ཡུལ་འདས་པ་སོགས་དུས་ཁོ་ན་གཙོ་ཆེ་བར་བྱས་ཏེ་བསྟན་པ་ཡིན་གྱི་འདས་པ་སོགས་ལའང་བདག་གཞན་གྱི་དབྱེ་བ་མེད་པར་རྟོག་ན་མི་རུང་སྟེ། སྐལ་ལྡན་གྱིས་སངས་རྒྱས་བསྒྲུབས་ལྟ་བུ་ལ་དུས་ནི་བསྒྲུབས་ཁོ་ནས་བསྟན་པ་ཡིན་ན། སྐལ་ལྡན་དང་སངས་རྒྱས་དེ་ཇི་ལྟ་བུ་ཡིན་བསམ་དགོས་པའི་ཕྱིར་རོ། །དེར་མ་ཟད་ལེགས་སྦྱར་གྱི་ཏིང་རྐྱེན་ཐམས་ཅད་ཀྱིས་བྱ་བྱེད་ཁོ་ན་སྟོན་པ་ཡིན་པས་བདག་གཞན་ལས་མ་འདས་ཀྱང་། དེ་དག་ལ་དུས་གསུམ་ག་ཡོད་པའང་མི་རིགས་པར་འགྱུར་བའི་ཕྱིར་རོ། །
       གཉིས་པ་བཤད་པ་བྱེ་བྲག་ཏུ་དབྱེ་བ་ལ་བཞི། ཕོ་ཡིག་གི མ་ནིང་གི མོ་ཡིག་གི ཤིན་ཏུ་མོའི་འཇུག་དོན་བཤད་པའོ། །དང་པོ་ནི།
ཕོོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །
ཞེས་པ་སྟེ། སྔོན་འཇུག་གི་ཕོ་ཡིག་བ་ནི་དུས་གསུམ་གྱི་ནང་ནས་བྱེད་པ་པོ་དང་འབྲེལ་བའི་འདས་པ་སྟོན་པའི་ཕྱིར་དང་། བདག་གཞན་གཉིས་ལས་གཞན་་བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་ཡིན་ནོ། །དེའང་འདས་པ་ལ་འཇུག་པ་ནི། དཔེར་ན། ཆུས་བཀང་། གོས་བཀབ། ལོགས་སུ་བཀར། ལམ་བཀག ལྷས་བཀོད། ཟུར་དུ་བཀོལད་ཏོ། །སྤྲུལ་པ་བཀྱེས། མེ་ཏོག་བཀྲམ། མདོ་བཀླགས། འདོད་པ་ལ་བརྐམས། ལག་པ་བརྐྱངས། ཐུགས་དམ་བསྐངས། ཡང་ཡང་བསྐྱར། སྲོག་བསྐྱབས། ཆུ་བསྐྱིལ། སྣུམ་བསྐུས། དབང་བསྐུརད་ཏོ། །ལག་བསྐུམས། ནོར་བསྐུངས། ཆོས་ལ་བསྐུལད་ཏོ། །སེམས་བསྐྱེད། རྒྱལ་སར་བསྐོས། འཁོར་གྱིས་བསྐོརད་ཏོ་ལྟ་བུ་ཀ་ཡིག་ལ་འཇུག་པ་དང་། གད་མོ་བགད། ལམ་བགགས། ཚོད་བགམ། གཡང་ལ་བགྲིལ། གོ་བགོས། གོས་བགོས། ལས་བགྱིས། ཕྲེང་བ་བསྒྲངས། ཆུ་བགྲུངས། རྒྱན་གྱིས་བརྒྱནད་ཏོ། །ཀོ་བ་བརྐྱངས་ལ་སོགས་ག་ཡིག་ལ་འཇུག་པ་དང་། ལོགས་སུ་བཅར། ཕྱག་བཅབས། ཞབས་ཀྱིས་བཅགས། དགྲ་བཅོམ་ལ་སོགས་ཅ་ཡིག་ལ་འཇུག་པ་དང་། ཕན་ཚུན་བརྗེས། མཆོད་ཅིང་བརྗེད་དོ། །བརྗོད་ཟིན་ལ་སོགས་ཇ་ཡིག་ལ་འཇུག་པ་དང་། གོས་བརྙན། རྗེས་སུ་བསྙགས། ལག་པས་བསྙབས་ལ་སོགས་ཉ་ཡིག་ལ་འཇུག་པ་དང་། རྒྱན་བཏགས། ཁ་བཏགས། ནོར་བཏགས། མེ་ཏོག་བཏུས་ལ་སོགས་ཏ་ཡིག་ལ་འཇུག་པ་དང་། མདུན་དུ་བདར། རྗེས་སུ་བདས། ཕྱག་བདརད་ཏོ། །དུག་པས་བདུགས། གཞུ་བདུངས་ལ་སོགས་ད་ཡིག་ལ་འཇུག་པ་དང་། ནན་གྱིས་བརྣན། ཡིད་ལ་བརྣགས། ཟས་ཀྱིས་བརྣངས། རྗེས་སུ་བསྣནད་ཏོ་སོགས་ན་ཡིག་ལ་འཇུག་པ་དང་། ཚགས་ཀྱིས་བཙགས། བུ་བཙས། གསེབ་ཏུ་བཙངས་ལ་སོགས་ཙ་ཡིག་ལ་འཇུག་པ་དང་། གཞན་དུ་བརྫངས། རྐང་པས་བརྫིས། ཁྲོ་བོར་བརྫུས། རལ་པ་བརྫེས་སོགས་ཛ་ཡིག་ལ་འཇུག་པ་དང་། དལ་བུས་བཞབས། སྐྲ་བཞར། སྟན་ལས་བཞེངས་སོགས་ཞ་ཡིག་ལ་འཇུག་པ་དང་། ཟས་བཟས། ཕྲག་པར་བཟར། སྔགས་བཟླས་ལ་སོགས་ཟ་ཡིག་ལ་འཇུག་པ་དང་། བྱིན་གྱིས་བརླབས། འབྱུང་པོས་བརླམས། དགྲ་བརླག་ལ་སོགས་ར་ཡིག་ལ་འཇུག་པ་དང་། སྤུབས་བཤངས། སྡིག་པ་བཤགས། བཀོད་པ་བཤམས་ལ་སོགས་ཤ་ཡིག་ལ་འཇུག་པ་དང་། ཚོགས་བསགས། དྲིན་ལན་བསབས། ཡི་གེ་བསྲིངས་ལ་སོགས་ས་ཡིག་ལ་འཇུག་པ་རྣམས་སོ། །དེ་རྣམས་ཀྱང་ཆུས་བཀང་ལྟ་བུ་སྔོན་འཇུག་བ་ཡིག་གི་བྱེད་པས་འདས་ཚིག་ཏུ་འགྱུར་བ་དང་། ཐུགས་དམ་བསྐངས་ལྟ་བུ་རྗེས་འཇུག་ས་ཡིག་གིས་བྱེད་པས་འདས་ཚིག་ཏུ་འགྱུར་བ་སོགས་བྱེ་བྲག་མ་འདྲེས་པར་ཤེས་པར་བྱའོ། །
བ་ཡིག་གཞན་བྱ་བའི་ཡུལ་བསྒྲུབས་པའི་ཕྱིར་འཇུག་པ་ནི། དཔེར་ན། བཀན་བྱའི་ལག་པ། བཀླག་བྱའི་ཡི་གེ། བརྐུ་བྱའི་ནོར། བསྐྲད་བྱའི་འདྲེ་སོགས་དང་། བགམ་བྱའི་ཚོད། བགྱི་བྱའི་ལས། བགྲོད་བྱའི་ལམ་སོགས་དང་། བརྔན་བྱའི་གྲོགས། བསྔགས་བྱའི་ཡོན་ཏན། བསྔོ་བྱའི་དགེ་བ་སོགས། བཅར་བྱའི་མིག བཅའ་བྱའི་གཏོར་མ། བཅིབ་བྱའི་རྟ་སོགས། བརྗེ་བྱའི་དངོས་པོ། བརྗོད་བྱའི་གཏམ། བརྗེད་བྱའི་དམ་པ་སོགས། བསྙག་བྱའི་བུ་ལོན། བསྙེན་བྱའི་ལྷ། བསྙེམ་བྱའི་ཡོན་ཏན་སོགས། བཏིག་བྱའི་ཐིགས་པ། བཏུ་བྱའི་སྔགས། བསྟེན་བྱའི་བཤེས་གཉེན་སོགས། བརྡར་བྱའི་ཙནྡན། བདམ་བྱའི་ནོར། བདུག་བྱའི་སྤོས་སོགས། བརྣག་བྱའི་དོན། བསྣོམ་བྱའི་དྲི། བསྣུབ་བྱའི་སྲོལ་ངན་སོགས། བཙའ་བྱའི་བུ། བཙལ་བྱའི་ནོར། བརྩམ་བྱའི་བྱ་བ་སོགས། བརྫང་བྱའི་ཕོ་ཉ། བརྫི་བྱའི་གདན། བརྫེ་བྱའི་སྐྲ་སོགས། བཞར་བྱའི་སྐྲ། བཞུ་བྱའི་མར། བཞོ་བྱའི་འོ་མ་སོགས། བཟའ་བྱའི་ཟས། གཟབ་བྱའི་མགྲོན། བཟླ་བྱའི་སྔགས་སོགས། བྱིན་གྱིས་བརླབ་བྱ། བརླག་བྱའི་དགྲ། བརླམ་བྱའི་ཁོག་པ་སོགས། བཤའ་བྱའི་ལུག བཤད་བྱའི་ཆོས། བཤག་བྱའི་སྡིག་པ་སོགས། བསང་བྱའི་དྲི་མ། བསམ་བྱའི་དོན། བསག་བྱའི་ཚོགས་སོགས་སོ། །ཚིག་གྲོགས་མེད་པའི་བཀན་བྱ། བཀོལ་བྱ། བགམ་བྱ། བགད་བྱ་ལ་སོགས་པ་བྱ་བའི་ཡུལ་སྒྲུབ་པ་དངོས་ཡིན་ཀྱང་། གོ་བདེ་བའི་སླད་དུ་རྗེ་བཙུན་དྷརྨཱ་ཀ་རའི་འགྲེལ་ཆེན་དུ་ཚིག་གྲོགས་དང་སྦྱར་ནས་དཔེར་བརྗོད་པ་ལྟར་ཞལ་བཤུས་པ་ཡིན་ནོ། །གཞན་ཡང་བཅིབ་པ། བཏུང་བ། བདུག་པ་སོགས་བྱ་ཚིག་གིས་གསལ་མི་དགོས་པར་བྱ་བའི་ཡུལ་མཚོན་ནུས་པའང་མང་དུ་ཡོད་ལ། བཀལ་བར་བྱའོ། །བཀལ་ལོ། །བཀོལ་བར་བྱའོ། །བཀོལ་ལོ་ལྟ་བུ་བྱ་བའི་ཡུལ་དེ་དང་འབྲེལ་བའི་བྱ་བ་ཙམ་ལ་འཇུག་པའང་མང་དུ་ཡོད་དོ། །
གཉིས་པ་མ་ནིང་གི་འཇུག་དོན་ནི།
མ་ནིང་གཉིས་ཀ་ད་ལྟར་ཆེད། །
ཅེས་པ་སྟེ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་དགོས་པ་བདག་གཞན་གཉིས་ཀའི་དངོས་པོ་དང་། དེར་མ་འདུས་པའི་དུས་གསུམ་ལས་ད་ལྟ་བ་སྟོན་པའི་ཆེད་དུ་འཇུག་གོ །དེའང་ག་ཡིག་བདག་བྱེད་པ་པོ་ལ་འཇུག་པ་ནི། དཔེར་ན། ལོགས་སུ་གཅོར་པ་པོ། གཅོར་བྱེད། བར་དུ་གཙིར་པ་པོ། གཙིར་བྱེད། དོན་གཉེར་བ་པོ། གཉེར་བྱེད། ནོར་གཏམ་པ་པོ། གཏམ་བྱེད། ཁ་གདང་བ་པོ། གདང་བྱེད། འོག་ཏུ་གནོན་པ་པོ། གནོན་བྱེད། གནོད་པས་གཙེར་བ་པོ། གཙེར་བྱེད། ལམ་དུ་གཞུག་པ་པོ། གཞུག་བྱེད། ཕྲག་ལ་གཟར་བ་པོ། གཟར་བྱེད། གཡེང་བ་པ། གཡེང་བྱེད། གྲལ་གཤིབ་པ་པོ། གཤིབ་བྱེད། དྲིལ་བུ་གསིལ་བ་པོ། གསིལ་བྱེད། སོགས་རྒྱ་ཆེར་སྦྱར་རོ། །ལས་སམ་བྱེད་པ་ཙམ་ལ་འཇུག་པ་ནི། གཅར་བར་བྱེད། གཅར་རོ། །གཉེར་བར་བྱེད། གཉེར་རོ་ལ་སོགས་པ་ལྟ་བུའོ། །
       ག་ཡིག་གཞན་བྱ་བའི་ཡུལ་ལ་འཇུག་པ་ནི། བཅད་བྱའི་ཤིང་། གཅི་བྱའི་ཆུ། གཅིར་བྱའི་རྫས། གཅོག་བྱའི་རྡོ་སོགས་དང་། གཉག་བྱའི་ཟས། གཉེར་བྱའི་དོན་སོགས་དང་། གཏད་བྱའི་རྫས། གཏད་བྱའི་ནོར་སོགས་དང་། གསོལ་བ་བཏབ་བྱའི་བླ་མ། གདགས་བྱའི་མིང་སོགས་དང་། གཙག་བྱའི་ཤ། གཙུབ་བྱའི་མེ་སོགས་དང་། གཞལ་བྱའི་ཚད། གཞིག་བྱའི་དོན་སོགས་དང་། གཟར་བྱའི་གོས། གཟབ་བྱའི་ལས་སོགས་དང་། གཡབ་བྱའི་དར། གཡོ་བྱའི་ཟས་ལ་སོགས་པའོ། །བྱ་བའི་གཞི་དང་འབྲེལ་བའི་ལས་སམ་བྱ་བ་ཙམ་ལ་འཇུག་པ། གཅད་པར་བྱ། གཅད་དོ། །གཏང་བར་བྱ། གཏང་ངོ་ལ་སོགས་པ་ལྟ་བུའོ། །ད་ཡིག་བདག་བྱེད་པ་པོ་ལ་འཇུག་པ་ནི། རྟ་ཁ་དཀྱུ་བ་པོ། དཀྱུ་བྱེད་སོགས་དང་། གཞན་དུ་དགར་བ་པོ། དགར་བྱེད་སོགས་དང་། དར་དཔྱོང་བ་པོ། དཔྱོང་བྱེད་སོགས་དང་། དབྱིག་གིས་དབུར་བ་པོ། དབུར་བྱེད་སོགས་དང་། སྙིང་ནས་དམོད་པ་པོ། དམོད་བྱེད་ལ་སོགས་ལྟ་བུའོ། །
       ད་ཡིག་བྱེད་པའི་ལས་སམ་བྱེད་པ་ཙམ་ལ་འཇུག་པ་ནི། དཀྲི་བར་བྱེད། དཀྲིའོ། །དགར་བར་བྱེད། དགར་རོ་ལ་སོགས་པ་ལྟ་བུའོ། །ད་ཡིག་གཞན་བྱ་བའི་ཡུལ་ལ་འཇུག་པ་ནི། དཀྲིས་བྱའི་མདོས་རིས། དཀྱུ་བྱའི་རྟ་སོགས་དང་། དགག་བྱའི་སྐྱོན། དགྲམ་བྱའི་ཚོང་ཟོང་སོགས་དང་། དཔག་བྱའི་ལྐོག་གྱུར། དཔྱང་བྱའི་དར་སོགས་དང་། དབྲལ་བྱའི་པགས་པ། དབབ་བྱའི་ཆར་སོགས་དང་། དམད་བྱའི་ཉ་མ་ལ་སོགས་པའོ། །ད་ཡིག་གཞན་བྱ་བ་ཙམ་མམ་བྱ་བའི་ལས་ལ་འཇུག་པ་ནི། དཀྲི་བར་བྱ། དཀྲིའོ་ལྟ་བུའོ། །
       སྔོན་འཇུག་མ་ནིང་ག་ད་གཉིས་པོ་བདག་གཞན་གཉིས་སུ་མི་གཏོགས་པའི་དུས་ད་ལྟ་བ་ལ་འཇུག་པ་ནི། གཅར་ཀྱིན་སྣང་ངོ་། །གཅར་བཞིན་པའོ་སོགས་གོང་གི་དཔེར་བརྗོད་དེ་དག་ལ་ཚིག་གྲོགས་དེ་ལྟར་བསྒྱུར་བས་འགྲུབ་བོ། །
       གསུམ་པ་མོ་ཡིག་གི་འཇུག་དོན་ནི།
མོ་ནི་བདག་ད་མ་འོངས་ཕྱིར། །
ཞེས་པ་སྟེ། སྔོན་འཇུག་གི་མོ་འ་ཡིག་ནི་དངོས་པོ་བདག་དང་དུས་ལྟ་བ་དང་མ་འོངས་པ་དག་བསྒྲུབ་པའི་ཕྱིར་འཇུག་གོ །དེའང་བདག་བྱེད་པ་པོ་ལ་འཇུག་པ་ནི། སྐུད་པ་འཁལ་བ་པོ། འཁལ་བྱེད། ཁུར་འཁུར་བ་པོ། འཁུར་བྱེད་སོགས་དང་། ཕྱེ་འགམ་པ་པོ། འགམ་བྱེད་སོགས་དང་། ཆོས་འཆད་པ་པོ། འཆད་བྱེད་སོགས་དང་། ཚད་ཀྱིས་འཇལ་བ་པོ། འཇལ་བྱེད་སོགས་དང་། དགྲ་ལ་འཐབ་པ་པོ། འཐབ་བྱེད་སོགས་དང་། སྐྱོོ་མ་འདག་པ་པོ། འདག་བྱེད་སོགས་དང་། ཕྱིར་འཕུལ་བ་པོ། འཕུལ་བྱེད་སོགས་དང་། ལས་ལ་འབད་པ་པོ། འབད་བྱེད་སོགས་དང་། ཕྱག་འཚལ་བ་པོ། འཚལ་བྱེད་སོགས་དང་། དངོས་པོ་འཛིན་པ་པོ། འཛིན་བྱེད་ལ་སོགས་པ་ལྟ་བུ་སྟེ། དེ་དག་ནི་ལས་སམ་བྱ་བ་དེ་ལས་བྱེད་པ་པོ་ངེས་པར་ཐ་དད་པ་ལྟར་སྣང་བའི་བྱེད་པ་པོའི་ཚིག་སྟེ་གཞུང་ལས་བསྟན་པའི་དཔེར་བརྗོད་དངོས་དང་། ལས་སམ་བྱ་བ་དེ་དང་བྱེད་པ་པོ་ཐ་མི་དད་པ་ལྟར་སྣང་བའི་བྱེད་པ་པོའི་ཚིག་རྣམས་ཀྱང་ཕལ་ཆེར་འས་འཕུལ་ཅན་ཡིན་པས། དཔེར་ན། རྟེན་ལ་འཁར་བ་པོ། འཁར་བྱེད། ངག་འཁུན་པ་པོ། འཁུན་བྱེད། གདན་ལ་འཁོད་པ་པོ། འཁོད་བྱེད། འཁོར་བར་འཁོར་བ་པོ། འཁོར་བྱེད་ལ་སོགས་པ་དང་། འཆག་སར་འཆག་པ་པོ། འཆག་བྱེད་སོགས་དང་། མྱ་ངན་འདའ་བ་པོ། འདའ་བྱེད་སོགས་དང་། སྟན་ལ་འདུག་པ་པོ། འདུག་བྱེད་སོགས་དང་། གནས་ལས་འཕགས་པ་པོ། འཕགས་བྱེད་སོགས་དང་། རང་ཉིད་འབར་བ་པོ། འབར་བྱེད་སོགས་དང་། འཛུལ་བ་པོ། འཛུལ་བྱེད་ལ་སོགས་པ་ལྟ་བུའོ། །སྔོན་འཇུག་མོ་ཡིག་བདག་དང་འབྲེལ་བའི་བྱེད་པ་ཙམ་ལ་འཇུག་པ་ནི། སྐུད་པ་འཁལ་བར་བྱེད། འཁལ་ལོ། །འཁུར་བར་བྱེད། འཁུར་རོ། །འགུགས་པར་བྱེད། འགུགས་སོ་ལྟ་བུ་རྒྱ་ཆེར་སྔ་མ་བཞིན་རིགས་བསྒྲེ་བར་བྱའོ། །སྔོན་འཇུག་གི་མོ་ཡིག་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ་ནི། འཁལ་བཞིན་པ། འཁལ་གྱིན་སྣང་ལ་སོགས་པ་བྱ་བྱེད་ཐ་དད་པ་དང་མི་དད་པ་གཉིས་ཀའི་བྱེད་ཚིག་རྣམས་ལ་ཚིག་གྲོགས་བསྒྱུར་ཏེ་རྟོགས་པར་བྱའོ། །
       མོ་ཡིག་བདག་གཞན་དབྱེ་བས་མ་བསྡུས་པའི་དུས་མ་འོངས་པར་འཇུག་པ་ནི། རང་གི་ངང་གིས་འབྱུང་བ་ལྟ་བུ་བྱེད་པ་པོ་གཞན་མེད་པ་དང་། རགས་པར་བྱ་བྱེད་ཐ་དད་དུ་མི་སྣང་བའི་འབྱུང་འགྱུར་གྱི་ཚིག་རྣམས་ཏེ། དཔེར་ན། ཁྱིམ་ལ་འཁར་བར་འགྱུར། གཞན་དུ་འཁྱར་བར་འགྱུར། ཡུལ་དུ་འཁྱམས་པར་འགྱུར་ལ་སོགས་པ་ཚིག་གྲོགས་དང་བཅས་པ་དང་། འགག་འགས་འགྲིམ་འགྲུལ་འགྲེ་སོགས་དང་། འཆར་འཆག་འཆི་སོགས་དང་། འཇགས་འཇིག་འཇུག་སོགས་དང་། འཐོན་འཐོབ་འཐམ་སོགས་དང་། འདའ་འདག་འདོད་སོགས་དང་། འཕར་འཕག་འཕྱན་སོགས་དང་། འབེབ་འབྱམ་འབྱུང་སོགས་དང་། འཚལ་འཚོ་འཚོ་བ་སོགས་དང་། འཛག་འཛུར་འཛོམ་ལ་སོགས་པ་ལྟ་བུ་དེ་དག་ཕལ་ཆེར་ཚིག་གྲོགས་མི་དགོས་པར་མ་འོངས་པ་སྟོན་ནུས་པའང་ཡོད་ཀྱང་། ཚིག་གྲོགས་ཀྱི་ཁྱད་པར་གྱིས་ད་ལྟ་བ་དང་། མ་འོངས་པ་ཅི་རིགས་འགྱུར་བའང་ཡོད་དེ། སྐྱེ་བ་འགག་པར་བྱེད། འགག་པར་འགྱུར། མགོ་འགས་པར་བྱེད། འགས་པར་འགྱུར་ལ་སོགས་པ་ལྟ་བུ་རྒྱ་ཆེར་སྦྱར་རོ། །
       བཞི་པ་ཤིན་ཏུ་མོ་ཡི་འཇུག་དོན་ནི།
ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །
ཞེས་པ་སྟེ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་བདག་གཞན་དུས་གསུམ་བཅས་ལ་འདི་ལ་འཇུག་འདི་ལ་མི་འཇུག་གི་བྱེ་བྲག་དབྱེ་མི་དགོས་པར་མཉམ་པ་སྟེ་ཐམས་ཅད་ལ་མཚུངས་པ་ཉིད་དུ་འཇུག་གོ །དེས་ན་དཔེར་བརྗོད་ལའང་སོ་སོར་མ་ཕྱེས་པར་དཀྱུས་གཅིག་ཏུ་བཀོད་པས་རང་རང་གི་ཚིག་ནུས་ཀྱིས་དེ་རྣམས་སུ་དབྱེ་ཤེས་པར་བྱའོ། །དེའང་དཔེར་ན་མཁས་པར་བྱས་དང་། མཁས་པར་གྱུར་ལྟ་བུ་འདས་པ། མཁས་པར་བྱེད་ལྟ་བུ་བདག མཁས་པ་ལྟ་བུ་ནི་རྣམ་དབྱེ་སྦྱར་གཞིའི་མིང་རྐྱང་། མཁས་པར་བྱ་ལྟ་བུ་གཞན། མཁས་བཞིན་པ་ལྟ་བུ་ད་ལྟ་བ། མཁས་པར་འགྱུར་ལྟ་བུ་མ་འོངས་པའོ། །མཁང་མཁྲང་མཁྱེན་སོགས་དང་། མགར་མགྱོགས་སོགས་དང་། མངའ་མངགས་སོགས་དང་། མཆི་མཆིས་སོགས་དང་། མཇལ་མཇེད་སོགས་དང་། མཉན་མཚར་སོགས་དང་། མཐུན་མཐུད་སོགས་དང་། མདུད་མདོ་སོགས་དང་། མཚན་མཚར་སོགས་དང་། མཛད་མཛའ་མཛངས་ལ་སོགས་པ་སྟེ། འདི་རིགས་ལ་མངགས་ལྟ་བུའི་འདས་ཚིག་དེའི་རྗེས་འཇུག་ས་ཡིག་གི་ནུས་པས་ཡིན་གྱི་སྔོན་འཇུག་གི་ནུས་པས་མ་ཡིན་པའང་ཤེས་པར་བྱའོ། །
       གསུམ་པ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་ལ་གཉིས། རྟགས་སོ་སོར་ངོས་འཛིན་པ་དང་། དེའི་འཇུག་པ་རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས། སྤྱིར་རྟགས་གསུམ་དུ་དབྱེ་བ་དང་། ནང་གསེས་བརྒྱད་དུ་དབྱེ་བའོ། །དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །
ཕོ་མོ་མ་ནིང་གསུམ་དུ་དབྱེ། །
ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་དེ་ལ་ཕོ་མོ་མ་ནིང་གསུམ་དུ་དབྱེ་སྟེ། ག་ད་བ་ས་བཞི་ནི་ཕོའོ། །ང་མ་འ་གསུམ་མོའོ། །ན་ར་ལ་གསུམ་ནི་མ་ནིང་ངོ་། །དེ་དག་མིང་གཞིའི་ཡི་གེ་ལ་འཇུག་དང་ཡང་འཇུག་གི་སྒོ་ནས་ཞུགས་པའི་ཚེ་སྒྲ་གདངས་བར་མ་གསུན་དུ་འགྱུར་བའི་ཆ་ནས་དེ་ལྟར་བཞག་གོ །ག་ད་བ་ས་རྗེས་འཇུག་ཕོ་ཡིན་ལ། ང་མ་འ་གསུམ་མོ་ཡིན་མ་ནིང་གི ཡི་གེ་ན་ར་ལ་གསུམ་དག་ཏུ་འདོད།
       གཉིས་པ་ནང་གསེས་བརྒྱད་དུ་དབྱེ་བ་ནི།
ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །
མོ་ལ་མོ་དང་ཤིན་ཏུ་མོ། །
མ་ནིང་འགྱུར་དང་མཚན་གཉིས་དང་། །
མཚན་མེད་དག་དང་གསུམ་དུ་འདོད། །
ཅེས་པ་སྟེ། དེ་ལྟར་རྗེས་འཇུག་གི་ཡི་གེ་ལ་ཕོ་མོ་མ་ནིང་གསུམ་དུ་ཕྱེས་པ་དེ་ལ། སླར་ཡང་རྗེས་འཇུག་ནང་ཕྲད་ཀྱི་སྒོ་ནས་ཕྱེ་ན་རྣམ་པ་བརྒྱད་དུ་འགྱུར་རོ། །དེ་ཡང་ཕོའི་ཡི་གེ་ལ་སྐྱེས་བུ་རབ། འབྲིང་། ཐ་མ་གསུམ་དང་། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་དང་། མ་ནིང་ལ་འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་དང་གསུམ་དུ་འདོད་་པ་བཅས་བསྡོམས་པས་བརྒྱད་དོ། །དེ་ཡང་རྗེས་འཇུག་ག་ཡིག་ལ་ཡང་འཇུག་ས་ཡིག་ཞུགས་པ། རྟགས། ལྟ་བུ་ནི་རྗེས་འཇུག་ནང་ཕྲད་ཀྱི་སྟོབས་ལས་སྒྲ་དྲག་པའི་དྲག་པར་འགྱུར་བས་སྐྱེས་བུ་རབ། དེ་བཞིན་དུ་བ་ཡིག་ལ་ཡང་འཇུག་ས་ཡིག་ཞུགས་པ། རབས། ལྟ་བུ་ནི་སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་། ག་བ་གཉིས་ཀྱི་མཐར་ཡང་འཇུག་མ་ཞུགས་པ་དག རབ་ལྟ་བུ་དང་། ས་ར་གཉིས་ཀྱི་མཐའ། འདས་དད་ལྟ་བུ་ནི་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མའོ། །མོ་ཡིག་ང་མ་གཉིས་ལ་ཡང་འཇུག་པ། དྭངས་འདོམས་ལྟ་བུ་ནི་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་དང་། མ་ཞུགས་པ་དང་། འམ་ལྟ་བུ་དང་། འདའ་ལྟ་བུ་འ་ཡིག་ཁོ་ན་ཞུགས་པ་རྣམས་ནི་སྒྲ་ཞན་པའི་ཞན་པར་འགྱུར་བས་ཤིན་ཏུ་མོའོ། །མ་ནིང་ན་ར་ལ་གསུམ་ནི་མིང་གཞིའི་ཕོ་ཡིག་གི་རྗེས་སུ་ཡང་འཇུག་མེད་པར་ཞུགས་པའི་ཚེ་སྒྲ་བར་མའི་དྲག་པར་འགྱུར་བ། དཀོན་དཀོར་དཔལ་ལྟ་བུ་དང་། མོ་ཡིག་ལ་ཞུགས་པས་སྒྲ་བར་མའི་ཞན་པར་འགྱུར་བ། གོན་གར་དལ་ལྟ་བུ་སྟེ་དེ་ལྟར་མིང་གཞིའི་ཕོ་ཡིག་ལ་ཞུགས་པས་སྒྲ་བར་མའི་དྲག་པར་འགྱུར་ལ། མོ་ཡིག་ལ་ཞུགས་པས་བར་མ་འམ་ཞན་པར་འགྱུར་བས་གཅིག་ཏུ་མི་གནས་པར་དེ་དག་གང་རུང་དུ་མིང་གཞིའི་དབང་གིས་འགྱུར་བའི་ཕྱིར་འགྱུར་བ་མ་ནིང་དང་། མིང་གཞིའི་མོ་ལ་ཡང་འཇུག་དང་བཅས་པར་ཞུགས་པ། བསྒྲུནད་ཏོ། །འགྱུརད་ཏོ། །བརྒལད་ཏོ་ལྟ་བུ་ནི་སྒྲ་དྲག་ཞན་གཉིས་གར་འགྱུར་བས་མཚན་གཉིས་མ་ནིང་དང་། མིང་གཞིའི་མ་ནིང་ལ་ཡང་འཇུག་ཡོད་མེད་ཇི་ལྟར་ཡང་ན་ར་ལ་གསུམ་ཞུགས་པ། མཁོནད་ཏོ། །ཐརད་ཏོ། །འཆལད་ཏོ། །མཁོན། ཐར། འཆལ་ལྟ་བུ་ནི་བར་མ་ཙམ་ལས་དྲག་ཞན་གང་དུའང་མི་འགྱུར་བས་མཚན་མེད་མ་ནིང་ངོ་། །དེས་ན་འདི་གསུམ་གྱི་ཡང་འཇུག་ནི་ད་དྲག་སྟེ་དུས་འདས་པ་ཁོ་ན་ལ་འཐོབ་པ་ནི་བཤད་ཟིན་ཏོ། །
       གཉིས་པ་རྟགས་དེ་རྣམས་ཀྱི་འཇུག་ཚུལ་རྒྱས་པར་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
དེ་ཡང་བྱེད་པ་བཞི་བྱེད་དེ། །
གང་ལ་འཇུག་བྱེད་གང་གིས་བྱེད། །
ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །
ཅེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་ལ་ཕོ་མོ་མ་ནིང་གསུམ་དུ་ཕྱེས་པ་དེ་དག་བྱེད་པ་བཞི་རེའི་སྒོ་ནས་འཇུག་པར་བྱེད་དེ། འཇུག་ཡུལ་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་རྗེས་འཇུག་གང་གིས་འཇུག་པར་བྱེད་པ་དང་། འཇུག་པའི་ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་པའམ་དོན་ཅི་ཞིག་སྟོན་པའི་ཕྱིར་དུ་འཇུག་པར་བྱེད་པའོ། །
       གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་གང་ལ་འཇུག་པ་ནི།
གང་ལ་ཡི་གེ་ཐམས་ཅད་ལ། །
ཞེས་པ་སྟེ། གང་ལ་འཇུག་ན་མིང་གཞིའི་ཡི་གེ་ཐམས་ཅད་ལ་བྱེ་བྲག་མེད་པར་འཇུག་སྟེ། དཔེར་ན། བཀག་བཀང་བཀན་བཀབ་བཀུམ་བཀའ་བཀར་བཀལ་བཀས་སོགས་ཀ་ཡིག་ལ་འཇུག་པ་ལྟར་མིང་གཞི་སུམ་ཅུ་པོ་ཐམས་ཅད་ལ་འཇུག་ཅིང་། ག་ང་བ་མ་རྣམས་ཀྱི་མཐར་ས་ཡིག་དང་། ན་ར་ལ་གསུམ་གྱི་རྗེས་སུ་ཡང་འཇུག་ད་ཡིག་ཞུགས་པ་རྣམས་ཀྱི་འཇུག་ཡུལ་སྔ་མའི་རྗེས་འཇུག་གང་ཡིན་པ་དེ་ཉིད་ཡིན་པ་སོགས་མ་འཛིངས་པར་བྱེ་བྲག་རྟོགས་པར་བྱའོ། །
       གཉིས་པ་གང་གིས་འཇུག་པ་ནི།
གང་གིས་བཅུ་པོ་དེ་དག་གིས། །
ཞེས་པ་སྟེ། ཡི་གེ་གང་གིས་འཇུག་ན་རྗེས་འཇུག་བཅུ་པོ་དེ་དག་གིས་འཇུག་པར་བྱེད་དོ། །ཞེས་པའོ། །
       གསུམ་པ་ཚུལ་ཇི་ལྟར་འཇུག་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །
སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །
ཞེས་པ་སྟེ། ཚུལ་ཇི་ལྟར་དུ་འཇུག་པར་བྱེད་ན་རྣམ་པ་གཉིས་ཡིན་ཏེ། ཡི་གེ་གང་ལ་ཞུགས་པས་སྒྲ་དྲག་ཞན་བར་མར་འགྱུར་བའི་ཚུལ་སྟོན་པ་སྒྲའི་འཇུག་ཚུལ་དང་། དེ་ཞུགས་པས་དོན་ཇི་ལྟ་བུ་ཞིག་སྟོན་པ་དོན་གྱི་ཚུལ་ལོ། །དང་པོ་ལ་གསུམ། དྲག་ཞན་སྤྱིར་འཇུག་ཚུལ། ནང་གསེས་ཞིབ་ཏུ་འཇུག་ཚུལ། ཐུན་མོང་གི་དཔེར་བརྗོད་དོ། །དང་པོ་ནི།
ཕོ་གསུམ་མོ་གཉིས་མ་ནིང་གསུམ། །
དྲག་ཞན་བར་མ་གསུམ་དུ་འཇུག །
ཅེས་པ་སྟེ། གོང་དུ་རྗེས་འཇུག་གི་ཡི་གེ་ཕོ་ལ་རབ་འབྲིང་ཐ་གསུམ་དང་། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་དང་། མ་ནིང་ལ་འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་གསུམ་སྟེ་དེ་ལྟར་བརྒྱད་དུ་ཕྱེས་པ་དེ་དག་ལས། ཕོ་གསུམ་ནི་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་བརྗོད་པའི་སྒྲ་གདངས་དྲག་པར་འཇུག་པ་དང་། མོ་གཉིས་ནི་སྒྲ་གདངས་ཞན་པར་འཇུག་པ་དང་། མ་ནིང་གསུམ་ནི་བར་མ་སྟེ་སྒྲ་གདངས་རན་པར་འཇུག་པ་ཡིན་ནོ། །
       གཉིས་པ་ནང་གསེས་ཀྱི་འཇུག་ཚུལ་ནི།
དྲག་པ་གསུམ་ནི་ནང་ཕྲད་དམ། །
གལ་ཏེ་ཞན་པ་ནང་ཕྲད་ན། །
དེ་ལའང་ནང་གི་ཆ་ཤས་ཀྱིས། །
དེ་ཡང་དྲག་ཞན་གཉིས་སུ་དབྱེ། །
མ་ནིང་གསུམ་དུ་གང་གཏོགས་པ། །
དྲག་དང་ཕྲད་ན་དྲག་པར་འགྱུར། །
ཞན་དང་ཕྲད་ན་ཞན་པར་འགྱུར། །
གཉིས་ཀ་དག་དང་ཕྲད་གྱུར་ན། །
དེ་ནི་གཉིས་ཀ་ཅན་དུ་འགྱུར། །
གཉིས་ཀ་དག་དང་མ་ཕྲད་ན། །
གང་དུ་ཡང་ནི་མི་འགྱུར་རོ། །
དེས་ན་འགྱུར་དང་མཚན་གཉིས་དང་། །
མཚན་མེད་དག་དང་གསུམ་དུ་འདོད། །
དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །
ཞེས་པ་སྟེ། གོང་དུ་བཤད་པའི་རྗེས་འཇུག་ཕོ་མོ་མ་ནིང་གསུམ་དུ་ཕྱེས་པ་དེ་དག་སྒྲའི་འཇུག་ཚུལ་ཐ་དད་པ་བརྒྱད་དུ་ཇི་ལྟར་དབྱེ་ཞེ་ན། མིང་གཞིའི་ཡི་གེ་གང་གི་མཐར་ཡང་རུང་རྗེས་འཇུག་གི་ཕོ་ཡིག་རྣམས་ཞུགས་པ་ནི་རྗེས་འཇུག་དྲག་པ་གསུམ་ཉིད་ནང་ཕྲད་ཀྱི་དབང་ལས་གསུམ་དུ་འགྱུར་ཏེ་ཡང་འཇུག་དང་བཅས་ཞུགས་པ་ནི་སྒྲ་དྲག་པ་གཞིར་བཅས་པའི་ནང་ནས་རབ་འབྲིང་གང་རུང་དུ་གྱུར་བས་སྐྱེས་བུ་རབ་འབྲིང་གཉིས་དང་། ཡང་འཇུག་མེད་པར་ཞུགས་པའི་ཚེ་སྒྲ་དྲག་པའི་ཐ་མར་འགྱུར་བས་སྐྱེས་བུ་ཐ་མ་སྟེ་དེ་ལྟར་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་འགྱུར་བ་དང་། གལ་ཏེ་ཞན་པ་སྟེ་མོ་ཡིག་རྣམས་ཞན་པ་ནང་ཕྲད་དེ་རྗེས་འཇུག་ཡི་གེ་ཡང་ཞན་པ་ཡིན་ལ་རྗེས་འཇུག་ནང་ཕྲད་ཀྱང་ཞན་པ་ཡིན་ན། དེ་ཡང་ནང་གི་ཆ་ཤས་ཀྱིས་དྲག་ཞན་གཉིས་སུ་དབྱེ་སྟེ། ཡང་འཇུག་དང་བཅས་པར་ཞུགས་པའི་ཚེ་དྲག་པ་མོ་ཙམ་དང་། ཡང་འཇུག་མེད་ན་ཞན་པ་ཤིན་ཏུ་མོར་འགྱུར་རོ། །མ་ནིང་གསུམ་དུ་གང་གཏོགས་པ་དེ་དག་ནི་མིང་གཞི་དང་རྗེས་འཇུག་ནང་ཕྲད་གཉིས་ཀ་ལ་ལྟོས་པས། གལ་ཏེ་མིང་གཞིའི་ཡི་གེ་དྲག་པ་དང་ཕྲད་ན་ཡང་འཇུག་ཡོད་དམ་མེད་ཀྱང་དྲག་པར་འགྱུར་བས་བར་མའི་དྲག་པ་དང་། ཞན་པ་ཕྲད་ཅིང་ཡང་འཇུག་མེད་པའི་ཚེ་ཞན་པ་དང་། མིང་གཞིའི་ཡི་གེ་ཞན་ཅིང་ཡང་འཇུག་དྲག་པའི་བར་དུ་ཆུད་ན་མིང་གཞི་ཞན་པ་དང་ཡང་འཇུག་དྲག་པ་གཉིས་ཀ་འཛོམས་པས་དྲག་ཞན་གཉིས་ཀ་ཅན་དུ་འགྱུར་བ་དང་། མིང་གཞི་དྲག་ཞན་གཉིས་ཀ་དག་དང་མ་ཕྲད་པ་དེའི་ཚེ་ཡང་འཇུག་ཡོད་མེད་ཇི་ལྟར་ཡང་དྲག་ཞན་གཉིས་གའི་མཚན་མ་གང་དུའང་མི་འགྱུར་བས། དེས་ན་དྲག་པའམ་ཞན་པར་འགྱུར་བའི་འགྱུར་བ་མ་ནིང་དང་། དྲག་ཞན་གཉིས་ཀ་ཅན་དུ་འགྱུར་བ་མཚན་གཉིས་མ་ནིང་དང་། གཉིས་ཀ་མི་འགྱུར་བ་མཚན་མེད་མ་ནིང་དང་གསུམ་དུ་འདོད་དེ་བཞེད་དོ། །
       གསུམ་པ་ཐུན་མོང་གི་དཔེར་བརྗོད་ནི། སྐྱེས་བུ་རབ་ལ། སྐྱོགས། དཀྲིགས། བཀླགས། བཀྱིགས། འཁྱགས། མཁྲེགས། གྲགས། སྒྲོགས། ངོགས། བསྔགས། ལྕགས། བཅགས། ཆགས། འཆགས། འཆུགས། འཇགས། འཇིགས། སྙོགས། སྙིགས། བསྙིགས། རྟགས། རྟོགས། བརྟགས། བརྟགས། གཏོགས། ཐོགས། ཐུགས། དོགས། གདགས། འདེགས། དྭགས། བརྣོགས། པགས། སྤགས། ཕྱགས། འཕྱུགས། བགས། བླུགས། མྱགས། དམིགས། རྨུགས། གཙིགས། བཙུགས། ཚོགས། རྫོགས། ཞགས། གཞོགས། གཟིགས། བཟླུགས། གཡོགས། རིགས། རླུགས། ལེགས། ཤགས། གཤེགས། སོགས། བསྲེགས། ཧྭགས་ལ་སོགས་པ་རྒྱ་ཆེར་སྦྱར་རོ། །
       སྐྱེས་བུ་འབྲིང་ནི། སྐབས། ཀླུབས། བཀྲབས། འཁོབས། བསྒྲུབས། སྒྲུབས། བརྔུབས། བཅབས། ཆིབས། འཇེབས། བསྙབས། སྟབས། སྟོབས། ཐབས། འཐིབས། དྲུབས། ལྡེབས། བསྡེབས། སྣབས། སྣུབས། ཕེབས། བྱབས། བྲབས། གཙུབས། རྩིབས། རྩབས། ཚབས། འཚབས། ཞབས། གཞིབས། གཟབས། གཡབས། རབས། བརླབས། རློབས། ཤུབས། གཤིབས། སྲུབས། བསླབས། བསབས་ལྟ་བུ་རྒྱ་ཆེར་སྦྱར་རོ། །
       སྐྱེས་བུ་ཐ་མ་ནི། སྐས། སྐད། བཀག བཀབ། མཁས། འཁྲིད། ཁྲག ཁྲབ། འགས། བགྲད། སྒོག གྲུབ། སྔས། ངེད། ངག་ལྟ་བུ་རྒྱ་ཆེར་སྦྱར་རོ། །
       མོ་ཙམ་ནི། བསྐངས། བསྐུམས། ཁེངས། ཁམས། གངས། བསྒོམས། དངངས། བརྔམས་ལྟ་བུ་རྒྱ་ཆེར་སྦྱར་རོ། །ཤིན་ཏུ་མོ་ནི། བསྐང་། ཀོང་། སྐོམ། བཀའ། ཁོང་། ཁམ། མཁའ། གང་། སྒྲོམ། འགའ། དང་། དངོམ། སྡེའོ་ལྟ་བུ་རྒྱ་ཆེར་སྦྱར་རོ། །
       འགྱུར་བ་མ་ནིང་ནི། བསྟནད། རྐུན། བསྐོརད། བསྟར། བསྩལད། བཙལ། འགྲན། འགོར། འགུལ་ལྟ་བུ་རྒྱ་ཆེར་སྦྱར་རོ། །མཚན་གཉིས་པ་ནི། འཛིནད། བརྒྱནད། འབྱོརད། གྱུརད། རོལད། བསལད་ལྟ་བུ་རྒྱ་ཆེར་སྦྱོར་རོ། །མཚན་མེད་ནི། ཕྱིནད། མཐུན། ཐར། འཐོར། འཕྲུལད། འཁྲུལ་ལྟ་བུ་རྒྱ་ཆེར་སྦྱར་ཏེ་ཤེས་པར་བྱའོ། །སྙན་ངག་ལེའུ་དང་པོ་སྦྱར་བ་སོགས་ཀྱི་སྐབས་སུ་ལེགས་སྦྱར་གྱི་སྐད་བོད་ལ་སྦྱར་དུ་མི་བཏུབ་བས་སྦྱོར་བ་འཇམ་རྩུབ་སོགས་འདི་ལྟར་བགྱི་དགོས་པ་ཡིན་ནོ། །
       གཉིས་པ་དོན་གྱི་འཇུག་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་བཤད་དོ། །དང་པོ་ནི།
དོན་ནི་རྣམ་པ་གཉིས་ཡིན་ཏེ། །
སྔ་མ་གང་ལྟར་གྱུར་བ་དང་། །
ཕྱི་མ་གང་ལྟར་གྱུར་བའོ། །
ཞེས་པ་སྟེ། རྗེས་འཇུག་དེ་རྣམས་དོན་གང་ལ་ཞུགས་པའི་ཚུལ་ནི་རྣམ་པ་གཉིས་ཡིན་ཏེ། སྔ་མ་རྗེས་འཇུག་ཉིད་འཇུག་ཡུལ་གྱི་དོན་གང་ལྟ་བུ་ཞིག་ཏུ་གྱུར་བ་དང་། ཕྱི་མ་རྗེས་འཇུག་གི་མཐའ་དེས་མིང་མཐའ་ལ་སོགས་གཞན་འདྲེན་ཚུལ་གྱི་དོན་གང་ལྟར་གྱུར་པའོ། །
       གཉིས་པ་རྒྱས་པར་འཆད་པ་ལ་གཉིས་ལས། དང་པོ་སྔ་མ་གང་ལྟར་གྱུར་བ་ནི།
སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །
ཞེས་པ་སྟེ། རྗེས་འཇུག་འཇུག་ཡུལ་གྱི་མིང་དེ་ལ་རྗེས་འཇུག་རྣམས་སྦྱོར་བ་ན། རྗེས་འཇུག་ལས་སྔ་མའི་མིང་གཞི་དེ་ལ་སྔོན་འཇུག་གི་ཡི་གེ་དེ་བདག་གཞན་དུས་གསུམ་སོགས་གང་སྟོན་པའི་ཕྱིར་དུ་ཞུགས་པ་ཡིན་ན། དེ་བཞིན་དུ་རྗེས་འཇུག་ཀྱང་སྦྱར་དགོས་ཏེ། སྔོན་འཇུག་དེ་འདས་པ་སྟོན་པའི་ཕྱིར་ཞུགས་པ་ཡིན་ན། རྗེས་འཇུག་དེའང་འདས་པ་སྟོན་པའི་སླད་དུ་སྦྱར་དགོས་པ་སོགས་རིགས་འགྲེ་ཤེས་པར་བྱའོ། །དེ་ཡང་གཙོ་ཆེར་སྔོན་འཇུག་གི་ནུས་པས་བདག་གཞན་དུས་གསུམ་སོགས་སྟོན་པ་ཡིན་གྱི་ཡང་འཇུག་ལྟ་བུ་འགའ་ཞིག་གིས་དུས་འདས་པ་སྟོན་པ་ཙམ་དང་། བསྒྲུབ་བྱ། སྒྲུབ་བྱེད་ལྟ་བུ་ཁ་ཅིག་རྗེས་འཇུག་གི་ནུས་པས་བྱ་བ་དང་བྱེད་པོ་སྟོན་པ་ལྟར་སྣང་གི ཐམས་ཅད་དུ་ནི་རྗེས་འཇུག་གི་ནུས་པས་བདག་གཞན་དུས་གསུམ་སོགས་སྟོན་པ་མ་ཡིན་ནོ། །
       འདས་པ་ལ་འཇུག་པ་ནི། དཔེར་ན། བརྟགས། བཅགས། བསགས། བསྒྲུབས། བསྐྱབས། བསྟབས། བཀག བལྟས། བརྒྱབ། བཅད་ལ་སོགས་པ་སྐྱེས་བུ་གསུམ་འདས་པ་ལ་འཇུག་པ་དང་། དེ་བཞིན་དུ་བདག་བྱེད་པ་ལ་འཇུག་པ་ནི། འདོགས་བྱེད། འཛུགས་བྱེད། འགུགས་བྱེད་ལ་སོགས་པ་ལྟ་བུ། གཞན་བྱ་བ་ལ་འཇུག་པ། གདངས་བྱ། གཏུབ་བྱ། དགག་བྱ་ལ་སོགས་པ་ལྟ་བུའོ། །
       གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་བཤད་པ་ལ་གཉིས། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི།
ཕྱི་མ་དག་གི་འདྲེན་ཚུལ་ནི། །
ཞེས་པ་སྟེ། ཕྱི་མ་མིང་མཐའ་དང་རྣམ་དབྱེ་སོགས་ཀྱི་ཐོབ་ཐང་གི་དོན་ཇི་ལྟར་འཇུག་པར་འགྱུར་བ་སྔ་མའི་རྗེས་འཇུག་དང་ཕྱི་མའི་བརྗོད་བྱ་དག་ལ་ལྟོས་པའི་སྒོ་ནས་འདྲེན་པའི་ཕྱིར་དེའི་ཚུལ་ནི། ཞེས་པའོ། །
       གཉིས་པ་རྒྱས་བཤད་ལ་གཉིས། མིང་མཐའ་འདྲེན་ཚུལ་དང་། རྣམ་དབྱེ་སོགས་འདྲེན་ཚུལ་འཆད་པའོ། །དང་པོ་ནི།
ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །
མོ་ཡིས་མོ་ཡི་མིང་མཐའ་དྲང་། །
མ་ནིང་གིས་ནི་མ་ནིང་ངོ་། །
ཞེས་པ་སྟེ། མིང་སྔ་མའི་མཐའི་རྗེས་འཇུག་ཕོ་ཡིག་གིས། རྣམ་དབྱེ་ཕྲད་སོགས་དེའི་མཐར་སྦྱོར་བ་ན་མིང་གཞིའི་ཕོ་ཡིག་དྲང་པར་བྱ་ཞིང་། དེ་བཞིན་དུ་རྗེས་འཇུག་མོ་ཡིག་གིས་མོའི་མིང་མཐའ་དྲང་བ་སྟེ་མིང་གཞིའི་མོ་ཡིག་དྲང་བར་བྱ་ལ། རྗེས་འཇུག་མ་ནིང་གིས་མིང་གཞིའི་མ་ནིང་གི་མིང་མཐའ་དྲང་བར་བྱའོ། །འདིར་མིང་མཐའ་ཞེས་པ་ནི་ཕྲད་དང་རྣམ་དབྱེ་སོགས་ཀྱི་ཡི་གེ་ལ་བྱ་བས་དྲང་བྱ་ཡིན་གྱི་འདྲེན་བྱེད་སྔ་མའི་མཐའ་དེ་ནི་མ་ཡིན་ཏེ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །ཞེས་པ་ལ་སོགས་པ་དྲང་བྱ་དང་འདྲེན་བྱེད་ཐ་དད་དུ་ཕྱེས་ནས་བཤད་པའི་ཕྱིར་རོ། །དེ་དག་ཀྱང་དཔེར་ན། དཔྱིད་ཀ། སྟོནད་ཀ། བསྟོད་པ། མཁྱེན་པ། ཕྱིནད་པ། བསྟེནད་པ། བསྟོད་པ། རྩོད་པ། གློད་པ། ཁྱབ་པ། ཆུབ་པ། བསྒྲུབས་པ། དགོས་པ། དངོས་པོ། དགོན་པ། གོམས་པ། བཟླས་པ། དམིགས་པ། ཆགས་པ། མཁྲིས་པ། པགས་པ། རྟག་པ། གཅིག་པུ། ཅིག་ཅར། བདག་ཅག་ལ་སོགས་པ་ལྟ་བུའོ། །
       མོས་མོ་ཡིག་དྲངས་པ་ནི། གང་བ། སྙིང་ག གདུང་མ། འདམ་ག གསུམ་ག ཟླ་བ། འདྲ་བ། དཔའ་བ། བདེ་བ། ཉི་མ། ཡི་གེ ཉ་ག འདི་ག གྲོ་ག ཁྱི་གུ ལུ་གུ་སོགས་ལྟ་བུ།
       མ་ནིང་གིས་མ་ནིང་དྲངས་པ་ནི། སྟོན་ཁ། དབྱར་ཁ། ཐལ་ཁ་ལ་སོགས་པ་ལྟ་བུའོ། །འདིར་གསུངས་པ་ནི་གཙོ་ཆེ་བ་ཡིན་གྱི་གཞན་དུ་བརྗོད་བདེ་འདྲེན་པ། མངོན་པ་ལྟ་བུ་དང་། བསྟར་བ། འཐུལ་བ་ལྟ་བུ་རྗེས་འཇུག་མ་ནིང་གིས་མིང་གཞིའི་མོ་དྲངས་པ་དང་། དམ་པ་ལྟ་བུ་རྗེས་འཇུག་མོས་ཕོ་ཡིག་དྲངས་པ་སོགས་ནི་འཇིག་རྟེན་གྱི་ཉེར་སྤྱོད་ལས་བརྗོད་བདེ་འདྲེན་པ་ཡིན་ནོ། །
       གཉིས་པ་རྣམ་དབྱེ་སོགས་འདྲེན་ཚུལ་ལ་གཉིས། སྤྱིར་འདྲེན་ཚུལ་དང་། ནང་གསེས་འཇུག་ཚུལ་ལོ། །དང་པོ་ནི།
མིང་མཐའ་དེ་དག་ཉིད་ཀྱིས་ནི། །
དེ་དག་རང་གི་སྒྲ་མཐུན་པའི། །
ཆོས་དངོས་ལས་དང་བྱེད་པ་དང་། །
སྦྱིན་དང་འབྱུང་ཁུངས་འབྲེལ་པ་དང་། །
གནས་དང་བོད་པའི་སྒྲ་ཡང་དྲང་། །
གཞན་ཡང་སླར་བསྡུ་ལྷག་བཅས་དང་། །
འབྱེད་སྡུད་བསྣན་དང་བདག་པོ་དང་། །
དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །
དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །
ཞེས་པ་སྟེ། སྔར་བཤད་པའི་མིང་མཐའ་དེ་དག་ཉིད་ཀྱིས། མིང་མཐའ་དེ་ཉིད་རང་གི་སྒྲ་མཐུན་པ་སྟེ་རྟགས་མཚུངས་པའམ་བརྗོད་བདེ་འདྲེན་པའི་ཀྱང་སྒྲ་མཐུན་པར་གྱུར་པའི་ཆོས་དངོས་ཏེ་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་དང་། གཉིས་པ་ལས་སུ་བྱ་བ་དང་། གསུམ་པ་བྱེད་པ་པོ་དང་། སྦྱིན་པ་སྟེ་བཞི་པ་ཆེད་དུ་བྱ་བ་དང་། ལྔ་པ་འབྱུང་ཁུངས་དང་། དྲུག་པ་འབྲེལ་པ་དང་། བདུན་པ་གནས་གཞི་དང་། བོད་པའི་སྒྲ་ཡང་དྲང་བར་བྱ་ཞིང་། གཞན་ཡང་དེར་མ་འདུས་པ་རྣམ་དབྱེའི་ཡན་ལག་ཏུ་གྱུར་བ་འམ་མ་གྱུར་བའི་ཚིག་ཕྲད། སླར་བསྡུ། ལྷག་བཅས། འབྱེད་སྡུད། བསྣན་པ། བདག་པོ། དགག་པ། སྒྲུབ་པ་སྟེ་དགར་སྡུད་དང་། ཚིག་རྒྱན། དུས་ཏེ་རྣམ་དབྱེ་བདུན་པའི་བྱེ་བྲག་ཚེ་སྐབས་ཀྱི་སྒྲ་རྣམས་ཀྱང་གང་ཞིག་འཇུག་པའི་འོས་སུ་གྱུར་པའི་ཚེ་ན། སྔ་ཤུགས་ཏེ་མིང་མཐའ་སྔ་མ་དེ་ཇི་ལྟར་གྱུར་བའི་ཤུགས་ཀྱིས་དྲངས་ཏེ་སྦྱར་བས་ཡི་གེའི་སྦྱོར་ཚུལ་ཤིན་ཏུ་ལེགས་པ་ཞིག་འབྱུང་བ་ཡིན་ནོ། །ཞེས་པའི་དོན་ཏོ། །འདྲེན་ཚུལ་གྱི་དཔེར་བརྗོད་ནི་སུམ་ཅུ་པར་བཤད་པ་ལྟར་རོ། །
       གཉིས་པ་ནང་གསེས་ཀྱི་འཇུག་ཚུལ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི།
དེ་དག་ནང་གསེས་གང་འཇུག་པ། །
མཐར་སྦྱར་འོག་མའི་མིང་དོན་ལས། །
ཞེས་པ་སྟེ། གོང་དུ་བསྟན་པ་དེ་དག་གི་ནང་གསེས་རྣམ་དབྱེ་དང་ཕྲད་ལ་སོགས་པ་གང་ཞིག དེའི་རྗེས་སུ་གང་འཇུག་པ་ནི་མིང་ངམ་རྣམ་དབྱེ་སོགས་གང་ཡིན་པ་དེའི་མཐར་སྦྱར་རྒྱུའི་འོག་མ་སྟེ་རྗེས་མའི་མིང་དོན་དེ་ལས་ཤེས་པར་བྱའོ། །ཞེས་པའོ། །
       གཉིས་པ་རྒྱས་བཤད་ལ་གཉིས། རྣམ་དབྱེའི་ནང་གསེས་གང་ཞིག་འཇུག་པ་དང་། ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པའོ། །དང་པོ་ནི།
སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །
དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །
ལས་བྱ་བླང་བྱ་བསྒྲུབ་པར་བྱ། །
སྔོན་དུ་འོས་པ་གནས་པའམ། །
ཞེས་པ་སྟེ། དེ་ལ་རྣམ་དབྱེའི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི་རྣམ་དབྱེ་སྦྱར་སའི་མིང་བདུད་རྩི་ལྟ་བུ་ལ། དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་དང་། དེ་དང་འཇུག་པ་མཚུངས་པའི་ཕྲད་ཞིག་སྦྱར་བའི་གང་ཞིག་ལྟ་བུ་ཡོད་ན་མིང་སྔ་མ་བདུད་རྩི་ལ་རྣམ་དབྱེ་དང་པོ་འཇུག་ཀྱང་བོད་སྐད་ལ་རྣམ་དབྱེ་དང་པོ་དང་མིང་རྐྱང་གཉིས་ལ་ཁྱད་པར་མེད་པས་དེ་གར་གནས་པ་བདུད་རྩི་གང་ཞིག་ལྟ་བུ་དང་། དེ་བཞིན་དུ་མིང་དེའི་མཐར་བྱེད་པའི་ཚིག་གསལ་བར་བྱེད་པ་འཚོ་བར་བྱེད་ལྟ་བུ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་གསུམ་པ་འཇུག་པས། བདུད་རྩི་ཡིས་འཚོ་བར་བྱེད་ཅེས་པ་འམ། དེ་བསྡུས་པ་བདུད་རྩིས་འཚོ་བར་བྱེད་ལྟ་བུ་དང་། མིང་དེའི་མཐར་མོས་པ་ལྟ་བུ་ཆེད་དུ་བྱ་བའི་སྒྲ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་བཞི་པ་འཇུག་པས། བདུད་རྩི་ལ་མོས་པ་ལྟ་བུ་དང་། མིང་དེའི་མཐར་བརྟེན་ལྟ་བུ་རྟེན་བྱེད་ཀྱི་སྒྲ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་བདུན་པ་འཇུག་པས། བདུད་རྩི་ལ་རྟེན་ལྟ་བུ་དང་། མིང་དེའི་མཐར་བསྒྱུར་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་གཉིས་པ་འཇུག་པས། བདུད་རྩིར་བསྒྱུར་ལྟ་བུ་དང་། མིང་དེའི་མཐར་བླང་བར་བྱ་ལྟ་བུ་བླང་བྱའི་སྒྲ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་ལྔ་པ་འཇུག་པས། བདུད་རྩི་ལས་བླང་བར་བྱ་ལྟ་བུ་དང་། མིང་དེའི་མཐར་བསྒྲུབ་བྱ་སྟེ་འབྲེལ་བ་བརྗོད་པ་རྒྱ་མཚོ་ལྟ་བུ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་དྲུག་པ་འཇུག་པས། བདུད་རྩིའི་རྒྱ་མཚོ་ལྟ་བུ་དང་། སྔོན་དུ་འབོད་པར་འོས་པའི་མིང་བདུད་རྩི་མ་ལྟ་བུ་ཡོད་ན། དེའི་མཐར་བོད་པ་གསལ་བྱེད་ཀྱི་སྒྲའང་སྦྱར་ཏེ། བདུད་རྩི་མ་ཀྱེ། ལྟ་བུ་སྟེ། དེ་ལྟར་མིང་མཐའ་འདྲེན་ཚུལ་སྤྱིར་དཔེར་བརྗོད་པ་འདིས་ངག་གི་སྦྱོར་བ་ཐམས་ཅད་ལ་རིགས་འགྲེ་ཤེས་པར་བྱའོ། །
       གཉིས་པ་ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་ནི།
གཞན་ཡང་ཚིག་དོན་འོག་མ་ལས། །
བསྡུ་རྒྱུ་ཡོད་དམ་མེད་པ་དང་། །
གོང་མ་ལས་ཀྱང་དེ་བཞིན་ཏེ། །
རྣམ་གྲངས་དག་ཀྱང་བཀོད་པ་ལས། །
བསྐྱར་བ་ཡོད་དམ་མེད་པ་དང་། །
ཕོ་སྒྲ་དང་ནི་མོ་སྒྲ་དག །
མིང་གི་མཐའ་ན་ཡོད་མེད་དང་། །
རྒྱན་དུ་གྱུར་བ་རྣམས་ལ་ཡང་། །
དོན་ལ་བསྙེགས་པ་ཡོད་མེད་དང་། །
བསྟན་བྱ་ལྷག་མ་ཡོད་མེད་དང་། །
ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །
དེ་དག་གསེས་རྣམ་པར་དབྱེ། །
ཞེས་པ་སྟེ། གཞན་ཡང་ཚིག་དོན་གང་ཡིན་པ་དེའི་མཐར་སྦྱར་རྒྱུའི་ཕྲད་དང་རྣམ་དབྱེ་སོགས་དེའི་ཡང་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་པ་ནི་བཤད་ཟིན་པ་ལྟར་ལ། ཚིག་འོག་མ་སྔ་མ་ལ་ལྟོས་མི་དགོས་པའང་ཡོད་ཅིང་། ཚིག་དོན་འོག་མ་དེ་ཉིད་སྔ་མ་དང་མཚུངས་ཤིང་སྔ་མ་ལ་བསྡུ་རྒྱུ་ཡོད་ནས་ཕྱི་མར་བསྡུ་དགོས་པ་ཡིན་ན་ཚིག་སྔ་མ་ལ་སྡུད་པའི་ཚིག་ཕྲད་སྦྱར་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ལྟ་བུ། ཚིག་འོག་མ་སྔ་མ་དང་མི་མཚུངས་ཤིང་སྔ་མ་ཕྱི་མར་བསྡུ་མི་དགོས་ན་སྡུད་པའི་ཚིག་ཕྲད་མི་སྦྱོར་བ་དང་། ཚིག་དོན་གོང་མ་སྟེ་སྔ་མ་དེ་ཕྱི་མ་དང་མཚུངས་ཤིང་ཚིག་ཕྱི་མ་ལ་བསྡུ་རྒྱུ་ཡོད་པས་སྔ་མར་བསྡུ་དགོས་པ་ཡིན་ནའང་གོང་དུ་བཤད་པ་དེ་བཞིན་དུ་ཚིག་སྔ་མ་ལ་སྡུད་པའི་ཕྲད་སྦྱར་ཏེ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨོས་ལྟ་བུ། སྔ་ཕྱི་མི་མཚུངས་ཤིང་ཕྱི་མ་སྔ་མར་བསྡུ་དགོས་པ་མེད་ན་མི་སྦྱོར་བ་དང་། དེ་བཞིན་དུ། མཇུག་ཏུ་བྱ་ཚིག་ལྟ་བུ་ཡོད་ལ་ཚིག་དོན་སྔ་མ་དེ་ལ་ཕྱི་མ་བསྣན་དགོས་པ་ཡོད་ན་ཚིག་ཕྱི་མ་ལ་བསྣན་པའི་ཕྲད་སྦྱར་ཏེ། ནང་པར་མ་ཟད་ཕྱི་རོལ་པའང་ཤེས་པར་བྱ་ལྟ་བུ་སྟེ་འདི་ནི་སྡུད་པ་དང་ཆ་འདྲ་བས་ཤུགས་ཀྱིས་བསྟན་ཏོ་སྙམ་མོ། །ཚིག་ཕྱི་མར་མིང་ཚིག་གི་རྣམ་གྲངས་གཅིག་གམ་གཉིས་སམ་མང་པོ་བཀོད་པ་ལས་དེ་དག་ཡང་ཡང་བསྐྱར་བརྗོད་དགོས་ན་སྔ་མ་སྔ་མར་འབྱེད་སྡུད་ཀྱི་ཕྲད་སྦྱར་ཏེ། དོན་སྦྱར་བ། ཉི་འོད་ནི་གསལ་བ་འམ། སྣང་བའོ། །འཆི་མེད་དམ། རྣམ་སད་དམ། མིག་མི་འཛུམ་ནི་ལྷའོ། །ལྟ་བུ་དང་། ཚིག་བསྐྱར་བ། པདྨ་དཀར་པོ་འམ། པདྨ་དཀར་པ་ལྟ་བུའི་སེམས་དཔའ། ལྟ་བུ་དང་། ཚིག་དོན་གཉི་ག་བསྐྱར་བ། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། ལྟ་བུའོ། །མིང་གི་མཐར་ཕོ་སྒྲ་སྟེ་པུ་ལིངྒའི་སྒྲ་གསར་དུ་སྦྱར་བ་ཡོད་ན་མིང་མཐའ་དེ་བདག་པོའི་སྒྲར་འགྱུར་ལ། མེད་ན་མི་འགྱུར་བ་དང་། དེ་བཞིན་དུ་མིང་གི་ཐོག་མཐར་མོ་སྒྲ་སྟེ་སྟྲཱི་ལིངྒའི་སྒྲ་གསར་དུ་སྦྱར་བ་ཡོད་ན་དེ་ཉིད་དགག་པའི་སྒྲར་འགྱུར་ལ། མེད་ན་མི་འགྱུར་བ་དང་། ཕོ་མོའི་སྒྲ་དེ་དག་གསར་དུ་སྦྱར་བ་མ་ཡིན་པར་མིང་གི་མཐའ་ཉིད་ཡིན་པ་ཡོད་ན་དེའི་ངོ་བོ་གང་ཡིན་པ་དེ་ཉིད་སྒྲུབ་པའི་སྒྲར་འགྱུར་གྱི་བདག་པོ་དང་དགག་པའི་སྒྲར་མི་འགྱུར་ཏེ། རྟག་པ། དམ་པ། གསར་མ། བླ་མ་ལྟ་བུའོ། །ཚིག་དོན་སྔ་མ་དང་ཕྱི་མ་མཚུངས་པས་གཅིག་ཏུ་བསྡུ་རྒྱུ་ཡོད་ན། ཚིག་སྔ་མ་ལ་མཐུན་པའི་ཚིག་རྒྱན་སྦྱར་ཏེ། མཛེས་ཀྱང་མཛེས་ལ་འོད་ཀྱང་འཚེར། ལྟ་བུ། མི་མཐུན་པ་བསྡུ་ན་སྔ་མར་མི་མཐུན་པའི་ཚིག་རྒྱན་སྦྱར་ཏེ། འཇམ་ཡང་ཁྲོ། ལྟ་བུ། ཚིག་རྒྱན་དེ་གཉིས་ཀྱང་དོན་ལ་བསྙེགས་པ་སྟེ་དེས་དོན་སྟོན་དགོས་པ་ཡོད་ན་མི་སྦྱོར་དུ་མི་རུང་ཞིང་། ཚིག་མཛེས་པར་བྱེད་པའི་རྒྱན་ཙམ་ཡིན་ན་ནི་སྦྱོར་མི་སྦྱོར་གང་ཡང་རུང་བ་དང་། བསྟན་བྱ་དེ་ལྷག་མ་ཡོད་ན་ཚིག་སྔ་མ་དེར་ལྷག་བཅས་ཀྱི་ཕྲད་འཇུག་སྟེ། རྒྱས་བཏབ་སྟེ་བཞག་ལྟ་བུ་དང་། བསྟན་བྱ་ལྷག་མ་མེད་པས་ཚིག་དེས་དོན་དེ་བཤད་ཟིན་པ་ཡིན་ན་སླར་བསྡུའི་ཕྲད་སྦྱར་ཏེ། རྟག་གོ །སོང་ངོ་། །ཡོད་དོ། །བསྟནད་ཏོ། །ལྟ་བུ་སྟེ་ནང་གསེས་སུ་ཕྲད་དང་རྣམ་དབྱེ་རྣམས་ཇི་ལྟར་སྦྱོར་བའི་ཚུལ་ཞིབ་ཏུ་རྣམ་པར་དབྱེ་བའི་སྒོ་ནས་སྦྱར་བར་བྱའོ། །ཞེས་པའོ། །
       བཞི་པ་རྗེས་འཇུག་གི་ཡི་གེ་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་འཆད་པ་ལ་གཉིས། རྗེས་འཇུག་གི་དགོས་པ་དངོས་བཤད་པ། ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པའོ། ། དང་པོ་ནི།
ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །
ཡི་གེའི་ཁོང་ནས་མིང་དབྱུང་སྟེ། །
མིང་གི་ཁོངས་ནས་ཚིག་ཕྱུངས་ནས། །
ཚིག་གིས་དོན་རྣམས་སྟོན་པར་བྱེད། །
ཅེས་པ་སྟེ། རྗེས་འཇུག་གི་ཡི་གེ་དེ་རྣམས་དགོས་པ་ཅིའི་ཕྱིར་འཇུག་ན། སྔོན་འཇུག་གི་ཡི་གེ་དེ་དག་ཡོད་དམ་མེད་ཀྱང་རུང་མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་མང་པོ་ཞིག་ཚེག་བར་གཅིག་ཏུ་འདུས་ཀྱང་། རྗེས་འཇུག་གི་ཡི་གེ་གང་རུང་ཞིག་མ་ཞུགས་ན་བོད་ཀྱི་བརྡ་ཡང་དག་པར་སྟོན་ནུས་པའི་མིང་དུ་གྲུབ་པ་མི་སྲིད་པས་ཡི་གེའི་ཁོངས་ནས་མིང་དབྱུང་བའི་ཕྱིར་རྗེས་འཇུག་རྣམས་འཇུག་པ་དང་། རྗེས་འཇུག་ཞུགས་པའི་མིང་དེ་ཡང་གཅིག་གམ་གཉིས་སམ་མང་པོ་ཞིག་དཀྱུས་གཅིག་ཏུ་སྦྲེལ་ཡང་དོན་གང་ཡིན་པ་དེ་གསལ་བར་བྱེད་པའི་རྣམ་དབྱེ་དང་ཚིག་ཕྲད་རྣམས་མ་ཞུགས་ན་དོན་གྱི་ཁྱད་པར་བརྗོད་པའི་ཚིག་ཏུ་འགྲུབ་པ་མི་སྲིད་ཅིང་། ཕྲད་དང་རྣམ་དབྱེ་དེ་དག་ཀྱང་གཙོ་བོར་རྗེས་འཇུག་ལ་ལྟོས་ཤིང་འཇུག་པས་མིང་ལས་ཚིག་དབྱུང་བའི་ཕྱིར་འཇུག་པ་དང་། ཚིག་ཏུ་གྲུབ་ཟིན་པ་དེ་དག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཇི་སྙེད་པ་མཚོན་ཅིང་རྗོད་པར་བྱེད་པས། དེའང་རྗེས་འཇུག་ཞུགས་པའི་དགོས་པ་ལས་བྱུང་བ་ཡིན་ནོ། །འདིར་ཡི་གེ་གཉིས་སམ་མང་པོ་འདུས་པས་དོན་གྱི་ངོ་བོ་ཙམ་སྟོན་པ་ནི་མིང་། དེ་ལ་རྣམ་དབྱེ་དང་ཕྲད་རྣམས་སྦྱར་བས་དོན་གྱི་ཁྱད་པར་གོ་ནུས་པ་ཚིག་གོ །དེ་མང་དུ་འདུས་པས་ངག་གི་ཕྲེང་བར་གྱུར་བ་ནི་བརྗོད་པ་ཞེས་བྱའོ། །དཔེར་ན། ལྷ་མི་སངས་ལྟ་བུ་མིང་། ལྷ་རྣམས་ཀྱིས་ལྟ་བུ་ཚིག ལྷ་རྣམས་ཀྱིས་འཇིག་རྟེན་དུ་དུས་དུས་སུ་ཆར་འབེབས་པར་བྱེད་དོ་ལྟ་བུ་ནི་བརྗོད་པ་སྟེ། མིང་ཚིག་བརྗོད་པ་ཐམས་ཅད་དེས་རིགས་བསྒྲེ་ཤེས་པར་བྱའོ། །
       གཉིས་པ་ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་ལ་གཉིས། ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་བཤད་པ་དང་། ཡི་གེའི་སྦྱོར་བ་སྟོན་པའི་བསྟན་བཅོས་འདི་བརྩམས་པའི་དགོས་པ་བཤད་པའོ། །དང་པོ་ལའང་གཉིས། དགོས་པ་ལྡོག་ཕྱོགས་ནས་བསྟན་པ་དང་། ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པའོ། །དང་པོ་ནི།
མོ་ཡི་ཡི་གེ་མེད་པ་ན། །
ཕོ་ཡིག་བརྗོད་པ་མེད་པར་འགྱུར། །
ཕོ་ཡིག་དེ་དག་རྣམས་ལ་ཡང་། །
འཇུག་པར་བཅས་པ་མེད་ན་ནི། །
མིང་དང་ཚིག་ཀྱང་གསལ་མི་ནུས། །
མིང་ཚིག་གསལ་བ་མེད་ན་ནི། །
དོན་རྣམས་བརྗོད་པར་མི་འགྱུར་རོ། །
ཞེས་པ་སྟེ། མོ་ཡི་ཡི་གེ་གི་གུ་སོགས་སུ་གྱུར་བའི་ཨཱ་ལི་བཞི་པོ་གལ་ཏེ་མེད་ན། ཕོ་ཡིག་ཀཱ་ལི་དེ་དག་གིས་དོན་སྟོན་ནུས་པའི་བརྗོད་པ་མེད་པར་གྱུར་ལ། ཕོ་ཡིག་དེ་དག་ལའང་འཇུག་པར་བཅས་པ་སྟེ་རྗེས་འཇུག་བཅུ་པོ་མེད་ན་ནི་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དོན་གྱི་ཁྱད་པར་བརྗོད་པའི་ཚིག་ཀྱང་གསལ་བར་བྱེད་མི་ནུས་ཤིང་། མིང་ཚིག་གསལ་བར་གྱུར་བའི་བརྡ་འམ་ཐ་སྙད་དེ་མེད་ན་ནི། འཇིག་རྟེན་དུ་དོན་རང་དང་གཞན་ལ་མཚོན་ནུས་པའི་བརྗོད་པ་རྣམས་ཀྱང་ཡོད་པར་མི་འགྱུར་ཏེ། སྙན་ངག་ལས།
གལ་ཏེ་སྒྲས་བོད་སྣང་བ་ཡིས། །
འཁོར་བ་གསལ་བར་མ་བྱས་ན། །
འཇིག་རྟེན་གསུམ་པོ་མཐའ་དག་འདི། །
སྨག་རུམ་མུན་པ་ཉིད་དུ་འགྱུར། །
ཞེས་བཤད་པ་བཞིན་ནོ། །
       གཉིས་པ་ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ་ནི།
དེ་ལྟར་གྱུར་ན་འཇིག་རྟེན་དུ། །
དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །
རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །
ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །
བསླབ་པ་རྣམས་ཀྱང་མེད་པར་འགྱུར། །
ཞེས་པ་སྟེ། མིང་ཚིག་བརྗོད་པ་དེ་དག་མེད་པ་དེ་ལྟར་གྱུར་ན། འཇིག་རྟེན་དུ་དོན་མཚོན་པའི་བརྗོད་པ་སྟེ་ལུང་དུ་སྟོན་པའི་བརྗོད་པ་ཐམས་ཅད་མེད་པར་གྱུར་ཞིང་། དེ་མེད་པས་འཇིག་རྟེན་དང་ཐུན་མོང་བ་ཤེས་བྱའི་གནས་ཇི་སྙེད་པའི་རིག་བྱེད་སྨྲ་བའང་ཡོད་པར་མི་འགྱུར་ལ། འཇིག་རྟེན་ལས་འདས་པའི་ཤེས་བྱ་ཉན་ཐོས་ཀྱི་བསླབ་པ་དང་། རང་སངས་རྒྱས་ཀྱི་བསླབ་པ་དང་། སངས་རྒྱས་ཀྱི་བསླབ་པ་རྣམས་ཀྱང་མེད་པར་འགྱུར་རོ། །ཞེས་པ་སྟེ་དགོས་པ་དང་ཉིང་དགོས་དེ་དག་ཡོད་པ་ལས་ལྡོག་པའི་ཕྱོགས་ནས་དངོས་སུ་བསྟན་པ་ཡིན་ལ། ཤུགས་ལ་མེད་པ་ལས་ལྡོག་པའི་དགོས་པ་དང་ཉིང་དགོས་བསྟན་ཏེ། མིང་ཚིག་ཡི་གེའི་སྦྱོར་བ་ལ་བརྟེན་ནས་བརྗོད་པ་ཐམས་ཅད་འབྱུང་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྗོད་པ་གསལ་བར་འགྱུར་བ་ནི་དགོས་པ། དེ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསླབ་པ་ཐམས་ཅད་འབྱུང་ཞིང་། དེས་བླང་དོར་གྱི་གནས་རྟོགས་པར་བྱས་ཏེ་འཇིག་རྟེན་ཚེ་འདི་ཁོ་ནའི་དོན་དང་། འཇིག་རྟེན་ལས་འདས་པ་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བ་ནི་ཉིང་དགོས་ཡིན་ནོ། །དེ་དག་ཀྱང་ཕྱི་མ་ཕྱི་མ་སྔ་མ་སྔ་མ་དང་འབྲེལ་ཞིང་། ཐམས་ཅད་ཀྱི་རྩ་བ་ནི་མིང་ཚིག་ཡི་གེའི་སྦྱོར་བ་ཉིད་ཡིན་ནོ། །
       གཉིས་པ་ཡི་གེའི་སྦྱོར་བ་སྟོན་པའི་བསྟན་བཅོས་འདི་བརྩམས་པའི་དགོས་པ་ལ་གཉིས། དགོས་པ་དངོས་དང་། དེ་འགྲུབ་པར་སྨོན་པའོ། །དང་པོ་ནི།
ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས། །
ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །
གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །
རང་ཉིད་ཀྱིས་ནི་མི་ཤེས་བཞིན། །
དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །
སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །
རང་ཚུལ་དེ་ཉིད་མི་ཤེས་པས། །
དོན་ལ་སྦྱོར་བ་ག་ལ་ཤེས། །
དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །
རྗེས་སྨྲས།
ཞེས་པ་སྟེ། དཔེ་ཇི་ལྟར་ན་འཇིག་རྟེན་གྱི་སེམས་ཅན་ལ། གཟུགས་ལ་སོགས་པའི་ཕུང་པོ་དང་། མིག་གི་ཁམས་ལ་སོགས་པའི་ཁམས་དང་། མིག་གི་སྐྱེ་མཆེད་ལ་སོགས་པའི་སྐྱེ་མཆེད་རྣམས་རང་རང་ལ་ཐོག་མ་མེད་པའི་དུས་ནས་རང་ཆས་སུ་ཡོད་ཅིང་། དེ་དག་སྟོན་བྱེད་གྲུབ་པའི་མཐའ་གྲངས་ཅན་པའི་དེ་ཉིད་ཉེར་ལྔ་དང་། ནང་པའི་ཐེག་ཆེན་ལུགས་རྣམ་ཤེས་ཚོགས་བརྒྱད་སོགས་གཞན་མང་དུ་ཡོད་ཀྱང་། གཞན་གྱིས་ཕུང་པོ་ནི་འདི་དང་འདི་ལྟ་བུའོ་ཞེས་པ་ལ་སོགས་པས་མ་བསྟན་པར་རང་ཉིད་ཀྱིས་དེ་དག་གི་ཚུལ་འདི་ལྟ་བུ་ཞིག་ཡིན་ཅེས་རྣམ་པར་གཞག་མི་ཤེས་པ་དེ་བཞིན་དུ། ཡི་གེའི་སྦྱོར་བའང་ཡུལ་གང་ཡིན་པ་དེའི་སྨྲ་བ་སྟེ་སྐད་ཀུན་ལ་རྟག་ཏུ་གནས་ཀྱང་། གཞན་གྱིས་བརྡ་མ་སྤྲད་པར་རང་ཉིད་ཀྱིས་དེ་ཡི་སྦྱོར་བའི་ཚུལ་ཤེས་པ་མ་ཡིན་པས། དེ་མ་ཤེས་པས་དོན་ལ་སྦྱོར་བ་ག་ལ་ཤེས་ཏེ་མི་ཤེས་སོ། །རྒྱུ་མཚན་དེའི་ཕྱིར་བོད་ཀྱི་ཡི་གེའི་སྦྱོར་བ་འཕགས་ཡུལ་གྱི་སྨྲ་བའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་བརྡ་སྤྲོད་པ་ལ་སོགས་པ་འཆད་པའི་ཚུལ་གྱི་རྗེས་སུ་འབྲངས་ནས་ཐུ་མི་བདག་གིས་སྨྲས་པ་ཡིན་ནོ། །ཞེས་པའོ། །
       གཉིས་པ་དགོས་པ་དེ་འགྲུབ་པར་སྨོན་པ་ནི།
འདི་ཀུན་རྟོགས་གྱུར་ཅིག །
ཅེས་པ་སྟེ། དེ་ལྟར་བཤད་པའི་ཡི་གེའི་སྦྱོར་བ་འདི་དག་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་བདེ་བླག་ཏུ་རྟོགས་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་རྨོངས་པ་མེད་པའི་བློ་གྲོས་དང་ལྡན་ཏེ། ཤེས་བྱ་ཐམས་ཅད་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ནས། ཉིང་དགོས་ཁྱད་པར་ཅན་དེ་རྣམས་ཀྱང་འགྲུབ་པར་གྱུར་ཅིག ཅེས་པའོ། །དེ་ལྟར་རྟགས་ཀྱི་འཇུག་པ་བཤད་ཟིན་ཏོ། །
རྨོངས་པའི་མཚན་མོ་དང་འགྲོགས་ཉོན་མོངས་ཀྱི། །
མུན་པ་སེལ་བར་བགྱིད་པའི་སྣང་བ་ནི། །
ཤེས་བྱའི་མཚན་ཉིད་རྟོགས་པའི་ཉིན་མོ་ན། །
འབྱུང་བར་རྒྱལ་བ་རྐང་གཉིས་གཙོ་བོས་གསུངས། །
ཡོན་ཏན་གཞི་མ་ཡི་གེའི་སྦྱོར་བ་ཞེས། །
བྲག་ཅ་གཏམ་དུ་སྒྲོགས་ཀྱང་མ་སྦྱངས་པར། །
རྟོགས་པར་རློམ་ན་འཆད་རྩོད་རྩོམ་པ་ཕལ། །
རི་མོའི་བ་ལས་འོ་མ་འཇོ་བ་ཉིད། །
དོན་གཉེར་བློ་ཅན་ངལ་བ་བཟོད་བགྱིད་པས། །
རྟོགས་པར་འགྱུར་མོད་དེང་སང་གྲགས་པ་ཙམ། །
རེ་བས་བླང་དགོས་ངལ་ན་བཏང་དགོས་པ། །
མཛེ་ཡིས་ཤི་བའི་སྐྱེ་བདུན་རོ་ལེན་བཞིན། །
དེ་སླད་རང་ཉིད་ངལ་བ་ཙམ་གྱུར་ཀྱང་། །
ཚད་མར་གྱུར་པའི་དམ་པ་དག་གི་བཀའ། །
མགྲིན་པ་བཟང་པོས་གསེར་གྱི་རྒྱན་བཞིན་དུ། །
བླངས་ཏེ་སྙེམས་པས་མ་ཡིན་འདི་བྱས་སོ། །
རབ་དཀར་དགེ་བའི་ཟླ་བ་སྲིད་ཞིའི་ཁམས། །
སྣང་བྱེད་ཡོངས་བསྡོའི་འོད་ཟེར་རབ་འབར་བ། །
དཔལ་གྱི་འདབ་མ་བཞིན་དུ་བསིལ་བ་དེས། །
རང་དང་གཞན་ལ་སྨན་པ་སྦྱིན་གྱུར་ཅིག །
ཅེས་པ་འདིའང་ཁྱབ་བདག་བླ་མ་འཇམ་མགོན་ཏཱའི་སི་ཏུ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་བླ་མ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་ལྷན་རྒྱས་པའི་ཞལ་སྔ་ནས་ཀྱི་བཀའ་སྩལ་སྤྱི་བོར་མཆོད་དེ། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་བཀའ་དྲིན་གྱིས་འཚོ་བ་ཀརྨ་སྨོན་ལམ་འོད་ཟེར་ལྷག་བསམ་བསྟན་པའི་རྒྱལ་མཚན་གྱིས་རྗེ་བཙུན་དྷརྨཱ་ཀ་རའི་འགྲེལ་ཆེན་ལ་གཞི་བྱས་ཤིང་། མདོར་བསྡུས་སུ་དམིགས་ནས་གོ་སླ་བའི་ཚིག་སྦྱོར་ཅི་རིགས་པ་བགྱིས་ཏེ་སྦྱར་བ་ལ། སླད་ནས་ཀྱང་འཕྲི་བསྣན་འོས་པ་རྣམས་ཞིབ་མོར་བགྱིས་པ་འདིས་ཀྱང་གཞན་ལ་ཕན་པ་འབྱུང་བར་གྱུར་ཅིག འདི་ནི་རྒྱས་བཤད་ཀྱིས་འཇིགས་པ་རྣམས་ལ་སྨན་པའི་བསམ་པས་བགྱིས་པ་ཡིིན་གྱི་རྣམ་དཔྱོད་ཕུལ་དུ་བྱུང་བ་རྣམས་ནི་ཀུན་གའདིས་ལེགས་པར་བཤད་པའི་སྒོ་ཕྱེ་བ་ཇི་སྙེད་པ་སྔོན་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་གྱི་རང་སྟོབས་འབའ་ཞིག་གིས་བཤད་པ་ཡིན་པས་ན། གཞན་གྱི་ལད་མོ་མ་ཡིན་རང་སྟོབས་ཀྱིས། །ལེགས་པར་བཤད་པ་པུནྜ་རཱི་ཀའི་ཕྲེང་། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་དང་འགྲེལ་ཆེན་འདིར་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ལས་མ་བསྟན་པའི་དོན་རྒྱ་ཆེ་བར་སྣང་བའི་ཕྱིར་རོ་ཞེས་དགེ་བའི་བཤེས་གཉེན་གྱི་ཞལ་སྒོ་ལས་ཐོས་སོ། །སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་ཉིད་ལས་གངས་ཅན་གྱི་ཡི་གེའི་སྡེབ་སྦྱོར་ཇི་སྙེད་པ་བྱུང་བས་ན་འདི་དག་ལ་བོད་འགྲེལ་མང་དུ་སྣང་མོད་ཀྱི། བློ་གྲོས་རྩལ་དང་ལྡན་པ་རྣམས་ལ་ནི་རྗེ་དྷརྨཱ་ཀ་རའི་འགྲེལ་ཆེན་ཉིད་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་བསྟན་བཅོས་འཆད་པ་དངོས་ལ་གཉིས། སུམ་ཅུ་པ་བཤད་པ་དང་། རྟགས་ཀྱི་འཇུག་པ་བཤད་པའོ། །དང་པོ་ལ་གཉིས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བསྟན་བཅོས་དངོས་སོ། །དང་པོ་ལའང་གཉིས། མཚན་སྨོས་པ་དང་། འགྱུར་ཕྱག་གོ །
      
གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་བཤད་པ་ལ་གཉིས། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི། ཕྱི་མ་དག་གི་འདྲེན་ཚུལ་ནི། །
ཞེས་པ་སྟེ། ཕྱི་མ་མིང་མཐའ་དང་རྣམ་དབྱེ་སོགས་ཀྱི་ཐོབ་ཐང་གི་དོན་ཇི་ལྟར་འཇུག་པར་འགྱུར་བ་སྔ་མའི་རྗེས་འཇུག་དང་ཕྱི་མའི་བརྗོད་བྱ་དག་ལ་ལྟོས་པའི་སྒོ་ནས་འདྲེན་པའི་ཕྱིར་དེའི་ཚུལ་ནི། ཞེས་པའོ། །
       
གཉིས་པ་རྒྱས་བཤད་ལ་གཉིས། མིང་མཐའ་འདྲེན་ཚུལ་དང་། རྣམ་དབྱེ་སོགས་འདྲེན་ཚུལ་འཆད་པའོ། །དང་པོ་ནི།
ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །
མོ་ཡིས་མོ་ཡི་མིང་མཐའ་དྲང་། །
མ་ནིང་གིས་ནི་མ་ནིང་ངོ་། །
ཞེས་པ་སྟེ། མིང་སྔ་མའི་མཐའི་རྗེས་འཇུག་ཕོ་ཡིག་གིས། རྣམ་དབྱེ་ཕྲད་སོགས་དེའི་མཐར་སྦྱོར་བ་ན་མིང་གཞིའི་ཕོ་ཡིག་དྲང་པར་བྱ་ཞིང་། དེ་བཞིན་དུ་རྗེས་འཇུག་མོ་ཡིག་གིས་མོའི་མིང་མཐའ་དྲང་བ་སྟེ་མིང་གཞིའི་མོ་ཡིག་དྲང་བར་བྱ་ལ། རྗེས་འཇུག་མ་ནིང་གིས་མིང་གཞིའི་མ་ནིང་གི་མིང་མཐའ་དྲང་བར་བྱའོ། །འདིར་མིང་མཐའ་ཞེས་པ་ནི་ཕྲད་དང་རྣམ་དབྱེ་སོགས་ཀྱི་ཡི་གེ་ལ་བྱ་བས་དྲང་བྱ་ཡིན་གྱི་འདྲེན་བྱེད་སྔ་མའི་མཐའ་དེ་ནི་མ་ཡིན་ཏེ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །ཞེས་པ་ལ་སོགས་པ་དྲང་བྱ་དང་འདྲེན་བྱེད་ཐ་དད་དུ་ཕྱེས་ནས་བཤད་པའི་ཕྱིར་རོ། །དེ་དག་ཀྱང་དཔེར་ན། དཔྱིད་ཀ། སྟོནད་ཀ། བསྟོད་པ། མཁྱེན་པ། ཕྱིནད་པ། བསྟེནད་པ། བསྟོད་པ། རྩོད་པ། གློད་པ། ཁྱབ་པ། ཆུབ་པ། བསྒྲུབས་པ། དགོས་པ། དངོས་པོ། དགོན་པ། གོམས་པ། བཟླས་པ། དམིགས་པ། ཆགས་པ། མཁྲིས་པ། པགས་པ། རྟག་པ། གཅིག་པུ། ཅིག་ཅར། བདག་ཅག་ལ་སོགས་པ་ལྟ་བུའོ། །
       མོས་མོ་ཡིག་དྲངས་པ་ནི། གང་བ། སྙིང་ག གདུང་མ། འདམ་ག གསུམ་ག ཟླ་བ། འདྲ་བ། དཔའ་བ། བདེ་བ། ཉི་མ། ཡི་གེ ཉ་ག འདི་ག གྲོ་ག ཁྱི་གུ ལུ་གུ་སོགས་ལྟ་བུ། མ་ནིང་གིས་མ་ནིང་དྲངས་པ་ནི། སྟོན་ཁ། དབྱར་ཁ། ཐལ་ཁ་ལ་སོགས་པ་ལྟ་བུའོ། །འདིར་གསུངས་པ་ནི་གཙོ་ཆེ་བ་ཡིན་གྱི་གཞན་དུ་བརྗོད་བདེ་འདྲེན་པ། མངོན་པ་ལྟ་བུ་དང་། བསྟར་བ། འཐུལ་བ་ལྟ་བུ་རྗེས་འཇུག་མ་ནིང་གིས་མིང་གཞིའི་མོ་དྲངས་པ་དང་། དམ་པ་ལྟ་བུ་རྗེས་འཇུག་མོས་ཕོ་ཡིག་དྲངས་པ་སོགས་ནི་འཇིག་རྟེན་གྱི་ཉེར་སྤྱོད་ལས་བརྗོད་བདེ་འདྲེན་པ་ཡིན་ནོ། །
       
གཉིས་པ་རྣམ་དབྱེ་སོགས་འདྲེན་ཚུལ་ལ་གཉིས། སྤྱིར་འདྲེན་ཚུལ་དང་། ནང་གསེས་འཇུག་ཚུལ་ལོ། །དང་པོ་ནི།
མིང་མཐའ་དེ་དག་ཉིད་ཀྱིས་ནི། །
དེ་དག་རང་གི་སྒྲ་མཐུན་པའི། །
ཆོས་དངོས་ལས་དང་བྱེད་པ་དང་། །
སྦྱིན་དང་འབྱུང་ཁུངས་འབྲེལ་པ་དང་། །
གནས་དང་བོད་པའི་སྒྲ་ཡང་དྲང་། །
གཞན་ཡང་སླར་བསྡུ་ལྷག་བཅས་དང་། །
འབྱེད་སྡུད་བསྣན་དང་བདག་པོ་དང་། །
དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །
དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །
ཞེས་པ་སྟེ། སྔར་བཤད་པའི་མིང་མཐའ་དེ་དག་ཉིད་ཀྱིས། མིང་མཐའ་དེ་ཉིད་རང་གི་སྒྲ་མཐུན་པ་སྟེ་རྟགས་མཚུངས་པའམ་བརྗོད་བདེ་འདྲེན་པའི་ཀྱང་སྒྲ་མཐུན་པར་གྱུར་པའི་ཆོས་དངོས་ཏེ་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་དང་། གཉིས་པ་ལས་སུ་བྱ་བ་དང་། གསུམ་པ་བྱེད་པ་པོ་དང་། སྦྱིན་པ་སྟེ་བཞི་པ་ཆེད་དུ་བྱ་བ་དང་། ལྔ་པ་འབྱུང་ཁུངས་དང་། དྲུག་པ་འབྲེལ་པ་དང་། བདུན་པ་གནས་གཞི་དང་། བོད་པའི་སྒྲ་ཡང་དྲང་བར་བྱ་ཞིང་། གཞན་ཡང་དེར་མ་འདུས་པ་རྣམ་དབྱེའི་ཡན་ལག་ཏུ་གྱུར་བ་འམ་མ་གྱུར་བའི་ཚིག་ཕྲད། སླར་བསྡུ། ལྷག་བཅས། འབྱེད་སྡུད། བསྣན་པ། བདག་པོ། དགག་པ། སྒྲུབ་པ་སྟེ་དགར་སྡུད་དང་། ཚིག་རྒྱན། དུས་ཏེ་རྣམ་དབྱེ་བདུན་པའི་བྱེ་བྲག་ཚེ་སྐབས་ཀྱི་སྒྲ་རྣམས་ཀྱང་གང་ཞིག་འཇུག་པའི་འོས་སུ་གྱུར་པའི་ཚེ་ན། སྔ་ཤུགས་ཏེ་མིང་མཐའ་སྔ་མ་དེ་ཇི་ལྟར་གྱུར་བའི་ཤུགས་ཀྱིས་དྲངས་ཏེ་སྦྱར་བས་ཡི་གེའི་སྦྱོར་ཚུལ་ཤིན་ཏུ་ལེགས་པ་ཞིག་འབྱུང་བ་ཡིན་ནོ། །ཞེས་པའི་དོན་ཏོ། །འདྲེན་ཚུལ་གྱི་དཔེར་བརྗོད་ནི་སུམ་ཅུ་པར་བཤད་པ་ལྟར་རོ། །
       
གཉིས་པ་ནང་གསེས་ཀྱི་འཇུག་ཚུལ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི།
དེ་དག་ནང་གསེས་གང་འཇུག་པ། །
མཐར་སྦྱར་འོག་མའི་མིང་དོན་ལས། །
ཞེས་པ་སྟེ། གོང་དུ་བསྟན་པ་དེ་དག་གི་ནང་གསེས་རྣམ་དབྱེ་དང་ཕྲད་ལ་སོགས་པ་གང་ཞིག དེའི་རྗེས་སུ་གང་འཇུག་པ་ནི་མིང་ངམ་རྣམ་དབྱེ་སོགས་གང་ཡིན་པ་དེའི་མཐར་སྦྱར་རྒྱུའི་འོག་མ་སྟེ་རྗེས་མའི་མིང་དོན་དེ་ལས་ཤེས་པར་བྱའོ། །ཞེས་པའོ། །
       
གཉིས་པ་རྒྱས་བཤད་ལ་གཉིས། རྣམ་དབྱེའི་ནང་གསེས་གང་ཞིག་འཇུག་པ་དང་། ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པའོ། །དང་པོ་ནི།
སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །
དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །
ལས་བྱ་བླང་བྱ་བསྒྲུབ་པར་བྱ། །
སྔོན་དུ་འོས་པ་གནས་པའམ། །
ཞེས་པ་སྟེ། དེ་ལ་རྣམ་དབྱེའི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི་རྣམ་དབྱེ་སྦྱར་སའི་མིང་བདུད་རྩི་ལྟ་བུ་ལ། དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་དང་། དེ་དང་འཇུག་པ་མཚུངས་པའི་ཕྲད་ཞིག་སྦྱར་བའི་གང་ཞིག་ལྟ་བུ་ཡོད་ན་མིང་སྔ་མ་བདུད་རྩི་ལ་རྣམ་དབྱེ་དང་པོ་འཇུག་ཀྱང་བོད་སྐད་ལ་རྣམ་དབྱེ་དང་པོ་དང་མིང་རྐྱང་གཉིས་ལ་ཁྱད་པར་མེད་པས་དེ་གར་གནས་པ་བདུད་རྩི་གང་ཞིག་ལྟ་བུ་དང་། དེ་བཞིན་དུ་མིང་དེའི་མཐར་བྱེད་པའི་ཚིག་གསལ་བར་བྱེད་པ་འཚོ་བར་བྱེད་ལྟ་བུ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་གསུམ་པ་འཇུག་པས། བདུད་རྩི་ཡིས་འཚོ་བར་བྱེད་ཅེས་པ་འམ། དེ་བསྡུས་པ་བདུད་རྩིས་འཚོ་བར་བྱེད་ལྟ་བུ་དང་། མིང་དེའི་མཐར་མོས་པ་ལྟ་བུ་ཆེད་དུ་བྱ་བའི་སྒྲ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་བཞི་པ་འཇུག་པས། བདུད་རྩི་ལ་མོས་པ་ལྟ་བུ་དང་། མིང་དེའི་མཐར་བརྟེན་ལྟ་བུ་རྟེན་བྱེད་ཀྱི་སྒྲ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་བདུན་པ་འཇུག་པས། བདུད་རྩི་ལ་རྟེན་ལྟ་བུ་དང་། མིང་དེའི་མཐར་བསྒྱུར་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་གཉིས་པ་འཇུག་པས། བདུད་རྩིར་བསྒྱུར་ལྟ་བུ་དང་། མིང་དེའི་མཐར་བླང་བར་བྱ་ལྟ་བུ་བླང་བྱའི་སྒྲ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་ལྔ་པ་འཇུག་པས། བདུད་རྩི་ལས་བླང་བར་བྱ་ལྟ་བུ་དང་། མིང་དེའི་མཐར་བསྒྲུབ་བྱ་སྟེ་འབྲེལ་བ་བརྗོད་པ་རྒྱ་མཚོ་ལྟ་བུ་ཡོད་ན། མིང་སྔ་མ་བདུད་རྩི་དེ་ལ་རྣམ་དབྱེ་དྲུག་པ་འཇུག་པས། བདུད་རྩིའི་རྒྱ་མཚོ་ལྟ་བུ་དང་། སྔོན་དུ་འབོད་པར་འོས་པའི་མིང་བདུད་རྩི་མ་ལྟ་བུ་ཡོད་ན། དེའི་མཐར་བོད་པ་གསལ་བྱེད་ཀྱི་སྒྲའང་སྦྱར་ཏེ། བདུད་རྩི་མ་ཀྱེ། ལྟ་བུ་སྟེ། དེ་ལྟར་མིང་མཐའ་འདྲེན་ཚུལ་སྤྱིར་དཔེར་བརྗོད་པ་འདིས་ངག་གི་སྦྱོར་བ་ཐམས་ཅད་ལ་རིགས་འགྲེ་ཤེས་པར་བྱའོ། །
       
གཉིས་པ་ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་ནི།
གཞན་ཡང་ཚིག་དོན་འོག་མ་ལས། །
བསྡུ་རྒྱུ་ཡོད་དམ་མེད་པ་དང་། །
གོང་མ་ལས་ཀྱང་དེ་བཞིན་ཏེ། །
རྣམ་གྲངས་དག་ཀྱང་བཀོད་པ་ལས། །
བསྐྱར་བ་ཡོད་དམ་མེད་པ་དང་། །
ཕོ་སྒྲ་དང་ནི་མོ་སྒྲ་དག །
མིང་གི་མཐའ་ན་ཡོད་མེད་དང་། །
རྒྱན་དུ་གྱུར་བ་རྣམས་ལ་ཡང་། །
དོན་ལ་བསྙེགས་པ་ཡོད་མེད་དང་། །
བསྟན་བྱ་ལྷག་མ་ཡོད་མེད་དང་། །
ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །
དེ་དག་གསེས་རྣམ་པར་དབྱེ། །
ཞེས་པ་སྟེ། གཞན་ཡང་ཚིག་དོན་གང་ཡིན་པ་དེའི་མཐར་སྦྱར་རྒྱུའི་ཕྲད་དང་རྣམ་དབྱེ་སོགས་དེའི་ཡང་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་པ་ནི་བཤད་ཟིན་པ་ལྟར་ལ། ཚིག་འོག་མ་སྔ་མ་ལ་ལྟོས་མི་དགོས་པའང་ཡོད་ཅིང་། ཚིག་དོན་འོག་མ་དེ་ཉིད་སྔ་མ་དང་མཚུངས་ཤིང་སྔ་མ་ལ་བསྡུ་རྒྱུ་ཡོད་ནས་ཕྱི་མར་བསྡུ་དགོས་པ་ཡིན་ན་ཚིག་སྔ་མ་ལ་སྡུད་པའི་ཚིག་ཕྲད་སྦྱར་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ལྟ་བུ། ཚིག་འོག་མ་སྔ་མ་དང་མི་མཚུངས་ཤིང་སྔ་མ་ཕྱི་མར་བསྡུ་མི་དགོས་ན་སྡུད་པའི་ཚིག་ཕྲད་མི་སྦྱོར་བ་དང་། ཚིག་དོན་གོང་མ་སྟེ་སྔ་མ་དེ་ཕྱི་མ་དང་མཚུངས་ཤིང་ཚིག་ཕྱི་མ་ལ་བསྡུ་རྒྱུ་ཡོད་པས་སྔ་མར་བསྡུ་དགོས་པ་ཡིན་ནའང་གོང་དུ་བཤད་པ་དེ་བཞིན་དུ་ཚིག་སྔ་མ་ལ་སྡུད་པའི་ཕྲད་སྦྱར་ཏེ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨོས་ལྟ་བུ། སྔ་ཕྱི་མི་མཚུངས་ཤིང་ཕྱི་མ་སྔ་མར་བསྡུ་དགོས་པ་མེད་ན་མི་སྦྱོར་བ་དང་། དེ་བཞིན་དུ། མཇུག་ཏུ་བྱ་ཚིག་ལྟ་བུ་ཡོད་ལ་ཚིག་དོན་སྔ་མ་དེ་ལ་ཕྱི་མ་བསྣན་དགོས་པ་ཡོད་ན་ཚིག་ཕྱི་མ་ལ་བསྣན་པའི་ཕྲད་སྦྱར་ཏེ། ནང་པར་མ་ཟད་ཕྱི་རོལ་པའང་ཤེས་པར་བྱ་ལྟ་བུ་སྟེ་འདི་ནི་སྡུད་པ་དང་ཆ་འདྲ་བས་ཤུགས་ཀྱིས་བསྟན་ཏོ་སྙམ་མོ། །ཚིག་ཕྱི་མར་མིང་ཚིག་གི་རྣམ་གྲངས་གཅིག་གམ་གཉིས་སམ་མང་པོ་བཀོད་པ་ལས་དེ་དག་ཡང་ཡང་བསྐྱར་བརྗོད་དགོས་ན་སྔ་མ་སྔ་མར་འབྱེད་སྡུད་ཀྱི་ཕྲད་སྦྱར་ཏེ། དོན་སྦྱར་བ། ཉི་འོད་ནི་གསལ་བ་འམ། སྣང་བའོ། །འཆི་མེད་དམ། རྣམ་སད་དམ། མིག་མི་འཛུམ་ནི་ལྷའོ། །ལྟ་བུ་དང་། ཚིག་བསྐྱར་བ། པདྨ་དཀར་པོ་འམ། པདྨ་དཀར་པ་ལྟ་བུའི་སེམས་དཔའ། ལྟ་བུ་དང་། ཚིག་དོན་གཉི་ག་བསྐྱར་བ། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། ལྟ་བུའོ། །མིང་གི་མཐར་ཕོ་སྒྲ་སྟེ་པུ་ལིངྒའི་སྒྲ་གསར་དུ་སྦྱར་བ་ཡོད་ན་མིང་མཐའ་དེ་བདག་པོའི་སྒྲར་འགྱུར་ལ། མེད་ན་མི་འགྱུར་བ་དང་། དེ་བཞིན་དུ་མིང་གི་ཐོག་མཐར་མོ་སྒྲ་སྟེ་སྟྲཱི་ལིངྒའི་སྒྲ་གསར་དུ་སྦྱར་བ་ཡོད་ན་དེ་ཉིད་དགག་པའི་སྒྲར་འགྱུར་ལ། མེད་ན་མི་འགྱུར་བ་དང་། ཕོ་མོའི་སྒྲ་དེ་དག་གསར་དུ་སྦྱར་བ་མ་ཡིན་པར་མིང་གི་མཐའ་ཉིད་ཡིན་པ་ཡོད་ན་དེའི་ངོ་བོ་གང་ཡིན་པ་དེ་ཉིད་སྒྲུབ་པའི་སྒྲར་འགྱུར་གྱི་བདག་པོ་དང་དགག་པའི་སྒྲར་མི་འགྱུར་ཏེ། རྟག་པ། དམ་པ། གསར་མ། བླ་མ་ལྟ་བུའོ། །ཚིག་དོན་སྔ་མ་དང་ཕྱི་མ་མཚུངས་པས་གཅིག་ཏུ་བསྡུ་རྒྱུ་ཡོད་ན། ཚིག་སྔ་མ་ལ་མཐུན་པའི་ཚིག་རྒྱན་སྦྱར་ཏེ། མཛེས་ཀྱང་མཛེས་ལ་འོད་ཀྱང་འཚེར། ལྟ་བུ། མི་མཐུན་པ་བསྡུ་ན་སྔ་མར་མི་མཐུན་པའི་ཚིག་རྒྱན་སྦྱར་ཏེ། འཇམ་ཡང་ཁྲོ། ལྟ་བུ། ཚིག་རྒྱན་དེ་གཉིས་ཀྱང་དོན་ལ་བསྙེགས་པ་སྟེ་དེས་དོན་སྟོན་དགོས་པ་ཡོད་ན་མི་སྦྱོར་དུ་མི་རུང་ཞིང་། ཚིག་མཛེས་པར་བྱེད་པའི་རྒྱན་ཙམ་ཡིན་ན་ནི་སྦྱོར་མི་སྦྱོར་གང་ཡང་རུང་བ་དང་། བསྟན་བྱ་དེ་ལྷག་མ་ཡོད་ན་ཚིག་སྔ་མ་དེར་ལྷག་བཅས་ཀྱི་ཕྲད་འཇུག་སྟེ། རྒྱས་བཏབ་སྟེ་བཞག་ལྟ་བུ་དང་། བསྟན་བྱ་ལྷག་མ་མེད་པས་ཚིག་དེས་དོན་དེ་བཤད་ཟིན་པ་ཡིན་ན་སླར་བསྡུའི་ཕྲད་སྦྱར་ཏེ། རྟག་གོ །སོང་ངོ་། །ཡོད་དོ། །བསྟནད་ཏོ། །ལྟ་བུ་སྟེ་ནང་གསེས་སུ་ཕྲད་དང་རྣམ་དབྱེ་རྣམས་ཇི་ལྟར་སྦྱོར་བའི་ཚུལ་ཞིབ་ཏུ་རྣམ་པར་དབྱེ་བའི་སྒོ་ནས་སྦྱར་བར་བྱའོ། །ཞེས་པའོ། །
      
བཞི་པ་རྗེས་འཇུག་གི་ཡི་གེ་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་འཆད་པ་ལ་གཉིས། རྗེས་འཇུག་གི་དགོས་པ་དངོས་བཤད་པ། ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པའོ། ། དང་པོ་ནི།
ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །
ཡི་གེའི་ཁོང་ནས་མིང་དབྱུང་སྟེ། །
མིང་གི་ཁོངས་ནས་ཚིག་ཕྱུངས་ནས། །
ཚིག་གིས་དོན་རྣམས་སྟོན་པར་བྱེད། །
ཅེས་པ་སྟེ། རྗེས་འཇུག་གི་ཡི་གེ་དེ་རྣམས་དགོས་པ་ཅིའི་ཕྱིར་འཇུག་ན། སྔོན་འཇུག་གི་ཡི་གེ་དེ་དག་ཡོད་དམ་མེད་ཀྱང་རུང་མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་མང་པོ་ཞིག་ཚེག་བར་གཅིག་ཏུ་འདུས་ཀྱང་། རྗེས་འཇུག་གི་ཡི་གེ་གང་རུང་ཞིག་མ་ཞུགས་ན་བོད་ཀྱི་བརྡ་ཡང་དག་པར་སྟོན་ནུས་པའི་མིང་དུ་གྲུབ་པ་མི་སྲིད་པས་ཡི་གེའི་ཁོངས་ནས་མིང་དབྱུང་བའི་ཕྱིར་རྗེས་འཇུག་རྣམས་འཇུག་པ་དང་། རྗེས་འཇུག་ཞུགས་པའི་མིང་དེ་ཡང་གཅིག་གམ་གཉིས་སམ་མང་པོ་ཞིག་དཀྱུས་གཅིག་ཏུ་སྦྲེལ་ཡང་དོན་གང་ཡིན་པ་དེ་གསལ་བར་བྱེད་པའི་རྣམ་དབྱེ་དང་ཚིག་ཕྲད་རྣམས་མ་ཞུགས་ན་དོན་གྱི་ཁྱད་པར་བརྗོད་པའི་ཚིག་ཏུ་འགྲུབ་པ་མི་སྲིད་ཅིང་། ཕྲད་དང་རྣམ་དབྱེ་དེ་དག་ཀྱང་གཙོ་བོར་རྗེས་འཇུག་ལ་ལྟོས་ཤིང་འཇུག་པས་མིང་ལས་ཚིག་དབྱུང་བའི་ཕྱིར་འཇུག་པ་དང་། ཚིག་ཏུ་གྲུབ་ཟིན་པ་དེ་དག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཇི་སྙེད་པ་མཚོན་ཅིང་རྗོད་པར་བྱེད་པས། དེའང་རྗེས་འཇུག་ཞུགས་པའི་དགོས་པ་ལས་བྱུང་བ་ཡིན་ནོ། །འདིར་ཡི་གེ་གཉིས་སམ་མང་པོ་འདུས་པས་དོན་གྱི་ངོ་བོ་ཙམ་སྟོན་པ་ནི་མིང་། དེ་ལ་རྣམ་དབྱེ་དང་ཕྲད་རྣམས་སྦྱར་བས་དོན་གྱི་ཁྱད་པར་གོ་ནུས་པ་ཚིག་གོ །དེ་མང་དུ་འདུས་པས་ངག་གི་ཕྲེང་བར་གྱུར་བ་ནི་བརྗོད་པ་ཞེས་བྱའོ། །དཔེར་ན། ལྷ་མི་སངས་ལྟ་བུ་མིང་། ལྷ་རྣམས་ཀྱིས་ལྟ་བུ་ཚིག ལྷ་རྣམས་ཀྱིས་འཇིག་རྟེན་དུ་དུས་དུས་སུ་ཆར་འབེབས་པར་བྱེད་དོ་ལྟ་བུ་ནི་བརྗོད་པ་སྟེ། མིང་ཚིག་བརྗོད་པ་ཐམས་ཅད་དེས་རིགས་བསྒྲེ་ཤེས་པར་བྱའོ། །
       གཉིས་པ་ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་ལ་གཉིས། ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་བཤད་པ་དང་། ཡི་གེའི་སྦྱོར་བ་སྟོན་པའི་བསྟན་བཅོས་འདི་བརྩམས་པའི་དགོས་པ་བཤད་པའོ། །དང་པོ་ལའང་གཉིས། དགོས་པ་ལྡོག་ཕྱོགས་ནས་བསྟན་པ་དང་། ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པའོ། །དང་པོ་ནི།
མོ་ཡི་ཡི་གེ་མེད་པ་ན། །
ཕོ་ཡིག་བརྗོད་པ་མེད་པར་འགྱུར། །
ཕོ་ཡིག་དེ་དག་རྣམས་ལ་ཡང་། །
འཇུག་པར་བཅས་པ་མེད་ན་ནི། །
མིང་དང་ཚིག་ཀྱང་གསལ་མི་ནུས། །
མིང་ཚིག་གསལ་བ་མེད་ན་ནི། །
དོན་རྣམས་བརྗོད་པར་མི་འགྱུར་རོ། །
ཞེས་པ་སྟེ། མོ་ཡི་ཡི་གེ་གི་གུ་སོགས་སུ་གྱུར་བའི་ཨཱ་ལི་བཞི་པོ་གལ་ཏེ་མེད་ན། ཕོ་ཡིག་ཀཱ་ལི་དེ་དག་གིས་དོན་སྟོན་ནུས་པའི་བརྗོད་པ་མེད་པར་གྱུར་ལ། ཕོ་ཡིག་དེ་དག་ལའང་འཇུག་པར་བཅས་པ་སྟེ་རྗེས་འཇུག་བཅུ་པོ་མེད་ན་ནི་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དོན་གྱི་ཁྱད་པར་བརྗོད་པའི་ཚིག་ཀྱང་གསལ་བར་བྱེད་མི་ནུས་ཤིང་། མིང་ཚིག་གསལ་བར་གྱུར་བའི་བརྡ་འམ་ཐ་སྙད་དེ་མེད་ན་ནི། འཇིག་རྟེན་དུ་དོན་རང་དང་གཞན་ལ་མཚོན་ནུས་པའི་བརྗོད་པ་རྣམས་ཀྱང་ཡོད་པར་མི་འགྱུར་ཏེ། སྙན་ངག་ལས།
གལ་ཏེ་སྒྲས་བོད་སྣང་བ་ཡིས། །
འཁོར་བ་གསལ་བར་མ་བྱས་ན། །
འཇིག་རྟེན་གསུམ་པོ་མཐའ་དག་འདི། །
སྨག་རུམ་མུན་པ་ཉིད་དུ་འགྱུར། །
ཞེས་བཤད་པ་བཞིན་ནོ། །
གཉིས་པ་ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ་ནི།
དེ་ལྟར་གྱུར་ན་འཇིག་རྟེན་དུ། །
དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །
རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །
ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །
བསླབ་པ་རྣམས་ཀྱང་མེད་པར་འགྱུར། །
ཞེས་པ་སྟེ། མིང་ཚིག་བརྗོད་པ་དེ་དག་མེད་པ་དེ་ལྟར་གྱུར་ན། འཇིག་རྟེན་དུ་དོན་མཚོན་པའི་བརྗོད་པ་སྟེ་ལུང་དུ་སྟོན་པའི་བརྗོད་པ་ཐམས་ཅད་མེད་པར་གྱུར་ཞིང་། དེ་མེད་པས་འཇིག་རྟེན་དང་ཐུན་མོང་བ་ཤེས་བྱའི་གནས་ཇི་སྙེད་པའི་རིག་བྱེད་སྨྲ་བའང་ཡོད་པར་མི་འགྱུར་ལ། འཇིག་རྟེན་ལས་འདས་པའི་ཤེས་བྱ་ཉན་ཐོས་ཀྱི་བསླབ་པ་དང་། རང་སངས་རྒྱས་ཀྱི་བསླབ་པ་དང་། སངས་རྒྱས་ཀྱི་བསླབ་པ་རྣམས་ཀྱང་མེད་པར་འགྱུར་རོ། །ཞེས་པ་སྟེ་དགོས་པ་དང་ཉིང་དགོས་དེ་དག་ཡོད་པ་ལས་ལྡོག་པའི་ཕྱོགས་ནས་དངོས་སུ་བསྟན་པ་ཡིན་ལ། ཤུགས་ལ་མེད་པ་ལས་ལྡོག་པའི་དགོས་པ་དང་ཉིང་དགོས་བསྟན་ཏེ། མིང་ཚིག་ཡི་གེའི་སྦྱོར་བ་ལ་བརྟེན་ནས་བརྗོད་པ་ཐམས་ཅད་འབྱུང་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྗོད་པ་གསལ་བར་འགྱུར་བ་ནི་དགོས་པ། དེ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསླབ་པ་ཐམས་ཅད་འབྱུང་ཞིང་། དེས་བླང་དོར་གྱི་གནས་རྟོགས་པར་བྱས་ཏེ་འཇིག་རྟེན་ཚེ་འདི་ཁོ་ནའི་དོན་དང་། འཇིག་རྟེན་ལས་འདས་པ་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བ་ནི་ཉིང་དགོས་ཡིན་ནོ། །དེ་དག་ཀྱང་ཕྱི་མ་ཕྱི་མ་སྔ་མ་སྔ་མ་དང་འབྲེལ་ཞིང་། ཐམས་ཅད་ཀྱི་རྩ་བ་ནི་མིང་ཚིག་ཡི་གེའི་སྦྱོར་བ་ཉིད་ཡིན་ནོ། །
       
གཉིས་པ་ཡི་གེའི་སྦྱོར་བ་སྟོན་པའི་བསྟན་བཅོས་འདི་བརྩམས་པའི་དགོས་པ་ལ་གཉིས། དགོས་པ་དངོས་དང་། དེ་འགྲུབ་པར་སྨོན་པའོ། །དང་པོ་ནི།
ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས། །
ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །
གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །
རང་ཉིད་ཀྱིས་ནི་མི་ཤེས་བཞིན། །
དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །
སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །
རང་ཚུལ་དེ་ཉིད་མི་ཤེས་པས། །
དོན་ལ་སྦྱོར་བ་ག་ལ་ཤེས། །
དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །
རྗེས་སྨྲས།
ཞེས་པ་སྟེ། དཔེ་ཇི་ལྟར་ན་འཇིག་རྟེན་གྱི་སེམས་ཅན་ལ། གཟུགས་ལ་སོགས་པའི་ཕུང་པོ་དང་། མིག་གི་ཁམས་ལ་སོགས་པའི་ཁམས་དང་། མིག་གི་སྐྱེ་མཆེད་ལ་སོགས་པའི་སྐྱེ་མཆེད་རྣམས་རང་རང་ལ་ཐོག་མ་མེད་པའི་དུས་ནས་རང་ཆས་སུ་ཡོད་ཅིང་། དེ་དག་སྟོན་བྱེད་གྲུབ་པའི་མཐའ་གྲངས་ཅན་པའི་དེ་ཉིད་ཉེར་ལྔ་དང་། ནང་པའི་ཐེག་ཆེན་ལུགས་རྣམ་ཤེས་ཚོགས་བརྒྱད་སོགས་གཞན་མང་དུ་ཡོད་ཀྱང་། གཞན་གྱིས་ཕུང་པོ་ནི་འདི་དང་འདི་ལྟ་བུའོ་ཞེས་པ་ལ་སོགས་པས་མ་བསྟན་པར་རང་ཉིད་ཀྱིས་དེ་དག་གི་ཚུལ་འདི་ལྟ་བུ་ཞིག་ཡིན་ཅེས་རྣམ་པར་གཞག་མི་ཤེས་པ་དེ་བཞིན་དུ། ཡི་གེའི་སྦྱོར་བའང་ཡུལ་གང་ཡིན་པ་དེའི་སྨྲ་བ་སྟེ་སྐད་ཀུན་ལ་རྟག་ཏུ་གནས་ཀྱང་། གཞན་གྱིས་བརྡ་མ་སྤྲད་པར་རང་ཉིད་ཀྱིས་དེ་ཡི་སྦྱོར་བའི་ཚུལ་ཤེས་པ་མ་ཡིན་པས། དེ་མ་ཤེས་པས་དོན་ལ་སྦྱོར་བ་ག་ལ་ཤེས་ཏེ་མི་ཤེས་སོ། །རྒྱུ་མཚན་དེའི་ཕྱིར་བོད་ཀྱི་ཡི་གེའི་སྦྱོར་བ་འཕགས་ཡུལ་གྱི་སྨྲ་བའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་བརྡ་སྤྲོད་པ་ལ་སོགས་པ་འཆད་པའི་ཚུལ་གྱི་རྗེས་སུ་འབྲངས་ནས་ཐུ་མི་བདག་གིས་སྨྲས་པ་ཡིན་ནོ། །ཞེས་པའོ། །
       
གཉིས་པ་དགོས་པ་དེ་འགྲུབ་པར་སྨོན་པ་ནི།
འདི་ཀུན་རྟོགས་གྱུར་ཅིག །
ཅེས་པ་སྟེ། དེ་ལྟར་བཤད་པའི་ཡི་གེའི་སྦྱོར་བ་འདི་དག་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་བདེ་བླག་ཏུ་རྟོགས་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་རྨོངས་པ་མེད་པའི་བློ་གྲོས་དང་ལྡན་ཏེ། ཤེས་བྱ་ཐམས་ཅད་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ནས། ཉིང་དགོས་ཁྱད་པར་ཅན་དེ་རྣམས་ཀྱང་འགྲུབ་པར་གྱུར་ཅིག ཅེས་པའོ། །དེ་ལྟར་རྟགས་ཀྱི་འཇུག་པ་བཤད་ཟིན་ཏོ། །
རྨོངས་པའི་མཚན་མོ་དང་འགྲོགས་ཉོན་མོངས་ཀྱི། །
མུན་པ་སེལ་བར་བགྱིད་པའི་སྣང་བ་ནི། །
ཤེས་བྱའི་མཚན་ཉིད་རྟོགས་པའི་ཉིན་མོ་ན། །
འབྱུང་བར་རྒྱལ་བ་རྐང་གཉིས་གཙོ་བོས་གསུངས། །
ཡོན་ཏན་གཞི་མ་ཡི་གེའི་སྦྱོར་བ་ཞེས། །
བྲག་ཅ་གཏམ་དུ་སྒྲོགས་ཀྱང་མ་སྦྱངས་པར། །
རྟོགས་པར་རློམ་ན་འཆད་རྩོད་རྩོམ་པ་ཕལ། །
རི་མོའི་བ་ལས་འོ་མ་འཇོ་བ་ཉིད། །
དོན་གཉེར་བློ་ཅན་ངལ་བ་བཟོད་བགྱིད་པས། །
རྟོགས་པར་འགྱུར་མོད་དེང་སང་གྲགས་པ་ཙམ། །
རེ་བས་བླང་དགོས་ངལ་ན་བཏང་དགོས་པ། །
མཛེ་ཡིས་ཤི་བའི་སྐྱེ་བདུན་རོ་ལེན་བཞིན། །
དེ་སླད་རང་ཉིད་ངལ་བ་ཙམ་གྱུར་ཀྱང་། །
ཚད་མར་གྱུར་པའི་དམ་པ་དག་གི་བཀའ། །
མགྲིན་པ་བཟང་པོས་གསེར་གྱི་རྒྱན་བཞིན་དུ། །
བླངས་ཏེ་སྙེམས་པས་མ་ཡིན་འདི་བྱས་སོ། །
རབ་དཀར་དགེ་བའི་ཟླ་བ་སྲིད་ཞིའི་ཁམས། །
སྣང་བྱེད་ཡོངས་བསྡོའི་འོད་ཟེར་རབ་འབར་བ། །
དཔལ་གྱི་འདབ་མ་བཞིན་དུ་བསིལ་བ་དེས། །
རང་དང་གཞན་ལ་སྨན་པ་སྦྱིན་གྱུར་ཅིག །
ཅེས་པ་འདིའང་ཁྱབ་བདག་བླ་མ་འཇམ་མགོན་ཏཱའི་སི་ཏུ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་བླ་མ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་ལྷན་རྒྱས་པའི་ཞལ་སྔ་ནས་ཀྱི་བཀའ་སྩལ་སྤྱི་བོར་མཆོད་དེ། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་བཀའ་དྲིན་གྱིས་འཚོ་བ་ཀརྨ་སྨོན་ལམ་འོད་ཟེར་ལྷག་བསམ་བསྟན་པའི་རྒྱལ་མཚན་གྱིས་རྗེ་བཙུན་དྷརྨཱ་ཀ་རའི་འགྲེལ་ཆེན་ལ་གཞི་བྱས་ཤིང་། མདོར་བསྡུས་སུ་དམིགས་ནས་གོ་སླ་བའི་ཚིག་སྦྱོར་ཅི་རིགས་པ་བགྱིས་ཏེ་སྦྱར་བ་ལ། སླད་ནས་ཀྱང་འཕྲི་བསྣན་འོས་པ་རྣམས་ཞིབ་མོར་བགྱིས་པ་འདིས་ཀྱང་གཞན་ལ་ཕན་པ་འབྱུང་བར་གྱུར་ཅིག འདི་ནི་རྒྱས་བཤད་ཀྱིས་འཇིགས་པ་རྣམས་ལ་སྨན་པའི་བསམ་པས་བགྱིས་པ་ཡིིན་གྱི་རྣམ་དཔྱོད་ཕུལ་དུ་བྱུང་བ་རྣམས་ནི་ཀུན་གཟིགས་ཆོས་ཀྱི་འབྱུང་གནས་ཀྱི་འགྲེལ་ཆེན་ཉིད་ལ་འཇུག་པར་བྱ་བ་ལས་འདི་ལ་ཡིད་བརྟོན་པར་མི་བྱའོ། །
དཔལ་ལྡན་ཤེས་བྱ་ཡོངས་ཀྱི་བང་མཛོད་སྒོ། །
འབྱེད་བྱེད་འཕུལ་གྱི་སྡེའུ་མིག་འདི་མེད་པར། །
བློ་གྲོས་ནོར་ལ་རང་དབང་བགྱིད་འདོད་པ། །
མི་མ་ཡིན་པའི་གདོན་གྱིས་སྨྱོས་སམ་ཅི། །
མཐའ་ཡས་ཤེས་བྱ་རྒྱ་མཚོའི་འཁོར་བསྒྱུར་ལ། །
རིན་ཆེན་འཁོར་ལོ་འབར་བ་འདི་ཡིན་པས། །
ཆོས་ཚུལ་ཡོངས་ཀྱི་ཤིང་རྟ་གང་འདི་ལ། །
ཐོས་དང་བསམ་པ་དག་གིས་བསྟེན་པར་རིགས། །
དེ་སླད་ཡོངས་རྫོགས་དགེ་བའི་བཤེས་གཉེན་ཆེ། །
བླ་མ་བཀྲ་ཤིས་ཐུགས་བསྐྱེད་གདེངས་ཅན་ཆུས། །
བརླན་པའི་རིག་ལམ་པདྨོའི་འཛུམ་ཕྲེང་ཅན། །
ཤེས་བྱ་བྱེ་བ་ཕྲག་བརྒྱའི་མ་མར་བསྐྲུན། །
དེ་ལས་ཐོབ་པའི་རབ་དགེ་གང་ཡིན་པས། །
མཐའ་ཡས་རིག་པའི་ཆོས་ཁམས་མ་ལུས་པ། །
ཀུན་ནས་ཆུད་པ་མཁས་པ་འཆི་མེད་ལམ། །
འགྲོ་བའི་གནས་འདིར་ནམ་ཡང་རྟག་གྱུར་ཅིག །
སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།
བསྟན་ལ་ཉེར་གུས་ཚེ་དབང་རྒྱྱལ་མཚན་ནས། །
བསྟན་འགྲོར་སྨན་པའི་ལྷག་བསམ་རྣམ་དག་གིས། །
བསྟན་བཅོས་འདི་ཉིད་པར་བསྐྲུན་རྣམ་དཀར་དགེ །
བསྟན་པ་ཡུན་རིང་གནས་པའི་རྒྱུར་གྱུར་ཅིག །

༼ བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྩ་བ་དང་དེའི་འགྲེལ་པ་ཚིག་དོན་བཀྲལ་བ་ལེགས་བཤད་སྣང་བ་དམ་པ་དང་རྣམ་འགྲེལ་ལྷག་བསམ་དཀར་པོ་བཅས་བཞུགས་སོ། །ཝཱཎ་བཛྲ་བིདྱ་དཔེ་མཛོད་ཁང་། དཔར་ལོ། ༢༠༠༢ ཤོག་ངོས། ༧ - ༨༧ ༽

 ཟིགས་ཆོས་ཀྱི་འབྱུང་གནས་ཀྱི་འགྲེལ་ཆེན་ཉིད་ལ་འཇུག་པར་བྱ་བ་ལས་འདི་ལ་ཡིད་བརྟོན་པར་མི་བྱའོ། །

No comments:

Post a Comment