Tuesday 9 April 2013

༄༅། །ཞབས་བརྟན་སྟོབས་བཅུ་དཔལ་རྫོགས་མ་བཞུགས་སོ།།

སྟོབས་བཅུ་དཔལ་དུ་རྫོགས་པའི་ཡེ་ཤེས་ཁམས།། ཟླ་བཞིན་ལང་ཚོ་སྨིན་པའི་འཇོ་སྒེག་སྐུ།། མཐར་བྱེད་སྟོབས་འཕྲོག་ཡིད་བཞིན་འཁོར་ལོ་ཡིས།། རྟག་བརྟན་ཚེ་བཅུད་སྣང་བ་དཔྱིད་དུ་སྩོལ།། བྱམས་དང་སྙིང་རྗེའི་རྩལ་རྫོགས་གདོང་ལྔ་པ།། ཆོས་ཚུལ་འཆད་རྩོད་རྩོམ་པས་འཛིན་པ་ལ།། ཕྱོགས་གླང་གྲགས་པའི་རྗེས་འགྲོ་མཁས་པའི་དབང་།། མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས།། 

ཕུལ་བྱུང་ལུང་དང་རྟོགས་པའི་འོད་སྟོང་གིས།། བློ་བཟང་བསྟན་པའི་རི་གླིང་གསལ་བྱེད་ཅིང་།། ལོག་སྨྲའི་མུན་པ་དྲུང་ནས་འབྱིན་བྱེད་པའི།། སྨྲ་བའི་ཉི་མ་མཆོག་ཁྱེད་རྒྱལ་གྱུར་ཅིག། མི་ཤིགས་རྡོ་རྗེའི་གཤིས་སུ་རྫོགས་པ་ཡི།། ཆོས་ཀྱི་ཁྲི་ལ་སྲིད་པ་ཇི་སྲིད་བར།། མགོན་ཁྱོད་ཞབས་སེན་ནོར་བུའི་འོད་ཆགས་པ།། གཡོ་མེད་རྡོ་རྗེ་སྐྱིལ་ཀྲུང་བརྟན་གྱུར་ཅིག། འཆད་པ་བདུད་རྩིའི་གྲུ་ཆར་ལྟར་ཕབས་པས།། གདུལ་བྱའི་ཞིང་སར་དགེ་ལེགས་མྱུ་གུ་ནི།། ངེས་ལེགས་འབྲས་བུ་ཡོངས་སུ་དུད་མཛད་པའི།། མཁན་མཆོག་ལྷ་ཡི་དབང་པོ་ཞབས་བརྟན་གསོལ།། ཡབ་རྗེ་རིང་ལུགས་པདྨ་དཀར་པོའི་ཚལ།། ལོག་པར་སྨྲ་བ་སྨྲ་བའི་མཚོན་རྣོན་གྱིས།། གཞོམ་ལ་བརྩོན་པའི་ཕས་རྒོལ་གླང་སྨྱོན་འབུམ།། མཐར་བྱེད་བརྩོན་པའི་སེངྒེ་ཞབས་བརྟན་ཤོག། མཚོ་བྱུང་ངང་མོར་མགྲིན་མཚོར་རོལ་པའི་དབྱངས།། སྙན་མགུར་བྱེ་བའི་དྲན་དབང་ཐ་དག་གིས།། ཡི་ག་འཇོ་བའི་ལེགས་བཤད་རིན་ཆེན་སྟེར།། དཔལ་ལྡན་དཔའ་བོ་གཉིས་པ་ཞབས་བརྟན་ཤོག། ཤིན་ཏུ་ཉམས་དགའ་ཐར་པའི་ཕོ་བྲང་ཆེར།། ཚེགས་མེད་བགྲོད་པ་མྱུར་བའི་ཉེ་ལམ་མངོན།། འགྱུར་མེད་བདེ་དང་སྟོང་པའི་མཉམ་སྦྱོར་ཐུགས།། བསྒྲུབ་བྱེད་ལམ་སྟོན་ཆེན་པོ་ཞབས་བརྟན་ཤོག། བརྒྱད་གཉིས་ལང་ཚོ་མཛེས་པའི་འོད་གསལ་ཡུམ།། གཡས་གཡོན་ཉི་ཟླའི་ཁམས་དང་ལྷན་ཅིག་ཏུ།། ཆོས་འཁོར་རྩིབས་བརྒྱད་དབུས་ཀྱི་དྷུ་ཏིའི་ན།། འཁྲིད་པའི་ས་མཁན་དམ་པ་ཞབས་བརྟན་ཤོག། སྟོང་ཆེན་དབྱིངས་ལས་བྱུང་བའི་འོད་ལྔའི་སྤྲིན།། འདི་ནི་སྒྱུ་མའི་དངོས་དང་མཚུངས་སོ་ཞེས།། སྦས་དོན་གསལ་བའི་རྡོ་རྗེ་སློབ་དཔོན་ཆེ།། སྲིད་མཐའི་བར་དུ་རྡོ་རྗེའི་ལང་ཚོར་རོལ།། ནམ་ཡང་འགོག་མེད་འཕྲིན་ལས་ཉི་མའི་འོད།། དུས་ཀུན་ཕྱོགས་སུ་འཇུག་པ་ཆེས་མྱུར་ཞིང་།། ས་གསུམ་ཡོངས་ལ་ལི་ཁྲིའི་ཚོན་བྱིན་པའི།། བློ་བཟང་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག། ཆོས་རྣམས་རང་བཞིན་སྟོང་པའི་མཁའ་དབྱིངས་ངོས།། དད་དམ་མོས་པའི་མཐུ་ཡིས་ལེགས་བཀོད་པའི།། རྟེན་འབྱུང་གོམས་པ་མེད་པའི་རྡོ་རྗེ་ཁྲིར།། སྲིད་མཐའི་བར་དུ་ཡུན་དུ་གསལ་གྱུར་ཅིག། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།། ཅི་མཛད་ལེགས་པར་མཐོང་བས་མོས་གུས་ཀྱིས།། བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། 


No comments:

Post a Comment