Sunday 24 March 2013

དུང་སེམས་མ་བཅོས་གླུ་སྒྲ།

གནག་ཅིང་སྣུམ་པའི་དབུ་སྐྲ་སིལ་མ་ཡིས།།
ཡིད་འོང་མཉམ་ཞིང་མཛེས་པའི་སྐུ་སྟོད་ཁེབས།།
མཛེས་སྡུག་བཞིན་གྱི་སྟོན་མཚན་ཟླ་བའི་གཟིས།།
མྱོས་པའི་སྙིང་གི་ཀུནྡ་ཅི་ཡང་འཛུམ།།

དབང་པོའི་གཞུ་རིས་ལ་འགྲན་མིག་གི་དཀྱུས།།
གཡོ་བའི་ཉམས་ཀྱིས་རིང་པོར་བལྟ་བའི་ཚེ།།
ཆགས་ལྡན་ཡིད་ཀྱི་བརྟན་པ་གསེར་མིག་ཅན།།
དབང་མེད་འགུགས་པར་བྱེད་པ་ལྕགས་ཀྱུའི་ཟླ།།


བྱུ་རུའི་མཆུ་སྒྲོས་དམར་བའི་ཞལ་ཁྱིམ་ནས།།
དཀར་མཛེས་སོ་ཡི་ཕྲེང་བ་དྲི་ཞིམ་དང་།།
ལྷན་དུ་བརྩེ་དགའི་ཚིག་སྙན་ག་བུར་གཏམ།།
ངོ་མཚར་སྙིང་ལ་སིམ་པའི་ཚོར་བ་སྟེར།།

ལྟ་ན་སྡུག་པའི་དབྱིབས་ལེགས་རྣ་བའི་རྩེར།།
ཟུར་གསུམ་འོད་ཀྱིས་འཁྱུད་པའི་རྣ་རྒྱན་གྱིས།།
མཛེས་པའི་འདྲེན་བྱེད་ཡུལ་གྱི་དགའ་སྟོན་འདི།།
ལྷ་ཆེན་མེས་པོས་བསྐྲུན་པར་བྱས་སམ་ཅི།།

སེན་རྗེས་མ་ཕབ་ཟླུམ་ཞིང་རྒྱས།།
ནུ་འབུར་གཡོ་བའི་དགའ་སྟོན་གྱིས།།
བསླབ་གསུམ་རྒྱན་རྣམས་དམར་བྱས་ཤིང་།།
དཀའ་ཐུབ་བརྟེན་རྣམས་དགའ་བས་མྱོས།།

ཁྲིལ་ལྡེམ་དལ་གྱིས་འཆག་པའི་ཚེ།།
རི་མོ་གསུམ་པའི་འཕོངས་ཚོས་དག།།
ཟླུམ་ཞིང་རྒྱས་པའི་གཡོ་འགུལ་གྱིས།།
བཟོད་མེད་སྙིང་ལ་ངལ་བ་སྦྱིན།།

སྒེག་འགྲོས་སྣོལ་མའི་གླང་ཆེན་གྱི།།
པདྨའི་རྐང་རྗེས་ནོར་འཛིན་མར།།
བཀོད་ཚེ་བདག་སེམས་བྷྲ་མ་ར།།
རོལ་འདོད་དབུགས་ཀྱི་རྒྱུ་བ་བྲེལ།།

མཛེས་ཞལ་དཀར་མར་མཚོན་གྱིས་བྱུག་པ་མེད།།
དོན་མེད་གཏམ་གྱིས་གཞན་སེམས་དཀྲུགས་པ་མེད།།
ངག་འཕྲུལ་གཡོ་སྒྱུས་གཞན་མགོ་བསྐོར་བ་མེད།།
ཀུན་གྱི་སྙིང་སྡུག་ལྷན་སྐྱེས་ཡོན་ཏན་རྫོགས།།

དྲི་གཞོན་གྱིས་བསྐྱོད་དབུ་སྐྲ་ཉག་མས་སྟག་ཤར་ཀུན་གྱི་ཡིད་སེམས་འཆིང་།།
ཡིད་འོང་འདོད་འཇོའི་ནུ་འབུར་ཟུང་གིས་སོ་ཐར་ཁྲིམས་ཀྱི་འཆིང་བ་ལྷོད།།
མཉེན་འཇམ་བརླ་ཡི་གཡོ་འགུལ་རེ་རེས་སྒྱུ་མའི་རོ་གར་ཅི་ཡང་བསྟན།།
འཇོ་སྒེ་ལུས་ཀྱི་རྣམ་འགྱུར་རེ་རེས་འཇིག་རྟེན་གསུམ་ལས་རྒྱལ་བར་སྤོབས།།

མ་བཅོས་སྐེད་སྐབས་ཕྲ་ལ་འཁྱོག །
རང་བྱུང་གར་གྱི་སྒྱུ་རྩལ་ལྡན།།
ལྔ་ཟུང་ལག་པའི་སོར་མོ་རྣམས།།
འཇམ་མཉེན་པདྨའི་རྩ་ལག་བཞིན།།

སྙིང་གི་སྡུ་གུ་མདོངས་མཐའ་མས།།
ལང་ཚོའི་སྒྲོ་གུར་ངོམ་པའི་ཚེ།།
དུང་སེམས་ཆུ་འཛིན་ཀློང་རོལ་ནས།།
མཛའ་བརྩེའི་སྤྲིན་སྒྲ་སྒྲོག་ལ་རིངས་།།

ཕྱི་ལོ་༢༠༠༨ །༡༢ །༢༩ ཉིན། 



3 comments:

  1. This comment has been removed by the author.

    ReplyDelete
  2. བཀྲ་ཤིས་བདེ་ལེགས།

    ReplyDelete
  3. བཀྲ་ཤིས་བདེ་ལེགས།

    ReplyDelete