Saturday 13 April 2013

ངས་ཁྱེད་ལ།

ངས་ཁྱེད་ལ། ནམ་ཡང་བྲལ་དུ་མེད་པའི་སྙིང་དབུས་ཀྱི་བརྩེ་དུང་དེ་གླེང་ན་འདོད། ཁོང་ཁྲོ་དང་། ཞེ་སྡང་། སྐྱོ་གདུང་དང་། ཕམ་ཁ། ཐ་ན་ང་གཉིས་དབར་གྱི་རྩོད་རྙོག་ཀྱང་འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་གཅིག་པུ་དེ་ཡིན་པ་ཐེ་ཚོམ་མེད།

ངས་ཁྱེད་ལ། ནམ་ཡང་བསླུ་བ་མེད་པའི་བརྩེ་དུང་དེ་གླེང་ན་འདོད། མི་ཚེ་མཉམ་བསྐྱེལ་དང་། ལུགས་མཐུན་གྱི་གཉེན་སྒྲིག གཅེས་པའི་བུ་ཕྲུག་སྐྱེས་ཀྱང། ངས་ཁྱེད་ལ་དམ་དུ་འཁྲིལ་ཞིང་འཐམ་འཁྱུད་ཀྱིས་ཞིམ་པོའི་འོ་ལ་རོལ་བཞིན། སྐྱིད་པའི་གཉིད་ཀྱི་ཞིང་ཁམས་སུ་འགྲིམ་པར་འདོད།
ངས་ཁྱེད་ལ། ནང་ཡང་གས་ཆག་མེད་པའི་བརྩེ་དུང་དེ་གླེང་ན་འདོད། ཇི་ཙམ་བྲེལ་ཞིང་། ཇི་ཙམ་ངལ་ཡང་། རང་གཉིས་ཀྱི་མཛའ་བརྩེའི་འཛུམས་མདངས་དེ་གཞན་གྱི་མཐོང་ཡུལ་ནས་ནམ་ཡང་ཡལ་མི་སྲིད།
ངས་ཁྱེད་ལ། ནམ་ཡང་མགོ་སྐོར་དང་བསླུ་བྲིད་མེད་པའི་བརྩེ་བ་དེ་གླེང་ན་འདོད། དེ་ནི་ང་དང་ཁྱེད་ཁོ་ནའི་བརྩེ་དུང་ཡིན། སླུ་བྲིད་མེད། ཁ་བྲལ་མེད། སྙིང་ནད་མེད།
ངས་ཁྱེད་ལ། ནམ་ཡང་ཕོག་ཐུག་མེད་པའི་བརྩེ་དུང་དེ་གླེང་ན་འདོད། སེམས་ཁོངས་ཀྱི་བརྩེ་དུང་སྟེ། ཁྱེད་དང་ང་ལག་པའི་ནང་ལག་པ་བཞག་ཅིང་། སེམས་པའི་ནང་སེམས་པ་ཉར་བཞིན་ད་ནས་བཟུང་ནམ་ཡང་མཉམ་དུ་འགྲོ།
ངས་ཁྱེད་ལ། རིན་ཐང་བྲལ་བའི་བརྩེ་དུང་དེ་གླེང་ན་འདོད། སྐྱིད་སྣང་དང་། སེམས་སྡུག མིག་ཆུ་སོགས་ཡོད་ཚད་བསམ་ཤེས་དང་ལྷན་དུ་དགའ་སྡུག་གི་མི་ཚེ་བསྐྱེལ་འགྲོ། དུས་ཀྱི་ཆུ་མོ་དང་ལྷན་དུ་བཞུར་གྱིན་པའི་ང་གཉིས་ཀྱི་དགའ་སྐྱོའི་ཚོར་སྣང་སྐྱེན་པོ་ལས་ཚོར་བ་བར་མ་ཞིག་གིས་ནམ་ཡང་འཚང་འཛུལ་ཐེབས་མི་སྲིད།
ངས་ཁྱེད་ལ། ནམ་ཡང་འགྱུར་མེད་ཀྱི་བརྩེ་དུང་དེ་གླེང་ན་འདོད། དུས་ཇི་སྲིད་བར་སྐྱིད་སྡུག་མཉམ་མྱོང་དང་། ན་རྒས་འཆི་ལ་ཐུག་ཀྱང་། འཇམ་པའི་ངག་གིས་སྨྲ་ཞིང་། འཛུམ་པའི་བཞིན་གྱིས་བསུ། ཁྱེད་དང་ང་ལག་ཟུང་དམ་དུ་སྦྲེལ་ནས། མཐའ་མི་མངོན་པའི་བརྩེ་དུང་དེ་གླེང་བཞིན། ནམ་ཡང་འཆས་འགྲོ། ནམ་ཡང་ང་ཁྱེད་ལ་དགའ།  ས་གཞི་ཇི་ལྟར་ཆེ་ཡང་། མི་ཚོགས་ཇི་ཙམ་མང་ཡང་། ལྷད་མེད་པའི་མཛའ་བརྩེ་དང་། གཏིང་མི་དཔོག་པའི་དུང་བ་ཞིག་གི་ཆེད། ནམ་མཁའི་བླ་མ་དཀོན་མཆོག་གིས་འཛམ་གླིང་ས་ཆེན་པོ་འདི་ཁྱེད་དང་ང་གཅིག་པུར་གནང་བ་ཡིད་ཆེས་གྱིས་དང་། ལས་དབང་གིས་བཀོད་སྒྲིག་ལ་ཡོ་འཁྱོམས་ཡོང་མི་སྲིད། གྲོགས་ཀྱི་དྭངས་མ། སེམས་ཁོངས་ཀྱི་མཛའ་མོ། བརྩེ་དུང་གི་ལམ་ཕྲན། མ་འོངས་པའི་རེ་སྙེག སྙིང་གི་དུམ་བུ། ཡིད་ཀྱི་ཐིག་ལེ།  བདེ་སྐྱིད་ཀྱི་འཇིག་རྟེན། འཚོ་བའི་ལམ་བུ། སེམས་ཀྱི་ཐིག་ལེ། མི་ཚེའི་རེ་སྙེགས། ཡིད་མཐུན་གྱི་དགའ་གྲོགས། ནམ་ཡང་ང་ཁྱེད་ལ་དགའ།
རང་ལ་སེམས་གཏིང་ནས་བརྩེ་བའི་དགའ་རོགས་་་་་་་་་་་་་་་་་་་་་་་་་་་་་་གྱིས་2013/4/13/ཉིན་ཕུལ།



1 comment:

  1. བཀྲ་ཤིས་བདེ་ལེགས།

    ReplyDelete