Tuesday 19 March 2013

རྗེས་དྲན་དད་པའི་དབྱངས་རྟ།

ལྷུན་གྲུབ་རྒྱ་མཚོ་འཕྲིན་ལས་རླབས་ཕྲེང་གཡོས་པ་ལས།།
བྱུང་བའི་ཟླ་གཞོན་དགེ་ལེགས་བྱེ་བའི་མཚན་མ་ཅན།།
ཡེ་ཤེས་ཟིལ་གྱིས་མ་རིག་དྲུང་ནས་འབྱིན་མཛད་ལྷ།།
ངང་པའི་བུ་མོ་བདག་མགྲིན་འོ་མཚོར་རྩེན་པར་མཛོད།།

དམར་སེར་རྡུལ་བརྩེགས་ས་འཛིན་ལྷུན་པོའི་རྩེར།།
ཡིད་འོང་ཨིནྜ་ནི་ལས་གཡོག་པ་བཞིན།།
མཐོན་མཐིང་རལ་པའི་ཟུར་ཕུད་ལྔ་པ་ཅན།།
འཇམ་དབྱངས་སྨྲ་བའི་གཏེར་དེས་རིང་ནས་སྐྱོངས།།

རྨད་བྱུང་སྒྱུ་འཕྲུལ་རིགས་གསུམ་འདུས་པའི་སྐུ།།
མི་ཟད་འཇིགས་ལས་སྒྲོལ་བའི་མཐུ་ཆེན་གྱིས།།
མཁའ་ཡི་ཡིད་ཅན་འདྲེན་པའི་ཁུར་འཁྱེར་བ།།
རྗེ་བཙུན་བླ་མའི་རྣམ་ཐར་དྲན་བཞིན་འདུད།།

མགོན་ཁྱོད་མདོ་ཁམས་ས་ཡི་ཐིག་ལེ་རུ།།
སྲིད་དང་ཞི་བའི་ཚ་གདུངས་གཞིལ་བའི་དཔལ།།
ལྷ་བཅས་བསོད་ནམས་གསོག་པའི་ཞིང་མཆོག་ཏུ།།
བལྟམས་པའི་སྐྱེ་རྒུའི་བསྐལ་བཟང་མགོན་དུ་བརྗིད།།

དེ་ཚེ་རླན་བྲལ་འཁྲི་ཤིང་སྡུ་གུ་མས།།
ཡལ་འདབ་མེ་ཏོག་གོས་བཟང་རྣ་རྒྱན་སོགས།།
སྣང་མང་ངོ་མཚར་ཆས་ཀྱིས་ལེགས་སྤྲས་ཏེ།།
མ་བོས་སྒང་དྲུག་མཛའ་བོའི་འགྲོན་དུ་བྱས།།

གཞོན་ཚེ་གཞོན་ནུ་དོན་གྲུབ་ཇི་བཞིན་དུ།།
ལྷན་སྐྱེས་ཡོན་ཏན་རིན་ཆེན་དོ་ཤལ་གྱིས།།
འགྲོ་བའི་ཡིད་ཀྱི་མཛའ་མོ་མཛེས་བྱས་ཚེ།།
འཇིག་རྟེན་འདི་ན་ཡ་མཚན་ཁྱོད་ཅེས་གླེང་།།

བྱམས་གླིང་ནོར་འཛིན་བ་གམ་ཆོས་ཀྱི་སྡེར།།
བསླབ་གསུམ་གསེར་གྱིས་རྒྱལ་མཚན་གཡོ་བའི་གཟིས།།
རབ་འབར་གྲགས་སྙན་རིན་ཆེན་རྣ་ཆ་ཡིས།།
ཕྱོགས་ཀྱི་བུ་མོའི་སྙན་ཤལ་རིང་དུ་བྱས།།

མ་སྨད་ཚུལ་ཁྲིམས་དྲི་མེད་ཡོན་ཏན་ནོར།།
ཤིན་ཏུ་ལྕི་བའི་ཁུར་ཆེན་སྦྲུམ་པའི་ཚེ།།
གསེར་ལྡན་སྒེག་མོའི་ལྟོ་བ་རལ་འགྱུར་ཞེས།།
ཚངས་ཆེན་མེས་པོ་ངལ་བ་ཁུར་གྱིས་མནན།།

ཐུབ་བསྟན་ཀུ་མུད་ཆོས་གྲྭའི་ཚལ་ཆེན་དེར།།
བྱམས་པའི་མཚན་འཆང་སྟོན་མཚན་ཟླ་བ་ཡིས།།
བཤད་སྒྲུབ་འོད་ཀྱིས་མཛེས་པར་བྱས་སོ་ཞེས།།
མཁས་དགུས་བསྟོད་པའི་གྲགས་སྙན་འབྲུག་ལ་འགྲན།།

དམ་པའི་ཞལ་གྱི་པདྨ་ལས།།
བྱུང་བའི་མན་ངག་སྦྲང་རྩིའི་བཅུད།།
ངོམས་མེད་གཞིབ་པའི་བསུང་ཞིམ་ནི།།
མཁས་མང་གསེར་རིའི་ཁོར་ཡུག་གི།
གླིང་བར་རྣམས་སུ་སོང་བ་ཡིས།།
སྙན་པའི་བག་དན་གཡོ་བའི་སྒྲས།།
རྨ་རྫ་འབྲི་གསུམ་སྐྱེངས་བྱས་ནས།།
ངལ་མེད་དུས་བཞིར་མཐའ་རུ་བྲོས།།

ངོ་མཚར་ཆོས་ཀྱི་ཚུལ་ལུགས་མཐའ་ཡས་མདུད།།
ལྷན་ཅིག་གྲོལ་མཛད་གནས་ལྔ་རིག་པའི་གཞུང་།།
མདོ་ཁམས་ལྗོངས་སུ་མགྲོན་དུ་འབོད་མཁས་པོ།།
སྔོན་མེད་སྐབས་གསུམ་སྲིང་མོ་ཁྱོད་ཉིད་ཅེས།།
བསྔགས་པ་བརྗོད་ལ་ཉི་མ་ཟླ་བ་ཡང་།།
ལྟ་བའི་ཟོལ་གྱིས་མཁའ་ལ་ཅིའི་མི་རྒྱུ།།

མཁྱེན་པའི་རྒྱ་མཚོའི་གོས་ཅན་ངོས།།
སྣ་ཚོགས་རྒྱལ་བསྟན་མེ་ཏོག་འཛུམ།།
མདོ་སྔགས་གེ་སེར་ཅི་ཡང་རྒོད།།
འགྲོ་ལ་ཕན་བདེ་དཔལ་ཡོན་བསྐྲུན།།

སྐལ་ལྡན་དད་པའི་གདོང་ལྔ་པས།།
བཏེག་པའི་ཁྲི་ལ་བཀོད་པའི་ཚེ།།
གསུང་གི་ཆ་ཤས་རེ་རེ་ཡིས།།
ལུང་རིགས་སྟོང་གིས་ཕྱུག་པ་ཡི།།
སྨྲ་བ་མཁས་པའི་ཚོགས་རྣམས་ཀྱི།།
རལ་པ་ཞབས་ཀྱི་གདན་དུ་བྱས།།

ལྔ་རིག་ཟུང་གིས་བསྐྲུན་པའི་གདུགས་དཀར་ཆེ།།
བླ་ན་མཐོར་བཏེག་ཕན་བདེ་གྲིབ་བསིལ་འབུམ།།
ཡངས་པའི་ལྗོངས་སུ་འཁོར་བའི་བྱེད་པོ་རུ།།
མགོན་ཁྱོད་བསམ་བཞིན་སྲིད་པར་བརྫུས་པ་དོགས།།

ནག་ཕྱོགས་རང་མཚང་མཚོ་བཞིན་བརྡོལ་བའི་དུས།།
ཐུབ་བསྟན་ནུབ་ཀྱི་རི་རྩེར་གོས་དམར་གྱིས།།
མཛེས་ཚེ་ཁྱེད་སྐུ་མཚན་མོའི་མགོན་པོ་ཡང་།།
དབང་མེད་ཡུན་རིང་མར་ངོའི་ཟོལ་ལ་བརྟེན།།

དུས་ཀྱི་སྨག་རུམ་ཡོངས་བསལ་ཏེ།།
གང་ཉིད་སྲིད་པའི་སྒྲོན་མེ་རུ།།
འཛུམ་ཚེ་ཀླུ་སྒྲུབ་གཉིས་པ་ཞིག།།
སླར་ཡང་གནས་དེར་ཕེབས་པ་བཞིན།།

དྲན་པའི་མི་བཟོད་གནར་བཅོད་ལྷན།།
ལོ་མང་བརྒལ་ཡང་ཚངས་སྤྱོད་ཀྱིས།།
དྲང་སོང་གསར་བུའི་གནས་འཁོད་དེ།།
གུས་པའི་དཔྲ་རིས་འཛིན་མའི་རྒྱན།།

འཆར་ཀའི་མདངས་ལ་ཅོ་འདྲི་བའི།།
འདུས་སྡེ་གཙུག་གི་ལ་ཐོད་རྩེར།།
གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར།།
འགྱིངས་ཚེ་ཆབ་གཉིས་འདུས་པའི་མདོར།།
བཤད་སྒྲུབ་བསྟན་པའི་བྱ་བ་ཡིས།།
ན་ལན་ཌ་ལ་རྒོལ་བ་བཞིན།།

སྔོན་གོམས་ཚོགས་གཉིས་མ་ལ་ཡིས།།
འཕྲིན་ལས་དྲི་གཞོན་གྱིས་བསྐུལ་ཏེ།།
ཆབ་གཉིས་འདུས་པའི་ཀ་ཤིའི་ངོས།།
བྲིས་པའི་རྒྱལ་བསྟན་ལྷ་ཡི་གཟུགས།།
མི་གཙང་ལོག་ལྟའི་རྡུལ་བག་གིས།།
བསྒྲིབས་པ་ལྷར་ཡང་གསལ་བར་བྱས།།

གསེར་སྦྱང་གཙོ་མའི་མདོ་སྔགས་གཞུང་།།
ལུང་རིགས་བྱེ་བའི་ཕྲས་མཛེས་པའི།།
གསུང་གི་མཛད་པའི་རྣ་ཆ་ནི།།
གཟུར་གནས་ཀུན་གྱི་སྙན་ལ་འཕྱངས།།

གསིལ་ལྡན་ནོར་འཛིན་དགའ་མའི་དབང་ཕྱོགས་སུ།།
མང་ཐོས་ལུང་རིགས་ཉི་མ་ཆེན་པོ་ཡིས།།
གང་འདུལ་མཐའ་ཡས་སྒྱུ་འཕྲུལ་རོ་གར་ལ།།
རི་སྐྱེས་རྣམ་ཀྱང་དད་པས་མགོ་བོ་སྨད།།

སྒྲ་ཚད་གཟོ་དང་གསོ་སོགས་རིག་གནས་ཀུན།།
ལེགས་པར་སྨྲ་ལ་ཧཱ་པཎྜི་ཏ།།
བློ་གསལ་ཐར་འདོད་ཡོངས་ཀྱི་མིག་གཅིག་པུ།།
ཐུབ་བསྟན་ལུགས་འཛིན་ཀུན་གྱི་གཙུག་གི་རྒྱན།།

ཉི་མ་སྟང་ལྟར་འབར་བའི་གཟི་ལྡན་སྐུ།།
སྙན་གྲགས་ལྷ་ཡི་རྔ་བཞིན་དབྱངས་སྙན་གསུང།།
ཆུ་གཏེར་ཀློང་ལྟར་ཟབ་ཡངས་དཔག་དཀའི་ཐུགས།།
སྲིད་པ་གསུམ་འདིར་ཡོན་ཏན་ཚོགས་ཀྱིས་བརྗིད།།


རེ་དགུ་བཞེས་པ་ས་མོ་བྱི་བའི་ལོ།།
ཞིང་འདིར་དངོས་ཀྱི་གདུལ་བྱ་རྫོགས་པའི་ཚུལ།།
སྟོན་ཞིང་རྟག་འཛིན་ཅན་རྣམས་ཆོས་སྐུལ་བའི་ཕྱིར།།
ཆུ་སྟོད་ཟླ་བའི་ཡར་ཚེས་དབྱིངས་སུ་གཤེགས།།

ས་གཞིའི་ངོས་སུ་གུར་གུམ་གྱི།།
ཚོམ་བུ་བཀོད་འདྲའི་བུ་སློབ་ཚོགས།།
མཉེན་འཇམ་ཕྱག་གི་པད་མོ་ནི།།
ཟླ་བ་མཁའ་ཡི་ངང་ཚུལ་གྱུར།།

འབྲས་བུ་ཁུར་དུད་ལྗོན་པ་བཞིན།།
ཅོད་པན་ས་ལ་དུད་དང་ལྷན།།
མིག་གི་མཆི་མའི་ཆར་རྒྱུན་གྱིས།།
མྱ་ངམ་ཐང་ལ་ཆག་ཆག་བཏབ།།

ལྷ་སོགས་འགྲོ་བ་བྱེ་བའི་ཚོགས།།
མཐོང་བ་དོན་ལྡན་ཉིད་ཀྱི་སྐུར།།
གཡས་སུ་བརྒྱ་སྟོང་བསྐོར་བ་ནི།།
གོམ་པ་འཁྱོར་བའི་འགྲོས་ལ་བརྟེན།།

ཐོས་ན་དད་པའི་སྤུ་གཡོ་ཞིང་།།
བསམས་ན་རྣམ་རྟོག་འགག་པ་གང།།
མ་མཐོང་རྡུལ་གྱིས་སྲུབ་པའི་མིག།།
སྤྲིན་བྲལ་ཆར་གྱིས་གདོང་དག་བཀྲུས།།

འགྲོ་བའི་གཉེན་ཁྱེད་སྐྱེས་རབས་མུ་ཏིག་ཕྲེང་།།
བསམ་བཞིན་སྲིད་པའི་སྲད་བུ་ལ་བརྒྱུས་ཏེ།།
འགྲོ་ལ་དགའ་སྟོན་བསྐྲུན་པའི་དོ་ཤལ་ཆེ།།
མགུལ་བར་མཛེས་པའི་ཕ་མཐའ་ལྷ་ལམ་བཞིན།།

བསམ་གྱིས་མི་ཁྱབ་རྒྱལ་སྲས་སྤྱོད་པ་ཡིས།།
རབ་འབྱམས་ཞིང་དུ་བལྟམས་དང་འདས་བཞེད་སོགས།།
གང་འདུལ་དཔག་དཀའི་ཆུ་ཟླའི་རོལ་གར་ལྷན།།
བརྩེ་བའི་གཟུགས་སྐུའི་བཀོད་པ་མྱུར་སྟོན་མཛོད།།


འདྲེན་མཆོག་ཁྱེད་ཀྱི་ཞབས་ཀྱི་རྡུལ་ཕྲན་ཙམ།།
སྐལ་དམན་བདག་འདྲའི་བརྗོད་པའི་ཡུལ་མིན་ཡང་།།
གང་ཉིད་དྲན་ཞིང་དད་པའི་ལུས་སྐྱེས་ཚོགས།།
གཡོ་ཞིང་གདུངས་བས་མ་བཟོད་འདི་སྐད་ཐལ།།

མཛད་པའི་ཆ་ཤས་ཆུ་འཛིན་ཡིད་མཁའ་རུ།།
དཀྲིག་པའི་ཆར་གྱིས་འདྲེན་བྱེད་བསྙལ་དང་ལྷན།།
དབང་མེད་སོར་འདུས་འདི་འབད་དགེ་འཆིས་ན།།
འགྲོ་ཀུན་ཁྱེད་རྗེས་འཛིན་པའི་རྒྱུར་གྱུར་ཅིག།།

འདི་ནས་ཚེ་རབས་ཕྲེང་བ་ཐམས་ཅད་དུ།།
མགོན་ཁྱེད་མཉེས་པ་གསུམ་གྱིས་མཉེས་བྱེད་ནས།།
མི་ཕམ་མགོན་པོའི་ཆོས་ཀྱི་མདུན་ས་ཆེར།།
ཐོག་མའི་གསུང་གི་བདུད་རྩི་འཐུང་བར་ཤོག
ཅེས་བྱམས་ནོར་གྱིས། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཕྱི་ཚེས་ ༡༠ ཉིན་བྲིས་ཤིང་ལོ་དེའི་དུས་དེབ་གངྒའི་བཞད་སྒྲའི་ནང་བཀོད་ཟིན་པ་ཞིག་ཡིན། 


No comments:

Post a Comment