Saturday 2 February 2013

ཚོར་འདུ་ཡན་གར་བ།

སེར་པོ་གསེར་གྱི་ཉི་མ་ནུབ་རི་ལ་བརྒལ་དུས།།
དངུལ་དཀར་ཟླ་བའི་འོད་ཟེར་མཁའ་དབྱིངས་སུ་འཛུམ་བྱུང་།།
དྲན་འཛིན་ཀུ་མུད་དཀར་པོ་རྨི་ལམ་གྱི་ཞིང་དུ།།
བརྩེ་བའི་ཡུམ་ཆེན་མཆོག་དང་ལྷན་ཅིག་ཏུ་བཞད་བྱུང་།།

བག་ཆགས་མཚོན་གྱིས་བགོས་པའི་སྣ་ཚོགས་ཀྱི་རྨི་ལམ།།
མི་རྟག་སྒྱུ་མའི་གྲོགས་རྣམས་འཇའ་མཚོན་གྱི་རི་མོ།།
འདི་སྣང་སྲེད་པས་བསླུས་པའི་རང་སེམས་ཀྱི་ཁྱིའུ་ཆུང་།།
འདས་དོན་འཁྲུལ་བའི་སྣང་བར་གཏད་སོ་རང་མི་འདུག།


ལྗང་མདོག་གོས་ཀྱིས་སྤུད་པའི་ན་ཆུང་གི་མཛེས་མར།།
རང་སེམས་མགུ་བའི་རྣམ་འགྱུར་ཕ་ཕར་རང་བསྟན་དུས།།
སེམས་པ་ལྕགས་ལས་མཁྲེགས་པའི་ཁྲེལ་མེད་ཀྱི་བུ་མོས།།
དོན་མེད་བཞིན་རས་ནག་པོ་ཚུ་ཚུར་རང་ངོམ་བྱུང་།།

ཡིད་སེམས་འགུག་པའི་ཞགས་པ་དངུལ་དངོས་དེ་མེད་ཚེ།།
མཛའ་བའི་གྲོགས་ཀྱི་རིང་ནས་གཏམ་འདོད་ཀྱིས་འཕྱས་བྱུང་།།
རང་བཞིན་ལས་ཀྱིས་བསྐྱེད་པའི་འཇིག་རྟེན་གྱི་ཆོས་ལ།།
བརྩོན་ཀྱང་སྙིང་པོ་མེད་པས་ཨ་ཐང་རང་ཆད་བྱུང་།།

འདུ་བྲལ་གྲོགས་ཀྱིས་དབེན་པའི་ཉམ་ཆུང་གི་འཁྱམ་པོ།།
གཅེས་འོས་རིག་པའི་གནས་ལ་བརྩོན་ཁུལ་རང་བྱས་ཀྱང་།།
དབང་མེད་འདྲེན་བྱེད་འཛེས་པའི་ཡུལ་ལྗོངས་ལ་ཤོར་བཞིན།།
དབུགས་རིང་འབྱིན་པའི་སྒྲ་ནི་རྒྱུན་ཆད་རང་མི་འདུག།

༢༠༡༠།༡༡།༦ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པར།

No comments:

Post a Comment