Tuesday 5 March 2013

༼ རྣམ་དབྱེ་དང་པོ། ༽


 ༡༽ རྣམ་དབྱེ་དང་པོ་དོན་གྱི་ངོ་བོ་ཙམ་སྟོན་པ་བཤད་པ་ལ། སྤྱིར་བོད་སྐད་ལ་མིང་ཙམ་ལས་རྣམ་དབྱེ་དང་པོ་ལོགས་སུ་མེད་པས་རྣམ་དབྱེ་དང་པོ་ཞེས་པ་ནི་ཆོས་གང་ཡང་རུང་བ་ཞིག་གི་དོན་གྱི་ངོ་བོ་ཙམ་སྟོན་པར་བྱེད་པའི་མིང་གང་ཡང་རུང་བ་ཞིག་ལ་གོ་དགོས་ཤིང་། དེ་ཡང་ཚེག་ཁྱིམ་དང་ཡི་གེའི་མང་ཉུང་ལ་མ་ལྟོས་པར་བརྗོད་བྱའི་དོན་གྱི་ངོ་བོ་ཁོ་ན་སྟོན་པའི་མིང་རྐྱང་པ་ཞིག་ལ་གོ་དགོས།

དེ་ལ་རྣམ་གསལ་གྱི་དཔེར་བརྗོད་ཁང་པ་ཞེས་པ་ལྟ་བུར་མཚོན་ནས་བཤད་ན། ཁང་པ་ཞེས་པའི་སྒྲ་དེས་ཁང་པའི་ངོ་བོ་ཙམ་ལས་ཁྱད་པར་གང་ཡང་མི་སྟོན་པས་ན་མིང་ཙམ་ཁོ་ན་ཡིན། དེ་བཞིན་དུ་མི། ལྷ། ཕ། མ། ཞེས་པ་ལྟ་བུ་ཚེག་ཁྱིམ་གཅིག་གིས་གྲུབ་པའི་མིང་དང་། ཉི་མ། ནམ་མཁའ། རྒྱ་མཚོ། རི་བོ། སློབ་གྲྭ། དགེ་རྒན། དཔེ་ཆ། ཡི་གེ་ལྟ་བུ་ཚེག་ཁྱིམ་གཉིས་ཀྱིས་གྲུབ་པའི་མིང་གང་ཡིན་རུང་རང་གི་དོན་གྱི་ངོ་བོ་དེ་མིང་གཞན་དང་མ་འདྲེས་པར་གསལ་པོར་སྟོན་པའི་ནུས་པ་ཡོད་པའི་མིང་ཚང་མ་རྣམ་དབྱེ་དང་པོ་ཡིན་ནོ། །དེ་ལ་ད་དུང་དཔེ་བཞག་ནས་བཤད་ན། ཁང་པའི་ཀ་བ་ཞེས་པ་ལྟ་བུར་མཚོན་ན་ཁང་པའི་ངོ་བོ་ལས་ཁྱད་པར་ཀ་བ་སྟོན་པ་ཡིན་པས། ཁྱད་པར་སྟོན་པ་ཚིག་ཏུ་གྱུར་པ་ལས་རྣམ་དབྱེ་དང་པོ་མིན་ནོ། དེས་ན་རྣམ་དབྱེ་དང་པོ་ཞེས་པ་ནི་དོན་གྱི་ངོ་བོ་ཁོ་ན་སྟོན་པའི་མིང་ལ་གོ་དགོས་པ་ནི་གནད་དམ་པ་ཡིན་པས། སྐབས་འདིར་རྣམ་དབྱེ་དང་པོ་དང་མིང་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པ་རེད། མིང་ལ་ཡང་དབྱེ་ན་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་ཡོད་ཅིང་། གོ་སླ་བར་བཤད་ན་དངོས་པོ་གང་དང་གང་ཞིག་ཡིན་རུང་དེ་ཐོག་མར་གྲུབ་པ་དང་མཉམ་དུ། མིང་འདོགས་མཁན་གྱིས་རྒྱུ་མཚན་གང་ཡང་མེད་པར་རང་གི་འདོད་པ་ལྟར་མིང་བཏགས་པ་དེ་ལ་འདོད་རྒྱལ་ཐོག་མའི་མིང་ཞེས་ཟེར། དཔེར་ན། ས། ཆུ། མེ། རླུངས། ནམ་མཁའ། ཉི་མ། ཟླ་བ། རི་ལྟ་བུ་རྣམས་སོ། །འདོད་རྒྱལ་ཐོག་མའི་མིང་དེའི་དོན་ལ་གོ་བ་ལོན་པ་གཞིར་བྱས་ནས། དེ་དང་འདྲ་བའམ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་དེ་ལ་རྗེས་གྲུབ་ཀྱི་མིང་ཞེས་ཟེར། དཔེར་ན། ས་སྨྱུག རི་མགོ །ཆུ་མགོ་ལྟ་བུའོ།། མདོར་བསྡུས་ཏེ་བཤད་ན། མིང་དེ་བཏགས་པ་ལ་རྒྱུ་མཚན་བཤད་རྒྱུ་མེད་པ་འདོད་རྒྱལ་ཐོག་མའི་མིང་དང་། རྒྱུ་མཚན་བཤད་རྒྱུ་ཡོད་པ་ཞིག་ལ་རྗེས་གྲུབ་ཀྱི་མིང་ཞེས་ཟེར་རོ།།

གོ་རྟོགས་ནུས་རྩལ།
ཕོ་རོག་དང་ཁ་དོག།།
༄༅། །སྔར་ཀུ་ཤུའི་སྡོང་པོ་ཞིག་ན་ཕོ་རོག་མོ་ཞིག་ཡོད་པ་དེ། རང་གི་ཁ་དོག་ནག་པོར་ཤིན་ཏུ་ཉོབ་ནས་མཐར་མ་འོངས་པའི་རིགས་རྒྱུད་ལ་ཕན་སླད་ཁ་དོག་དེ་བརྗེ་ཐབས་ཀྱི་བསམ་བློ་བཏང་། མོས་རང་ཉིད་སྦྲུམ་ལྡན་ཆགས་སྐབས་རང་ལུས་ལ་རྡོ་ཐལ་དཀར་པོ་བྱུགས་ན་གསར་སྐྱེས་ཕྲུ་གུ་རྣམས་དཀར་པོ་ཆགས་ཡོང་སྙམ། འོན་ཀྱང་ཕྲུ་གུ་རྣམས་སྐྱེ་སྐབས་ཚང་མ་རང་ཉིད་ནང་བཞིན་ནག་རྐྱང་ཡིན། མོས་ཕོ་རོག་གི་མདོག་དེ་ཐབས་གང་གིས་ཀྱང་བརྗེ་ཐུབ་ཀྱི་མི་འདུག་ཅེས་སྨྲེ་སྔགས་བཏོན་ཅིང་བཞིན་རིང་མིན་ཡིིད་ཐང་ཆད་ནས་ཤི་བ་རེད།
ཁ་དོག་ནག་པོ་སྐྱོན་མིན་ཏེ།། རྣམ་རྟོག་ནག་པོོ་སྐྱོན་དུ་ཆེ།།
སྦྱོང་ཚན།
(1)གཤམ་གསལ་གྱི་མིང་ཚིག་རྣམས་ཀྱི་གོ་དོན་ངེས་པར་བྱས་ནས་དཔོད་བྲིས་ཐུབ་པ་གྱིས།
མིང་ཚིག །ཚེག་ཁྱིམ། མང་ཉུང་། ནམ་མཁའ། རྒྱ་མཚོ། རི་བོ། སློབ་གྲྭ། དགེ་རྒན། དཔེ་ཆ། ཡི་གེ །ཁྱད་པར་སྟོན་པ། རྒྱུ་མཚན་བཤད་རྒྱུ་མེད་པ།
(2) གཤམ་གསལ་གྱི་དྲི་བ་ཁག་ལ་ལན་བྲིས།
ཀ༽ ཕོ་རོག་གིས་རང་གི་རིགས་རྒྱུད་ལ་ཕན་ཆེད་བསམ་བློ་གང་བཏང་བ་རེད།
ཁ༽ སྔར་ཀུ་ཤུའི་སྡོང་པོ་ཞིག་ན་གང་ཡོད་དམ།
ག༽ ཕོ་རོག་གི་ཕྲུ་གུ་རྣམས་སྐྱེས་ཚར་དུས་གང་ཆགས་ཡོད་དམ།
ང༽ ཕོ་རོག་མོ་དེ་ཡིད་ཐང་ཆད་རྗེས་གང་བྱུང་ཡོད།
(3) གོང་གི་སྒྲུང་ཐུང་དེ་སྒྲ་དག་པོའི་སྒོ་ནས་ཚར་གཅིག་ཀློགས།
(4) ཡིག་གཟུགས་གང་ལེགས་ཐོག་གོང་གི་སྒྲུང་ཐུང་དེ་ཚར་གཅིག་བྲིས།
(5) གཤམ་གྱི་མིང་ཚིག་རྣམས་ལ་ཚིག་སྒྲུབ་རེ་བཟོ་ཐབས་བྱོས།
༼སྐྱོན། རྣམ་རྟོག གསར་སྐྱེས། སྦྲུམ་ལྡན། ཤིན་ཏུ་ཉོབ་ནས། རིགས་རྒྱུད། མིང་འདོགས་མཁན། མདོར་བསྡུས་ཏེ་བཤད་ན། མིང་ཙམ༽

           

No comments:

Post a Comment