Thursday 24 January 2013

དྲན་གདུང་གིས་སྲུང་བའི་ཉི་ནུབ།

མི་འགྱུར་གནའ་ཚིག་རི་མོ་སེམས་ལ་བྲིས།།
ཞིམ་མངར་སྦྲང་རྩི་རོ་ལྟའི་བདེ་སྐྱིད་ལ།།
རོལ་བའི་འགྱུར་མེད་བརྩེ་དུང་ཟབ་མོ་དེ།།
བསམ་ཚེ་ཁྱོད་ཉིད་དྲན་པས་སྡོད་མི་ཚུགས།།
བརྗེད་དཀའི་ལྷན་འཛོམས་ཉིན་ཞག་ཐུང་ན་ཡང།།
སེམས་པའི་སྙིང་གཏམ་བརྗོད་བཞིན་མགོ་བོ་སྦྱར།།
ཉ་གང་འཛུམ་བསུའི་རྩེད་འཇོའི་གཡེང་བ་ཀུན།།
བསམ་ཚེ་ཡིད་ཀྱི་མིག་ཆུས་དྲན་པ་བརླན།།
སྐྱིད་དུས་སྐྱིད་སྣང་སེམས་ཀྱིས་མ་ཚོར་བ།།
སྡུག་ན་སྡུག་གི་ཁུར་པོ་མི་ཐེག་པ།།
དྲན་གདུང་མེ་ལྕེས་བསྲེག་པའི་ངང་ཚུལ་འདི།།
བསམ་ཚེ་དབང་མེད་འོད་དོད་འབོད་ལ་ཁད།།

སྙིང་སྡུག་རྒྱང་རིང་མི་ཡུལ་ས་མཐའ་རུ།།
འཚོ་ཕྱིར་ལུས་སེམས་རྩེ་གཅིག་བསྒྲིམས་ནང་ཡང་།།
ཉིད་ཀྱི་ལྷག་བསམ་བྱམས་བརྩེའི་དྲོད་འཁོལ་ཉིད།།
བསམ་ཚེ་འགོག་མེད་ཤུགས་རིང་ནར་ནར་ཤོར།།

གདུང་བས་སེམས་པ་ཕྲ་མོ་འཁྱག་གིས་བསྡམས།།
རིད་པས་ཁེར་རྐྱང་འཚོ་བ་མྱ་ངམ་ཐང།།
བརྩེ་དུང་མེ་དཔུང་མཁའ་ལ་འཕྱོ་བའི་ཚུལ།།
བསམ་ཚེ་ཡ་ཆུང་སྙིང་ལ་ན་ཟུག་ལྕི།།

ཉིན་མཚན་བར་མེད་ཞལ་རས་ཡིད་ལ་འཆར།།
མལ་དུ་བསྡད་ཀྱང་སེམས་པ་རྒྱང་དུ་ཤོར།།
བ་སྤུ་གཡོ་བཞིན་སེམས་ཀྱི་རེ་སྒུག་འདི།།
བསམ་ཚེ་མིག་ཟུང་ཉི་ནུབ་ཕྱོགས་སུ་ཤོར།།

སྐྱོ་གདུང་ན་ཟུག་དྲག་པོའི་སྙིང་གི་གཏམ།།
གཞན་ལ་མངར་སྐྱུར་ཚོར་སྣང་དབེན་ན་ཡང།།
བཅོས་མིན་ཡིད་གདུངས་དྲག་པོའི་ཚོར་སྣང་ལྷན།།
འགོག་མེད་མགྲིན་པའི་སྦུག་ནས་ཡུད་ཀྱིས་ཐལ།།

༢༠༡༡ ལོར་ངོ་དེབ་ནང་བྲིས་པ་ཞིག་ཡིན།

No comments:

Post a Comment