Wednesday 1 June 2016

སྤྱོད་འཇུག་གི་ས་བཅད་བཀྲམ་སྟངས་ཤིག །

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེས་པའི་ཕྱིརེ་དུ་ལེའུ་གསུམ། སྐྱེས་པ་མི་ཉམས་པའི་ཕྱིར་དུ་ལེའུ་གསུམ། གོང་ནས་གོང་དུ་འཕེལ་བའི་ཕྱིར་དུ་ལེའུ་གསུམ། སྔོའི་བའི་ལེའུ་དང་བཅས་ཏེ་བཅུ། དང་པོ་གསུམ་ནི། ཕན་ཡོན་གྱི་ལེའུ། སྡིག་པ་བཤགས་པའི་ལེའུ། བྱང་སེམས་ཡོངས་བཟུང་གི་ལེའུ་ལས།
༡། དང་པོ་ཕན་ཡོན་ཤེས་པ་གལ་ཆེ་བས་བྱང་སེམས་ཀྱི་ཕན་ཡོན་རྒྱས་པར་བཤད།
གཉིས་པ་སྡིག་བཤགས་པའི་ལེའུ་ནི། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །ཞེས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་གང་ཟག་དེ་སྒོ་གསུམ་ལས་སུ་རུང་བ་གཅིག་ཡིན་དགོས་པས་ན་ཡན་ལག་བདུན་གྱི་ནང་ནས་སྡིག་པ་བཤགས་པ། ཕྱག་འཚལ། མཆོད་ཕུལ་རྣམས་ལེའུ་གཉིས་པའི་ནང་ལ་བསྟན། རྗེས་སུ་ཡི་རང་། ཆོས་འཁོར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་ལ་འདེབས་པ། བསྔོ་བ་དང་བཅས་ལེའུ་གསུམ་པས་བསྟན། ཡན་ལག་བདུན་གྱི་སྒོ་ནས་སྡིག་པ་བཤགས་ནས་རང་ཉིད་ནུས་ལྡན་དུ་གྱུར་པ་དེའི་རྗེས་ལ་བྱང་སྡོམ་ལེན་པ་དང་རིགས་མཐུན་གྱི་ལས་སོགས་བརྩམས་པའི་སྒོ་ནས་དམ་བཅའ་བ་བཅས་བཤད། བྱང་སྡོམ་བླངས་ནས་བྱང་སེམས་སྐྱེས་ཚར་བའི་རྗེས་ལ་སྡོམ་པ་དེ་དག་སྲུང་དགོས་པ་ཡིན་པས་ན། ནག་ཆོས་བཞི་སྤང་དཀར་ཆོས་བཞི་བསྟེན་དགོས། ནག་ཆོས། མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུས་སྤྱོད། ནག་པོའི་ཆོས་བཞི་སྤངས་ཤིང་ལྡོག་པ་ནི། དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། ཅེས་གསུངས། དཀར་ཆོས། སེམས་ཅན་ཡལ་བ་མི་འདོར་བ་ལ་སོགས་པའི་ནག་ཆོས་ཀྱི་ལྡོག་ཕྱོགས་བསྒྲུབ་པ་ནི་སྨོན་སེམས་ཀྱི་བསླབ་བྱ། འཇུག་སེམས་ཀྱི་བསླབ་བྱ་ནི། རྩ་ལྟུང་བཅོ་བརྒྱད་རྒྱལ་པོ་འབྱུང་ཉེ་བ་ལྔ། བློན་པོ་འབྱུང་ཉེ་བ་ལྔ། དམངས་ཕལ་ལ་འབྱུང་ཉེ་བ་བརྒྱད་སོགས་ཡོད།  སྲོག་གམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང༌། སེམས་ཅན་ལ་གཡོ་སྒྱུ་མེད་པར་བསམ་པ་དྲང་པོར་གནས་པ། སེམས་ཅན་ཀུན་ལ་སྟོན་པའི་འདུ་ཤེས་སྐྱེད་ཅིང་དོན་གནས་ཀྱི་བསྔགས་པ་བརྗོད་པ། གདུལ་བྱ་རྣམས་ཉི་ཚེ་བའི་ཐེག་པར་མི་འདོར་བར་རྫོགས་པའི་བྱང་ཆུབ་འཛིན་དུ་འཇུག་པ།
༢། སྐྱེས་པ་མི་ཉམས་པ་བྱེད་པའི་ལེའུ་གསུམ། འཇུག་ལྡོག་གིས་གནས་ལ་གཟབ་པ་བག་ཡོད་ལེའུ། ལུས་སེམས་ལ་བརྟག་པ་ཤེས་བཞིན་གྱི་ལེའུ། བྱང་སེམས་ཀྱི་མི་མཐུན་ཕྱོགས་ཁོང་ཁྲོ་སྤོང་བྱེད་བཟོད་པའི་ལེའུ།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་ཉམས་གོང་ནས་གོང་དུ་འཕེལ་བའི་ལེའུ་ནི་བརྩོན་འགྲུས་ཀྱི་ལེའུ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གོང་དུ་འཕེལ་ཕྱིར་བསམ་གཏན་གྱི་ལེའུ། དོན་དམ་བྱང་སེམས་གོང་དུ་འཕེལ་ཕྱིར་ཤེས་རབ་ཀྱི་ལེའུ་བཅས་དགུ་དང་། དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་བཅས་བཅུའོ།།

བརྗེད་ཐོ་ཙམ་བཀོད་པ་ཡིན། 



No comments:

Post a Comment