Thursday, 2 January 2025

 དྲན་གདུང་ལ་བརྒྱུས་པའི་ཁྱོད།

རྨི་ལམ་ཟོལ་གྱིས་མཇལ་བའི་ཁྱོད་ཉིད་ལ།། 

འཕྲད་ཀྱང་མ་ཕྲད་ལྟ་བུའི་ཡིད་གདུང་གིས།། 

སྒུག་པའི་མིག་ཆུ་སྙིང་གི་གཏིང་རུམ་ནས།། 

དྲན་པའི་ཆུ་གཏེར་ནང་དུ་ཐིགས་པར་བྱེད།།

 

ཁྱོད་ཀྱི་དྲན་པས་བཅིངས་པའི་སེམས་པ་འདི།། 

གཏོང་ཡང་མི་ཐོང་ཟིན་ཡང་མི་ཟིན་པར།། 

ནམ་མཁའི་སྤྲིན་དཀར་བཞིན་དུ་འཁྱམས་ནས་ནི།། 

འཁྱུད་པའི་འདོད་པས་རྨི་ལམ་བཞིན་དུ་རྒྱུ།།

 

རེ་བའི་མེ་ཏོག་སྙིང་ལ་ཤར་བའི་ཚེ།། 

གདུང་བའི་རླུང་གིས་གཡོ་བའི་ལོ་མ་བཞིན།། 

འཕྲལ་གྱི་དགའ་སྐྱིད་སྐད་ཅིག་ཙམ་ལ་ནི།། 

འཇའ་ཚོན་མདངས་བཞིན་རི་མོར་ཡལ་ནས་འགྲོ།།

 

མཚན་མོའི་རྨི་ལམ་ཁྲོད་ཀྱི་དགའ་སྐྱིད་དང་།། 

ཉིན་མོའི་དྲན་པའི་གདུང་བ་འདྲེས་པ་ཡི།། 

བདེ་སྡུག་ཟུང་འབྲེལ་སེམས་ཀྱི་རྒྱ་མཚོ་རུ།། 

ཁྱོད་ཀྱི་གཟུགས་བརྙན་ཆུ་ནང་ཟླ་བར་མཚར།།

 

གནམ་སའི་བར་གྱི་བཅག་པའི་ལམ་བུ་ན།། 

ང་ཚོའི་རྐང་རྗེས་ཧ་ཅང་གསལ་པོར་གནས།། 

དྲན་པའི་རི་མོ་སྙིང་གི་གཏིང་རིམ་ན།། 

ཕ་ལམ་གསེར་འོད་ཞུན་མའི་འོད་ལྟར་འཚེར།།

 

མཐོང་ཡང་མ་མཐོང་འདྲ་བའི་སྙིང་གི་གྲོགས།། 

དྲན་ཡང་མ་དྲན་འདྲ་བའི་གདུང་སེམས་ཀྱིས།། 

བརྩེ་བའི་ཚོར་བས་ཁེངས་པའི་སྙིང་གཏམ་རྣམས།། 

གློག་རྡུལ་བརྒྱུད་ནས་འཕྲིན་ཡིག་རྣམ་པར་རྒྱུ།།

2025/01/02 

 

No comments:

Post a Comment