Friday 14 October 2022

སྟབས་བདེའི་བྱ་ཤ་ཆོ་མན་བཟོ་སྟངས།

རྒྱུ་ཆ་ནི། བྱ་ཤ།།ཙོང་རིལ། ལོ་ཁོག་པད་ཚལ། གོང་ལ་ཕུག །ཙོང་ལྗང་ཁུ། རྒོག་པ། ཐུག་པ་བཅས་འདུ་བྱ།

ཚལ་དང་བྱ་ཤ་རྣམས་རིང་པོ་ཐུག་པའི་དབྱིབས་ལྟར་ཞིབ་ཞིབ་བཏུབ། ཙོང་སྔོན་པོ་ཡང་རིང་ཙམ་བྱས་ནས་བཏུབ། རྒོག་པ་ཞིབ་ཞིབ་བྱས། བྱ་ཤའི་ནང་བྱེ་མ་ཀ་ར་སེར་མོ་གང་། གྱང་ཡོ་ཐུར་མ་ཆུང་བ་གང་། ཨ་ཤོམ་གྱི་བག་རྫས་ཐུར་མ་ཕྱེད་ཀ་བཅས་བླུགས་ཏེ་ཕུར་ཕུར་ཡག་པོ་བཏང་ནས་ཟུར་གཅིག་ལ་བཞག །

ཐུག་པ་ལ་རིགས་འདྲ་མིན་ཡོད་པ་དག་གིས་རུང་མོད་སྒོ་ངའི་ཐུག་པ་ཡོད་ན་ལེགས་ཤིང་། ཆུ་འཁོལ་བ་དང་ཐུག་པ་བླུགས་ཏེ་འཚོས་རྗེས། ཐུག་པ་འཚོས་མ་རྣམས་བཙག་ཏེ་ཆུ་གྲང་ནང་ཆུ་བཤལ་ལྟ་བུ་བཏང་རྗེས་སྣོད་གཞན་ནང་བཞག་ཨ་ཅོར་སྐམས་པོའམ་ཡང་ན་ཤོག་གུ་སྐམས་པོས་ཁ་བཀབ་ཏེ་ཐུག་པ་རྣམས་ལས་ཆུ་འདོན་ཐབས་བྱས་ནས་ཉར།

སོ་སི་གཅིག་བཟོ་དགོས། སྣོད་ཆུང་ཞིག་ནང་གྱང་ཡོ་ཐུར་མ་གཉིས་དང་ཕྱེད། གྱང་ཡོ་ནག་པོ་ཡང་ཐུར་མ་ཕྱེད། oyster sause ཐུར་མ་གཉིས། རྒུན་ཆང་ཐུར་མ་གང་། གཡེར་མ་དཀར་པོ་ཐུར་མའི་བཞི་ཆ་གཅིག་བླུགས་ནས་དཀྲུག་དཀྲུག་ཡག་པོ་བཏང་།

 

དེ་ནས་ཚལ་སླངས་མེའི་སྒང་བཙུགས་ཟས་སྣུམ་ཐུར་མ་གསུམ་བླུགས་བྱ་ཤ་སེར་ཧྲོབ་ཧྲོབ་བར་བརྔོས་ཏེ་སྣོད་གཞན་ནང་ཞོག ། རྒོག་པ་དང་ཙོང་རྣམས་སྣུམ་བརྔོས་སྐར་ཆ་སུམ་ཅུ་ཙམ་དང་། དེ་ནས་ལོ་ཁོག་པད་ཚལ་སོགས་ཚལ་ལྷག་མ་རྣམས་སྐར་མ་གཉིས་རིང་བརྔོས་རྗེས་འཚོས་མིན་ངེས་མཚམས་སྔར་ལྟར་སྣོད་གཞན་ནང་བླུགས། དེ་ནས་ཡང་བསྐྱར་ཚལ་སླང་ནང་ཟས་སྣུམ་ཐུར་མ་གང་དང་ལྷན་ཐུག་པ་མདོག་འགྱུར་ཙམ་མ་བྱུང་བར་བརྔོས། མེ་ཆེ་རུ་བཏང་སྟེ་སོ་སི་ཕྱེད་ལས་མང་བ་ཐུག་པའི་ནང་བླུགས། དེ་ནས་ཚལ་བརྔོས་མ་དང་བྱ་ཤ་ཡང་བླུགས་ཏེ་སྐར་གསུམ་ཙམ་རིང་དཀྲུག་དཀྲུག་ལེགས་པོར་བཏང་ཏེ་བརྔོས་རྗེས་ཕལ་ཆེར་འགྲིགས་མཚམས་སུ། སོ་སི་ལྷག་མ་རྣམས་བླུགས་ཏེ་སྐར་མ་གཉིས་རིང་བརྔོས་ཚར་རྗེས་མེ་སོད། ཏིལ་སྣུམ་sesame oil ཐུར་མ་ཆུང་བ་གང་བླུགས་ཏེ་ཕྱོགས་ཐམས་ཅད་འདྲེས་པར་བྱེད། ད་ནི་སྡེར་མའི་སྒང་ལ་མཛེས་པར་བླུགས་ཏེ་ཟ་རན་པ་ཡིན།

ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ།། ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་མཆོད།། དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན།། འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག ། 

ཕྱི་ལོ་2022 ལོའི་ཟླ་ 10 ཚེས་ 14 ཉིན། 

No comments:

Post a Comment