Monday 14 January 2013

སྨྱུག་གྲོགས་ལ་ཕུལ་བ།


ཡིད་འཕྲོག་མཛེས་སྡུག་གཅིག་བསྡུས་དྭངས་མས་ཀྱང༌།།
འགྲན་པར་མི་ནུས་ཕུན་སུམ་ཚོགས་པའི་དཔལ།།
སྨྱུག་འཆང་བུ་མོའི་བརྩེ་གྲོགས་དབྱངས་ཅན་མས།།
སྲིད་ཞི་འདོད་རྒུ་ཆར་དུ་བསྙིལ་བར་མཛོད།།

རྣམ་རྒྱལ་ཁང་བཟང་འཆི་མེད་གྲོང་ཁྱེར་ནས།།
མ་བོས་འཛམ་བུའི་གླིང་འདིར་འཕོས་འདྲ་བའི།།
ལྔ་རིག་དགའ་ཚལ་མ་ཡུམ་སློབ་གླིང་འདིར།།
འཛོམས་པའི་ལྷག་བསམ་དཀར་བའི་སྨྱུག་གྲོགས་ལགས།།


ཕ་མ་གཅིག་ལས་མཆེད་པའི་སྤུན་མིན་ཀྱང༌།།
མི་རིགས་ལ་ཞེན་ཅན་གྱི་སྙིང་རུས་དང༌།།
ཕན་ཚུན་མཛའ་བརྩེའི་སློབ་ལ་མཉམ་ཞུགས་ཕྱིར།།
 དབང་མེད་སྨྱུག་གུའི་རྩེ་འཇོའི་གར་ལ་བྲེལ།།

མེས་པོ་དམ་པའི་སྙིང་ནོར་རིག་པའི་གཞུང༌།།
མ་འོངས་བོད་ལྗོངས་གསར་པའི་མདུན་ལམ་ཆེད།།
ཚ་བའི་ཡུལ་དུ་ངལ་བ་ཁྱད་བསད་དེ།།
ཛ་དྲག་ཐང་ལྷོད་མེད་པར་སྦྱང་བར་གཅེས།།

ཧ་ཅང་གཉེན་འཕྲང་ཅན་གྱི་དུས་ཚོད་འདིར།།
རིགས་དང་ལང་ཚོ་རྫོགས་པའི་བོད་ཕྲུག་འགའ།།
འཁྱམས་ཉུལ་མི་ཚེ་རྫོགས་པའི་ཚུལ་མཐོང་ཚེ།།
ཉམ་ཆུང་ང་ཡང་མཚམས་རེ་སེམས་པ་སྐྱོ།།

མཛེས་པའི་གཏམ་དང་སྙན་མོའི་སྡེབ་སྦྱོར་མེད།།
ཟབ་མོ་དོན་གྱི་བརྗོད་བྱའི་དབུལ་ན་ཡང༌།།
རང་གི་སེམས་ལ་གང་ཤར་བཀོད་པ་ལས།།
ཟོག་པོའི་ཚུལ་ཆོས་རང་གཤིས་བདག་ལ་མེད།།

དེ་ཕྱིར་འདི་ལ་ནོངས་པའི་ཚོགས་མཆིས་ན།།
བྱམས་བརྩེའི་པིར་གྱི་རྩེ་མོ་ལས་འོང་བའི།།
བློ་གྲོས་འཕྲུལ་གྱིས་བསྐྲུན་པའི་ཡི་གེའི་གཟུགས།།
དཀར་གཙང་ཤོག་བུའི་ངོས་སུ་འབེབས་པ་འཚལ།།

རྩོམ་ཡིག་འདི་ནི་སྨྱུག་གྲོགས་མཛེས་མ་ཞིག་ཡོད་པ་དེས་གུས་པར་བཏང་བ་ཞིག་རེད།


No comments:

Post a Comment